Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཤག་གོར་གོར་མ།

Posted on 2011-09-132011-09-13 By ཁ་བརྡ་ 20 Comments on བཀའ་ཤག་གོར་གོར་མ།

འདྲེ་མགོ་རྡོ་ནས།
འདི་ནས་མར་བརྩིས་ཀྱི་ཉི་མ་གསུམ་གྱི་རྗེས་སུ།།
སྐུ་ཞབས་བློ་སེང་གི་བཀའ་ཤག་གོར་སེ་འགྲུབ་རྒྱུར།།
གྲོས་ཚོགས་རྭ་བ་ནས་གླེང་སློང་བྱེད་རྒྱུ་བསམས་ན།།
ཡ་ཆུང་སེམས་པ་འདི་བྲེད་ཤའི་གཡང་ལ་ལྷུངས་འགྲོ།

རྒན་གཞོན་བུད་མེད་དང་བཅས་པའི་སྲིད་སྐྱོང་ཚང་ལ།།
རྣོ་ངར་འཇམ་རྩུབ་ཀྱི་དུམ་གཅོད་སོ་ཁ་རྫོགས་ཕྱིར།།
ལོ་ཆུང་བློ་སེང་གི་རིག་པ་སྒྲིམ་ནོ་བཙོག་དུས།།
ཟུར་གསུམ་ཟུར་ཁ་ནས་མི་འགྱེལ་རང་འགྱེལ་ལོས་ཡིན།།

ལོ་རབས་བརྒྱད་བཅུ་ཡི་ཡན་དང་མན་ཆད་གླེང་བས།།
མི་རབས་གསར་རྙིང་གི་དོགས་པ་ཁྲོམ་བསྒྲགས་བྱས་པས།།
གསར་འབྱོར་རྙིང་འབྱོར་གྱི་དགོངས་ཚུལ་རྒྱུད་ན་ཡོད་པས།།
མི་རྗེ་བཀྲས་མཐོང་གན་བཀའ་ཡི་བློན་པོར་གྱུར་ཅིག།

མི་རིགས་དར་རྒུད་ཀྱི་སོ་མཚམས་དོགས་མོ་འདི་ནས།།
སྐུ་ཞབས་བློ་སེང་གི་གཞོན་སྙིང་ལྷོག་ལྷོག་ལྡིང་ནས།།
བྱས་པ་གཟབ་ནན་གྱི་སྒམ་པོའི་བརྗིད་ཉམས་མེད་ཚེ།།
རྒན་རབས་འདི་ཚོ་ཡི་ཞལ་ཁ་བཙུམས་ས་མ་རེད།།
ཁྱིམ་བརྒྱུད་གྲགས་ཅན་གྱི་ལྷ་ལྕམ་སྐུ་ཞབས་རེ་འགས།།
ལྟོས་ལྟོས་རིག་རིག་ལ་བཀའ་བློན་ཁྲི་ལ་འཁོད་རྒྱུར།།
ལས་ཀ་ཅམ་འཇོག་གིས་རེ་སྒུག་འཇིགས་སྐུལ་འཐེན་དུས།།
སྐུ་ཞབས་བློ་སེང་གི་ཞལ་ལ་གཉེར་མ་ལོས་འཁོར།།

གྲོས་ཚོགས་སྡོམ་དྲ་ཡི་དྲ་ཐག་འཐག་མཁན་རྣམ་པས།།
གང་བྱུང་མང་བྱུང་ཅིག་ཐར་བ་གཏོང་དུ་མེད་ཁར།།
ཕྱོགས་དང་རིས་གཅོད་ཀྱི་དར་ཆ་སྔར་བཞིན་འཕྱར་དུས།།
སྐུ་ཞབས་བློ་སེང་འདིའི་དབུ་འང་དམར་པོ་ལོས་ཆགས།།

རྩ་བ་ཆགས་བརྟན་གྱི་ལས་བྱེད་དཔུང་གི་སྡེ་ནས།།
སྤྱང་གྲུང་ཀུན་འཛོམས་ཀྱི་དྲུང་ཆེའི་སྲིད་འཁོར་བར་ནས།།
བཀའ་ཡི་བློན་པོ་ཚོ་ཅི་བྱ་གཏོལ་མེད་གྱུར་ན།།
སྐུ་ཞབས་བློ་སེང་གན་ཨ་རིར་བྲོས་ནས་ལོས་འགྲོ།

མདོ་དབུས་ཁམས་གསུམ་གྱི་མི་རེ་བསྐོ་རྒྱུ་ཡིན་ཡང་།།
རྒད་པོ་རྒོད་པོ་ཚོར་བརྗེ་རེས་ལུགས་སྲོལ་མེད་པས།།
དབང་ཆ་ཤི་སྒུག་ལ་བསྲེས་པས་འགྲོ་སྟངས་འདི་ཡིས།།
ད་ནི་ཧྲག་ཧྲག་ཅིག་གང་ན་ཡོད་ཚོད་མི་འདུག།

བླ་ཆེན་སྐྱབས་མགོན་ཚོས་དུམ་བུར་དབང་དུ་བྱས་པས།།
ཁོང་ཚོའི་ཐུགས་འདོད་འདི་སྲིད་ཀྱི་མ་རྩ་ཡིན་པས།།
སྐུ་ཞབས་བློ་སེང་གིས་རྙོག་འཛིང་གྲོག་རོང་ནང་ནས།།
བཀའ་བློན་སུ་འདྲ་ཞིག་ཁྲིད་ནས་ཨེ་ཐོན་ལྟོས་ཡོད།།

ཉམས་ཆུང་ཁྱིམ་ཚང་གི་བུ་རུ་སྐྱེས་པ་ཡིན་ན།།
མང་གཙོའི་ལམ་ལུགས་ལ་མྱོང་བ་ཐོན་པ་ཡིན་ན།།
བརྒྱུད་པ་གྲགས་ཅན་ཚོ་འཁོར་དུ་བསྡུ་རྒྱུ་བཞག་ནས།།
དམངས་ཀྱི་བཀའ་ཤག་ཅིག་སྟོབས་ཀྱིས་བཞེངས་ན་ལོས་ཆོག།

༧མགོན་སྐྱབས་ཟླ་མེད་གང་གསེར་ཞལ་ལྷམ་མེར་བཞུགས་དུས།།
ལས་དོན་རེ་འགའ་ལ་སྙིང་སྟོབས་ལག་པར་བླངས་ན།།
བོད་ཀྱི་ལོ་རྒྱུས་ལ་བྲིས་པའི་བློ་བཟང་སེང་གེ།།
མི་རབས་རྗེས་མ་ཚོའི་མིག་དུ་ལྷམ་མེར་ལོས་འཆར།།

ལྟོས་ན་ཆུང་ཆུང་གི་བོད་པའི་སྤྱི་ཚོགས་འདི་གོ།
འགྲིམས་ན་མགོ་རྙོག་གི་སྨུག་སྤྲིན་འཐིབས་ནས་ཡོད་པས།།
བླ་ཆེན་དཔོན་ཆེན་ཚོའི་ཐུགས་དང་འགལ་བར་གྱུར་ན།།
སྐུ་ཞབས་བློ་སེང་གི་འབངས་མི་འཐོར་ནས་ལོས་འགྲོ།
༢༠༡༡། ༩། ༡༣། ཉིན།

སྙན་ངག

Post navigation

Previous Post: བོད་པ་ཚང་གི་གོད་ཆག་ལས་འཕྲོས་པའི་ན་ཟུག་ཅིག
Next Post: ཧ་ཅང་བཟི་བའི་ང་དང་ཁོ་མོ། ད་དུང་ངའི་མི་ཚེ་ཡི་ལེའུ།

Comments (20) on “བཀའ་ཤག་གོར་གོར་མ།”

  1. ཨ་ར་དཀར་པོ says:
    2011-09-13 at 4:32 pm

    ཐུབ་བསྟན་ལུང་རིག་དང་རྒྱ་རི་སྒྲོལ་མ་རྣམ་གཉིས།།
    བདམས་ན་བློ་སེང་ལ་གཅིག་གོ་གཉིས་ཆོད་ཆགས་ཡོད།།
    མི་རྒན་བཀྲས་མཐོང་དང་ཨ་ར་དཀར་པོ་རྣམ་གཉིས།།
    བདམས་ཀྱང་བློ་སེང་གི་་འོག་ལ་སྡོད་འདོད་མེད་དོ།།

  2. ལ་རྒྱའི་བདག་པོ། says:
    2011-09-13 at 6:00 pm

    ཐུབ་བསྟན་ལུང་རིགས་ལགས་བཀའ་བློན་ཐེངས་གཉིས་གནང་ཟིན་པས་ཡང་བསྐྱར་འདེམས་རྒྱུར་བཅའ་ཁྲིམས་ཀྱི་རྒྱ་ལས་བརྒལ་ཡོད་པས་རྨི་ལམ་མ་གཏོང་།
    རྒྱ་རི་སྒྲོལ་མས་རེ་བ་ཆེན་པོ་གནང་གི་ཡོད་ས་རེད།ཁོང་གི་ཡ་མེད་བྱས་པའི་ཚོང་དེ་ལམ་འགྲོ་རྒྱུགས་མིན་ཉིན་རྗེས་ཤེས་ངེས་རེད།
    བཀྲས་མཐོང་མཆོག་དང་བཀྲིས་དབང་བདུད་གཉིས་ཕལ་ཆེར་བསྐོ་མི་སྲིད།
    ད་དུང་མུ་མཐུད་བསམ་ཚུལ་བརྗོད་དང་།
    རྗེས་སུ་མཇལ་ཡོང་།

  3. གངས་སྨྱུག says:
    2011-09-13 at 6:04 pm

    བཀའ་ཤག་གོར་གོར་རྩོམ་འདི་གོར་གོར་རེད། །གོར་གོར་རིགས་ལ་དྲང་པོ་སྲོང་ན་ལེགས། །ལུར་གུར་གུར་ན་ཚ་བཅོས་ན་ལེགས། །སེམས་གུར་གུར་ཚོགས་གཉིས་གསོག་ན་ལེགས། །

  4. ལ་སྟོད་བུ། says:
    2011-09-13 at 6:31 pm

    བཀའ་ཤག་གོར་གོར་མ་ཡིན་ཟུར་གསུམ་ཡིན།
    ཟུར་གསུམ་ཆོལ་ཁའི་མི་སྣ་འདེམས་ཅེས་བཤད།
    ཟུར་གསུམ་དབྱིབས་འདི་དྲག་པོའི་ལས་ཀྱི་རྟགས།
    ཕ་རོལ་བསྒྲལ་བའི་ཞིང་བཅུ་སྒྲོལ་ཅེས་བཤད།

    དྲག་པོའི་ལྷ་ཚོགས་མཐུ་རྟགས་མ་ཐོན་པར།
    མཐུ་བྱད་བཏབས་ན་མཐུ་གཏད་རང་ལ་འཁོར།
    དེ་ཕྱིར་མཐུ་ལ་གཟབ་གཟབ་མ་བྱེད་ན།
    ཟུར་གསུམ་ཕུར་པས་རང་སྲོག་གཅོད་ཉེན་ཆེ།

    ཨ་ལགས་རྩེད་མཚར་གྱི་ཚུལ་དུ་ཞུས།
    གོར་གོར་མ་ཡིན་གྲུ་བཞི་ལེབ་མོ་ཡིན་པར་ཤོག

  5. གངས་སྨྱུག says:
    2011-09-13 at 6:36 pm

    ལུར་ཞེས་པ་་་་་་་་་་་ལུས་ལ་བཅོས།

  6. ཨ་ར་དཀར་པོ says:
    2011-09-13 at 6:42 pm

    བློ་སེང་གི་དགོངས་དོན་ལྟར་བཀའ་བློན་གསར་རྙིང་གཉིས། ཆོལ་ཁ་གསུམ། བུད་མེད། གསར་འབྱོར་རྙིང་འབྱོར་ཚང་མ་ཚང་བར་རྒྱ་རི་སྒྲོལ་མ་གཅིག་ལ་བསྐོས་ན་བུད་མེད་དང་མདོ་སྟོད་ད་དུང་བཀའ་བློན་གསར་པ་ཡིན་པས་གོ་སུམ་ཆོད་རེད། མདོ་སྨད་ཚང་གི་སུ་འོང་སྲིད་དམ། ཐུབ་བསྟན་ལུང་རིག་ལོ་ཡོལ་ཚར་ཡོད་ན་རོང་ཆེན་ཀིརྟི་སྐྱབས་མགོན་ཆོས་དོན་བཀའ་བློན་ལ་བསྐོས་ན་གང་འདྲ་འདུག དེ་མིན་མདོ་སྨད་ཚང་ལ་ད་སུ་ཡོད་ན།

  7. སྐྱུ་རྩི་ནས། says:
    2011-09-14 at 1:21 am

    བཀའ་ཤག་གོར་གོར་མ་ལ་ཟུར་གསུམ་ཡོད།
    ཟུར་ལ་དང་པོ་དབུས་གཙང་ཆོལ་ཁ་དང་།
    ཟུར་ལ་གཉིས་པ་མདོ་སྟོད་ཆོལ་ཁ་ཡོད།
    ཟུར་ལ་གསུམ་པ་མདོ་སྟད་ཆོལ་ཁ་ཡོད།
    ཟུར་གསུམ་འོག་ནས་གཅིག་སྒྲིལ་ཡོང་བར་དཀའ།
    བཀའ་ཤག་གོར་གོར་མ་ལ་ཟུར་ལྔ་ཡོད།
    ཟུར་ལ་དང་པོ་གཡུང་དྲུང་བོན་པོ་དང་།
    ཟུར་ལ་གཉིས་པ་སྔ་འགྱུར་རྙིང་མ་དང་།
    ཟུར་ལ་གསུམ་པ་དཔལ་ལྡན་ས་སྐྱ་དང་།
    ཟུར་ལ་བཞི་པ་མཉམ་མེད་བཀའ་རྒྱུད་པ།
    ཟུར་ལ་ལྔ་པ་རི་བོ་དགེ་ལྡན་པ།
    ཟར་ཟུར་མང་བའི་པུར་རྒྱལ་བོད་ལྗོངས་འདི།
    ཟུར་མེད་ཕ་སྤུན་ལྟ་བུའི་བརྩེ་གདུང་གིས།
    གཅིག་སྒྲིལ་དར་དཀར་གཅིག་གིས་ཁྱབ་གྱུར་ན།
    ད་ཟོད་རང་དབང་ཐོབ་པར་ཐག་མི་རིང་།
    རྒྱ་རི་སྒྲོལ་མ་ནང་སྲིད་བཀའ་བློན་དང་།
    འབྲོང་ཆུང་དངོས་གྲུབ་བདེ་སྲུང་བློན་པོ་དང་།
    རྔ་བ་ཚེ་རྒྱལ་ཤེས་རིག་བློན་ཆེན་དང་།
    དགའ་ལྡན་བག་གྲོ་ཡིག་སྐྱེལ་ཕོ་ཉ་དང་།
    བུ་ཆུང་ཚེ་རིང་ཕྱི་སྲིད་བློན་པོ་དང་།
    པདྨ་བདེ་ལེགས་དཔལ་འབྱོར་བློན་པོ་དང་།
    སྐལ་ལྡན་བློ་གྲོས་དྲིལ་བསྒྲགས་བཀའ་བློན་དང་།
    ཚེ་རིང་ཕུན་ཚོགས་ཆོས་རིག་བློན་ཆེན་དུ།
    བསྐོ་ཡོང་བསམ་པའི་སྐྱུ་རྩིའི་བསམ་ཚུལ་ཡིན།
    རྣམ་དཔྱོད་མེས་པོའི་དཔལ་ལ་འགྲན་བཟོད་པ།
    གནའ་དེང་རིག་གནས་རྣམ་སྲས་བང་མཛོད་ཅན།
    མི་རབས་གསར་པའི་དཔུང་འདྲེན་གང་སེང་ཁྱོད།
    མཛད་འཕྲིན་གོ་ལའི་རྩེ་མོར་རྒྱས་པར་ཤོག

  8. འདྲེ་མགོ་རྡོ། says:
    2011-09-14 at 3:27 am

    དྲ་གྲོགས་རྣམ་པ་རུབ་ནས་སླེབས་པ་དགའ།།
    མུ་མཐུད་གཏམ་གྱི་རྗེས་མ་ག་ལེར་ཕྲིས།།

  9. འདྲེ་མགོ་རྡོ། says:
    2011-09-14 at 3:51 am

    རྔ་བ་ཚེ་རྒྱམ་གྱིས་དྲུང་ཆེ་བློས་བཏང་ནས།།
    གངས་སྐྱིད་བཀའ་བློན་ལ་འཁོར་དོགས་ཡེ་ནས་མེད།།
    རྒྱ་རི་སྒྲོལ་མ་གན་ལོ་ངོ་ཉི་ཤུའི་རིང་།།
    ནུས་བ་གང་ཡག་རྣམས་བཏོན་ནས་ཚར་འདུག་པས།།
    རྙིང་པ་བསྐྱར་བསྐོར་གྱིས་དགོས་དོན་གང་ནས་འགྲུབ།།
    ཐུབ་བསྟན་ལུང་རིགས་ལགས་ཟམ་གདོང་བཀའ་ཤག་གི།
    བློན་ཆེན་བརྟན་པོ་ཞིག་ཡིན་པས་ལོ་ངོ་བཅུ།།
    བཙུན་པ་ཟམ་གདོང་གི་ཤུགས་ཀྱིས་ཁྱེར་དྲགས་ནས།།
    རང་ངོས་རང་ནུས་ཞིག་འདོན་ཐུབ་ཨེ་ཡོད་བསམས།།
    ད་ལྟ་བཀའ་བློན་གྱི་ཉམས་མྱོང་རྒན་པོ་རུ།།
    བཞག་ནས་ཕྱོགས་ཡོངས་ཀྱི་སློབ་སྟོན་ཞུས་པ་ན།།
    མི་རྗེ་ཁོ་རང་ལ་རེ་བ་ཡོད་དེ་འདུག།
    འབྲོང་ཆུང་དངོས་གྲུབ་གན་ད་ནས་རང་འགྲུབ་རེད།།
    དེ་ལ་སུ་ཕྱོགས་ནས་འཁོན་མེད་དོགས་མེད་རེད།།
    སྤྱི་བའི་བུ་རྒོད་ཅིག་ཆགས་པའི་འབྲོང་ཆུང་འདི།།
    བོད་ཀྱི་གཡག་རྒོད་ཅིག་དངོས་གནས་ཡིན་ཚོད་གདའ།།

  10. ལ་རྒྱའི་བདག་པོ། says:
    2011-09-14 at 5:22 am

    ཀྱེ་མ་གསོན་དང་དྲ་གྲོགས་བློ་ལྡན་ཚོ།།
    བསམ་བློ་ཐོངས་དང་ཕྱག་རོགས་བཀའ་བློན་སྐོར།།
    གང་བསྐོ་སུ་འདེམས་མངོན་ཤེས་ཤོད་རན་འདུག།
    མངོན་ཤེས་མེད་ན་རིགས་པས་བསྒྲུབ་རན་པས།།
    དྲུག་གསུམ་བཅོ་བརྒྱད་བསམ་བློ་བཏང་བཏང་།།
    བཀའ་ཡི་བློན་པོ་ག་བཏང་གོ་ཆོད་དུ།།

    ༡༽འབྲོང་ཆུང་དངོས་གྲུབ་རང་ཚུགས་བརྟན་པ་ཡིས།།
    བདེ་སྲུང་བཀའ་བློན་རང་འཇགས་གནས་ངེས་ཡིན།།

    ༢༽ཚེ་རིང་དོན་གྲུབ་འཛིན་སྐྱོང་དོ་ནན་པས།།
    ནང་སྲིད་བཀའ་བློན་རང་འཇགས་བསྐོ་ངེས་ཡིན།།

    ༣༽ཀརྨ་དགེ་ལེགས་ཤེས་རིག་མྱོང་ཆེ་བས།།
    ཤེས་རིག་བཀའ་བློན་བསྐོ་རྒྱུར་འོས་ཤིང་འཚམས།།

    ༤༽རོང་པོ་བློ་སྙན་ནང་བསྟན་དར་སྤེལ་སླད།།
    ཆོས་རིག་བཀའ་བློན་བསྐོ་རྒྱུར་ཐེ་ཚོམ་མེད།

    ༥༽དཀོན་མཆོག་བརྩོན་འགྲུས་འཆར་འགོད་ཆེེད་ལས་པས།།
    དཔལ་འབྱོར་བཀའ་བློན་བསྐོས་ན་དེ་དོན་བསྒྲུབས།།

    ༦༽ཚེ་བརྟན་དབང་ཕྱུག་མིག་རྒྱང་རིང་བ་ཡིས།།
    ཕྱི་དྲིལ་བཀའ་བློན་བསྐོས་ན་དེ་བས་འཚམས།།

    ༧༽འཕེལ་རྒྱས་སྒྲོལ་མཚོ་སྤྱི་ཚོགས་ཞབས་ཞུ་མང་།།
    འཕྲོས་བསྟེན་བཀའ་བློན་བསྐོས་ན་དམངས་ལ་ཕན།།

    རྒྱ་རི་སྒྲོལ་མ་དབུ་དཀར་གཡུ་སྒྲོན་སོགས།།
    བུད་མེད་བཀའ་བློན་བསྐོ་ཡང་མི་དམན་ཙམ།།

    སྨོན་ལམ་མཐར་ཕྱིན་བཀའ་བློན་འོས་བསམས་ཀྱང་།།
    བར་སྐབས་ཤིག་ནས་འགྱུར་ཁ་རྐྱེན་པོ་བྱས།།

    པད་མ་ཆོས་འབྱོར་བཀའ་བློན་རེ་ཆེ་ཡང་།།
    སྐུ་ཕྱྭའི་སྐོར་ལ་རྙོག་གླེང་མང་པོ་ཡོད།།

    མདོ་སྨད་ཕྱོགས་ཀྱི་བཀའ་བློན་ཉག་ཕྲ་ཡང་།།
    ལྔ་པ་ཚེ་རྒྱམ་ཨ་སྐྱ་བླ་མ་ཡིས།།
    བཀའ་བློན་འོས་ཀྱང་དགོངས་ཞུ་བྱས་ཚུས་ཐོས།།

  11. འདྲེ་མགོ་རྡོ། says:
    2011-09-14 at 6:06 am

    ཀརྨ་དགེ་ལེགས་ཤེས་རིག་མྱོང་ཆེ་བ།།
    ལ་རྒྱའི་བདག་པོ་ཤར་བས་རང་སྣང་ལས།།
    ཀུན་ལ་མཐུན་སྣང་གྲུབ་པའི་མངོན་རྟགས་མིན།།
    འཕེལ་རྒྱས་སྒྲོལ་མཚོ་བློ་སེང་སེམས་ཤོར་ཡིན།།
    འཛིན་སྐྱོང་ནང་དུ་ཡིད་མཐུན་ཡོད་གྱུར་ན།།
    འདི་གཉིས་གང་བྱེད་གནམ་གྱི་ལག་ཏུ་འཇོག།
    དེ་མིན་བསམ་ཚུལ་ཅུང་ཙམ་དོན་ལ་གནས།།
    ཡང་ཡང་སྨྲས་དང་ལ་རྒྱའི་བདག་པོ་ལགས།།

  12. ལྷག་པ། says:
    2011-09-14 at 9:53 am

    ན་མོ། བླ་མ་འཕགས་པ་སྤྱན་རས་གཟིགས་དབང་ཕྱུག་ལ་ཕྱག་འཚལ་ལོ། དེ་ནས་ཉོན་དང་དྲྭ་གྲོགས་རྣམ་པ་ཚོ།། ཨ་དཀར་ལ་བདག་གངས་སྨྱུག་ལ་བུ་དང་།། སྐྱུར་རྩིས་བཅས་ནས་རྨོངས་རྨོངས་ཚོད་ཚོད་ཀྱིས།། མི་ལ་འདྲེ་ཡི་མིང་ཅན་རྟོགས་དཔྱོད་ཅན།། གཙང་པ་འདྲེ་ཕྲུག་གཉིས་པ་གང་དེ་ཡི།། ཚོད་དཔགས་ཚིགས་སུ་སྡེབས་པའི་སྦྱོར་ལེགས་པོར།། མཆན་བུ་འདེབས་པའི་ངལ་བ་བསྟེན་པར་མཐོང་།། ལ་བདག་ཆབ་སྲིད་རྒྱུས་མངའ་ཞན་པ་ཡིས།། ཐུབ་བསྟན་ལུང་རིག་གཉིད་ལམ་མ་གཏོང་ཟེར།། ཐུབ་བསྟན་ལུང་རིག་ཟེར་བའི་མི་རྒན་དེ།། མགོ་བདེ་སྤྲུལ་ལག་བཅོ་བརྒྱད་ཚང་ནས་ཡོད།། ཁོ་ཡི་བཅའ་ཁྲིམས་རྭ་བ་སྟོར་ངེས་ཡིན།། ལ་བུ་དྲན་འཕྲུལ་ཅན་དེས་བཤད་རྒྱུ་ལ།། ཟུར་གསུམ་དབྱིབས་དེ་དྲག་པོ་ལས་ཀྱི་རྟགས།། ཕ་རོལ་བསྒྲལ་བའི་ཞིང་བཅུ་སྒྲོལ་ཞེས་བཤད།། ཅེས་པའི་གཏམ་དེ་ཕྱི་རྫིག་ནང་སྟོང་རེད།། གཏམ་དེ་གཞོན་ནུ་ཚོགས་པར་དགོས་པ་ལས།། མི་རྒན་ཤེས་མྱོང་ཅན་ལ་དགོས་པ་མེད།། གནའ་ནས་ད་ལྟའི་བར་གྱི་ལོ་རྒྱུས་ལ།། ཕ་རོལ་བསྒྲལ་ལས་ནང་ཁུལ་བསྒྲལ་བ་མང་།། ད་དུང་ནང་ཁུལ་སྒྲོལ་ཞིང་སྒྲོལ་ཞིང་མཆིས།། སྐྱུར་རྩི་ཆང་གིས་བཟི་བའི་སྨྱོ་ལབ་ལ།། བཀའ་ཤག་གོར་གོར་མ་ལ་ཟུར་གསུམ་ཡོད།། ཅེས་པའི་སྔ་ཚིག་ཕྱི་ཚིག་འགལ་ལུགས་ལ།། ཟུར་གསུམ་ཡོད་ན་གོར་གོར་ཡིན་པ་འགལ།། གོར་གོར་ཡིན་ན་ཟུར་གསུམ་ཡིན་པ་འགལ།། དེ་འདྲའི་སྨྱོ་ལབ་ཅི་སྟེ་གླེང་འདོད་ན།། མཆུ་ཏོ་སྐམ་པོར་གློག་ཀླད་མདུན་དུ་ཤོག ཉི་མ་སང་དང་གཅིག་དང་གནངས་དང་གཉིས།། གཞེས་ཀྱི་ལྷ་ཉིན་དཀར་པོ་འཆར་བའི་ཉིན།། སྲིད་སྐྱོང་བློ་སེང་མགྲིན་པ་མནངས་བཞིན་དུ།། ནེམ་ནེམ་ནུར་ནུར་ངག་སྒོ་ཕྱེ་མ་བཙུམ།། ལག་ཏུ་ཤོག་བུ་གྲུ་བཞི་བཟུང་བཞིན་དུ།། ཕོ་རྒོད་འབྲོང་ཆུང་མིང་སྨོས་དང་པོར་བྱེད།། དེ་ལ་དགག་བྱ་ནམ་ཡང་འོང་དོན་མེད།། སྒྲོལ་མ་མཚོ་མོར་མིང་སྨོས་གཉིས་པ་བྱེད།། དེ་ནི་འཇོན་ཐང་ཆ་ནས་མ་ཡིན་ཏེ།། འདི་ནས་བརྩིས་པའི་ལོ་འགའི་གོང་རོལ་ནས།། སྲིད་སྐྱོང་སྒྲོལ་མཚོར་དགའ་བའི་གཏམ་རྒྱུད་ཡོད།། སྨོན་ལམ་མཐར་ཕྱིན་གཡུ་དྲུང་རྒྱལ་མཚན་བཅས།། གྲོས་ཚོགས་ར་བའི་མདུན་ལྕོགས་གྲུ་བཞི་ནས།། མཛོག་མགོ་དམར་པོ་བསྒྲེངས་ནས་དགག་བྱ་བྱེད།། སྒྲོལ་མཚོ་བཀའ་བློན་བྱེད་པའི་རེ་བ་བྲལ།། རང་ཚུགས་མེད་པའི་དབུས་གཙང་སྤྱི་འཐུས་འགའ།། ལྐོག་ལམ་ལྡིར་ལྡིར་ངང་དུ་ཧད་དེ་ལུས།། རྒྱ་རི་སྒྲོལ་མ་ཀརྨ་དགེ་ལེགས་དང་།། ཚེ་རིང་དོན་གྲུབ་འཆར་འགོད་བཙུན་འགྲུས་བཅས།། སྒྲུབ་བྱ་ལས་ནི་དགག་བྱ་ཉུང་བ་ཡིས།། བཀའ་བློན་ཐོབ་པའི་རེ་བ་ཧ་ཅང་ཆེ།། སྙིང་པོ་དོན་གྱི་བཤད་ན་འདི་ལྟར་ཏེ།། མང་བཀུར་སྲིད་སྐྱོང་བློ་བཟང་སེང་གེ་ལགས།། མི་རབས་གསར་རྙིང་དབྱེ་བ་ཁྱོད་ཀྱིས་ཕྱེ།། ཕལ་དང་སྐུ་དྲག་དབྱེ་བ་ཁྱོད་ཀྱིས་ཕྱེ།། ལྐོག་ཏུ་ཆོལ་ཁའི་དབྱེ་བ་ཁྱོད་ཀྱིས་ཕྱེ།། གཏམ་གཏམ་བྱུག་བྱུག་ཁྱོད་ཀྱིས་ཞལ་ནས་གསུངས།། ཚང་མ་བསྒྲུབ་རྒྱུ་ཡོད་པ་ཁྱོད་ཀྱིས་གསུངས།། བོད་ལ་ལོག་རྒྱུ་ཡོད་པ་ཁྱོད་ཀྱིས་གསུངས།། དེ་འདྲའི་ངང་ནས་ཁྱོད་ལ་འོས་ཤོག་ཐོབ།། ཕལ་པའི་བུ་རྒོད་ཡིན་མིན་ང་ཚོས་བལྟ།། སྤྲེལ་ལད་བྱེད་རྒྱུར་དགའ་མིན་ང་ཚོས་བལྟ།། ཐམས་ཅད་བསྒྲུབ་རྒྱུ་ཡོད་མིན་ང་ཚོས་བལྟ།། ཞལ་དང་ལག་ལེན་མཐུན་མིན་ང་ཚོས་བལྟ།། ཨ་མའི་བུ་ཕྲུག་བློ་བཟང་སེང་གེ་ཁྱོད།། ཁ་དང་ལག་ལེན་མཐུན་པའི་བཀྲ་ཤིས་ཤོག

  13. འདྲེ་མགོ་རྡོ། says:
    2011-09-14 at 10:28 am

    རྒྱལ་མཆོག་གང་དེ་བོད་དུ་གདན་འདྲེན་གྱི།། ཚིག་འདི་འགོ་དང་རྐུབ་ལ་སྦྱོར་མཁས་པས།། བློ་བཟང་སེང་གེའི་ཆབ་སྲིད་མཚོ་མོ་ལ།། ཉ་མོ་མི་དགོས་སྦལ་བས་བསྐོར་ཚོར་གདའ།།

    ཕག་དང་ལྐོག་ནས་བུད་མེད་བསྟེན་རྒྱུ་ལ།། རིན་ཆེན་མི་གཤིས་མེད་པའི་གོམས་ལོབ་དེས།། སྒྲོལ་མཚོ་ཡེ་སྒྲོལ་གང་རུང་བཀའ་ཤག་ཏུ།། སྐོང་ཚེ་དེ་ནི་ཆགས་སྲེད་སྣ་དགུའི་རྒྱུ།།

    འཇུ་ཆེན་འདས་པོའི་བུ་མོ་དཀོན་མཆོག་ལ།། ལྟོས་ཚེ་སྒམ་པོའི་རང་ཚུགས་རྫོགས་ནའང་།། ཕྱོགས་ཞེན་དུག་གི་རླངས་པ་མ་ཡལ་བས།། མྱི་ཁའི་གཏམ་གྱིས་ཁྲི་ལ་འཁོད་ཐུབ་མེད།།

    མཛེས་མ་རྒན་མོ་ཁ་ཡག་རྒྱ་རི་མ།། ཟུར་གསུམ་ཟུར་ཁའི་གྲས་སུ་བརྩི་ནའང་།། བཤང་ལམ་ཆེ་ལ་བསྣུན་རྒྱུ་ཟིན་པ་ལྟར།། རྒན་མོ་བསྐྱར་འཁོར་བྱེད་ལ་གསར་གཏོད་མེད།།

    འབྲོང་ཆུང་དངོས་གྲུབ་ཀུན་གྱི་བློ་འབབ་དེ།། སྤྱི་འཐུས་སེར་མོ་རེ་འགས་སྡིག་མཛུབ་ཀྱིས།། ཡར་མར་གང་དུ་གཡུག་ཚོད་མ་ངེས་པས།། ད་ནས་ཐག་གིས་གཅོད་རྒྱུ་ཞེད་སྣང་འདུག།

    སྤྱི་བའི་གྲོས་ར་བསྒྱུར་བའི་འཐུས་མི་ཚོ།། སྒྲོལ་མཚོའི་དྲིན་ལས་ངོ་གདོང་ཕྱིར་བཏོན་པ།། ད་ནི་གསར་འཐུས་རེ་ཅན་སླེབས་པ་དེས།། ཕྱོགས་ཞེན་དུག་སྡོང་བསྐྱར་དུ་འཛུགས་དོགས་མེད།།

    ཐུབ་བསྟན་ཆོས་སྲིད་ལུང་རིགས་རྒོད་པ་ཅན།། སྒེར་གྱི་རྣམ་དཔྱོད་ད་དུང་མ་མཐོང་བས།། བཀའ་ཤག་གོར་གོར་མ་ལས་དབང་གྱུར་ན།། གནའ་དེང་ཟུང་གི་ཞགས་རྩི་འཛོམས་སེ་ཡོད།།

    དགེ་བཤེས་སྨོན་ལམ་ཁ་ཤེད་མཁྲེགས་ཤེད་ཅན།། བཙུན་པ་ཟམ་གདོང་ཚང་གིས་གཡུག་དྲགས་ནས།། བྱས་པའི་འབྲས་བུ་དམངས་ཀྱིས་མ་མཐོང་ཡང་།། སྤྱི་འཐུས་ཁྲོད་ནས་ཆོས་སྲིད་འགོ་འཁྱོང་ཡིན།། ཆོས་རིག་བཀའ་བློན་ཐོབ་ཀྱང་གྱོང་འདྲ་མེད།།

    རྒད་པོ་གཡག་ངོ་སྤེན་པ་ཚེ་རིང་དང་།། ལྟོས་ན་བཞིན་བཟང་རྔ་བ་ཚེ་རྒྱམ་གཉིས།། སོ་སོའི་ཁྲི་ལ་བསྡད་ན་ལེགས་ཆེ་བས།། བློ་སེང་འཁོར་དུ་ཡོང་དོགས་བློ་ལ་མེད།།

    གཡུ་ཐོག་ཀར་དགེ་བཙུན་པ་ཟམ་གདོང་དང་།། འདྲ་བའི་ཆ་རེ་མྱངས་ཚེ་རྫོགས་ནའང་།། གཡོ་སྒྱུ་དར་གྱི་འཐག་པ་མ་གོམས་ནས།། ཤེས་རིག་བཀའ་བློན་ཐོབ་ལ་སོམ་ཉི་ཡིན།།

    མི་ཆེན་དཔོན་པོ་འདས་ནས་རྫོགས་ཁ་འདིར།། དཔོན་པོས་གཞོན་པ་སྐྱོང་ལུགས་མེད་དུས་འདིར།། བློ་སེང་བཀའ་ཤག་གོར་སེ་འགྲུབ་རྒྱུ་ལ།། ཡིད་ཁ་ཁེངས་པ་ཡོང་དོགས་མི་འདུག་གོ།

  14. རང་དབང་ལྷ་མོ་ says:
    2011-09-14 at 1:07 pm

    བཀའ་ཁྲི་བློ་བཟང་སེངྒེའི་ཕྱག་རོགས་བཀའ་བློན་རྣམ་པའི་ཕྱོགས་སུ། གུས་མོས་བསམ་ཚུལ་ཞིག་ཞུ་རྒྱུ་ཡིན།

    བདེ་སྲུང་བཀའ་བློན་ནི། འབྲོང་ཆུང་དངོས་གྲུབ་ལགས་ཡིན་པ། བཀའ་ཁྲི་བློ་བཟང་སེངྒེ་ལགས་ཀྱིས་ཡོངས་གྲགས་ཀྱིས་གསུངས་ཚར་བ་ཡིན་དུས། སུས་ཀྱང་འགྱུར་ལྡོག་གཏོང་ཐུབ་རྒྱུ་མ་རེད་དེ། སྤྱི་འཐུས་རྣམ་པའི་ཐུགས་ལ་འབབ་མིན་དཀའ་སེ་རེད་སྙམ།

    ཕྱི་དྲིལ་བཀའ་བློན་ནི། སྤྱི་འཐུས་ཚོགས་གཞོན་ཟུར་པ་རྒྱ་རི་སྒྲོལ་མ་ལགས་ཡིན་ན། དགེ་མཚན་གསུམ་འདུག ༡ འབྲེལ་བ་བྱེད་སྤྱད་ཀྱི་ཆ་རྐྱེན་གཙོ་བོ་སྐད་ཡིག་རང་རྐྱ་འཕེར་བ་ཡོད་པ། ༢ འབྲེལ་བ་ལ་བྱེད་ཕྱོགས་ལ་ཉམས་མྱོང་ཆེན་པོ་ཡོད་པ་མ་ཟད། ཤུགས་རྐྱེན་ཡང་ཆེ་བ། ༣ སྤྱི་ཚོགས་ཀྱི་མདུན་ལ་ཐོན་ནས་ལྷག་བསམ་རྣམ་དག་གིས་ལས་ཀ་ཏག་ཏག་བྱེད་པ་མ་ཟད། གྲུབ་འབྲས་ཡོད་པ། དེ་འདྲ་ཡིན་དུས། སྤྱི་འཐུས་རྣམ་པ་ཡིན་རུང་ཁོང་མོ་ལ་ཆ་རྒྱུས་ཡོད་སྟབས་ཐོབ་རེ་ཆེའོ།།

    ཆོས་རིག་བཀའ་བློན་ནི། དགེ་སྦྱོང་ཟམ་གདོང་བླ་མ་ཡིན་ན། དགེ་མཚན་ཆེན་པོ་ལྔ་འདུག ༡ བོད་ཀྱི་ཆོས་རིག་ལ་ཐུགས་རྒྱུས་ཟབ་ཅིང་ཆོས་བརྒྱུད་ཁག་གི་འགྲོ་སྲོལ་སོགས་ཞིབ་ཕྲ་ཤེས་པ། ཆབ་སྲིད་དང་མ་འབྲེལ་བའི་ཆོས་རིག་རང་གི་ཁྱད་ཡོན་སྐྱེད་སྲིང་ཐུབ་པ། ༢ བཙན་བྱོལ་ནང་གི་གྲྭ་བཙུན་སྔགས་གསུམ་གྱི་དགོན་སྡེ་ཁག་མ་ཟད་བོད་ནང་གི་རིས་སུ་མ་ཆད་པའི་ཆོས་སྡེ་ཁག་གི་གནས་ཚུལ་མཁྱེན་རྟོགས་ཆེ་བ། ༣ ད་ནས་བཟུང་ཆོས་སྲིད་སོ་སོའི་ལམ་གྱི་ཐོག་ཏུ་འགྲོ་དགོས་པ་ཡིན་དུས། ཆོས་དང་རིག་གཞུང་གི་འཛིན་སྐྱོང་སྤེལ་གསུམ་སོགས་ཕྱོགས་གང་ཅིའི་ཐད་ནས་དམིགས་བསལ་བ་ཞིག་ཡིན་པས་ན། དགེ་སྦྱོང་ཟམ་གདོང་བླ་མའི་མཛའ་ཞིག་མེད་པ། ༤ ཆོས་རིག་དེ་དུས་དང་འཛམ་གླིང་གི་འགྲོ་ཕྱོགས་དང་བསྟུན་ནས། ངེས་པར་དུ་འགྲོ་དགོས་པ་ཡིན་དུས། དགེ་སྦྱོང་ཟམ་གདོང་བླ་མར་རྒྱ་གར་དང་རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་མཚན་སྙན་ཡོད་པ། ༥ ལྷག་པར་དུ། དགེ་སྦྱོང་ཟམ་གདོང་བླ་མ་ཡིན་རུང་། ཆོས་དང་རིག་གཞུང་གི་ཐོག་ཏུ་ཕྱག་ལས་གནང་རྒྱུའི་ཐུགས་འདོད་ཆེན་པོ་ཡོད་པར་འདོད། གང་ལགས་ཞེ་ན། ཁོང་གི་སྐུ་ཚེའི་མཛད་རྣམ་གྱི་སྨད་དེ་ཆོས་དང་རིག་གཞུང་གི་ཀློང་ཡངས་སུ་འཐིམས་ན། ཁོང་གི་གཟི་བརྗིད་དང་མཛད་རྗེས་ཆེན་པོ་མ་རེད་དམ།

    ནང་སྲིད་བཀའ་བློན་ནི། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་ཡིན་ན། དགེ་མཚན་ཆེན་པོ་འདུག ༡ བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལྷན་ཁང་བདུན་སོགས་ཀྱིས་གཙོས་འཛིན་སྐྱོང་བྱེད་ཕྱོགས་ལ་ཉམས་མྱོང་ཡོད་པ། ༢ ཨ་རིས་གཙོས་པའི་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ནང་སྲིད་འཛིན་སྐྱོང་བྱེད་སྟངས་ཐད་ལ་མཐོང་ཐོས་མྱོང་གསུམ་གང་འཚམ་ཡོད་པས་ན། བོད་མིའི་ནང་སྲིད་ཀྱི་སྲིད་བྱུས་ཐད་ལ་གསར་གཏོད་ཀྱི་ཆ་གང་ནུས་བྱེད་པ། ༣ ཆོས་བརྒྱུད་ཁག་གི་གྲྭ་བཙུན་སྔགས་གསུམ་གྱི་དགོན་ཁག་དང་གཞིས་ཆགས་རྣམས། དེ་བཞིན་རྒན་དར་གཞོན་གསུམ་གྱི་བོད་མི་རྣམས་ཀྱི་གནས་ཚུལ་ཕལ་ཆེ་བ་མཁྱེན་རྟོགས་ཡོད་སྟབས། ནང་སྲིད་ཀྱི་འཛིན་སྐྱོང་ཁ་ཡོད་ལག་ལེན་དུ་བསྒྱུར་ཐུབ་པ་ཡིན་དུས། དེ་ལུགས་སྤྱི་འཐུས་རྣམ་པས་དགོངས་ཡངས་ཆེན་པོ་བཞེས་རྒྱུ་གལ་ཆེའོ།།

    ཤེས་རིག་བཀའ་བློན་ནི། ཨཀྱཱ་རིན་པོ་ཆེ་ཡིན་ན། དགེ་མཚན་གཉིས་འདུག ༡ སྤྱིར་ན་ཁོང་ལ་བོད་རང་གི་ཤེས་ཡོན་གྱི་ཕྱོགས་སུ་མཁྱེན་རྟོགས་གང་འཚམ་ཡོད་པ་མ་ཟད་སྐད་ཡིག་རིགས་དང་གོ་རྟོགས་ཆེ་བ། ༢ ཁོང་ཉིད་མདོ་སྨད་ཕྱོགས་ནས་ཡིན་པས་ན། བཀའ་ཁྲི་བློ་བཟང་སེངྒེའི་དགོངས་དོན་ཞིག་འགྲུབ་ཡོད་པས་ན། སྤྱི་འཐུས་རྣམ་པས་དགོངས་པ་མི་བཞེས་རང་བཞེས་སུ་རེད་སྙམ།

    དཔལ་འབྱོར་བཀའ་བློན་ཡིན་ན། རང་འཇགས་ཡིན་ན་བཟང་སྙམ་མོ།། དེའི་རྒྱབ་ལྗོངས་ནི། ཁྱེད་རྣམ་པའི་དགོངས་ཚུལ་ཡིན་ན་གང་ཞིག་རེད་དམ།

    འཕྲོད་བསྟེན་བཀའ་བློན་ཡིན་ན། ངས་བསམ་གཞིགས་མང་པོ་ཞིག་བྱས་པ་ཡིན་མོད། ཏག་ཏག་ཅིག་རྙེད་ཀྱིན་མི་འདུག་པས་ན། ཁྱེད་རྣམ་པའི་ངོ་སྤྲོད་རེ་བྱེད་ཐུབ་བམ།

  15. ལ་རྒྱའི་བདག་པོ། says:
    2011-09-14 at 3:34 pm

    དྲ་གྲོགས་རང་དབང་གི་ལྷ་མོ་ལགས་ཀྱི་བསམ་ཕོད་པ་དེར་ཡི་རངས་ཞུ།ཡིན་ནའང་ཁྱེད་རང་གི་ཕྱག་རོགས་བཀའ་བློན་བསྐོ་ཕྱོགས་ཐད་གལ་ཆེའི་རྩ་དོན་ཁ་ཤས་ལ་དོ་གལ་མ་གནང་བས་ཁྱེད་ཀྱི་དགོངས་ཚུལ་མང་པོ་ཞིག་ནུས་མེད་དུ་སོང་འདུག

    ༡༽བཀའ་བློན་བུ་མོ་རྒན་གཞོན་སུ་འདྲ་ཞིག་བསྐོ་ཡང་བཅའ་ཁྲིམས་ནང་གསལ་གྱི་ཆ་རྐྱེན་དང་མཐུན་དགོས་པས་ཟམ་གདོང་བླ་མ་བཀའ་བློན་བསྐོ་རྒྱུར་བཅའ་ཁྲིམས་ནས་ཁས་ལེན་བྱེད་ཀྱི་མ་རེད།

    ༢༽ཕྱག་རོགས་བཀའ་བློན་རྣམས་བཀའ་ཁྲིས་འོས་སྦྱོར་ཞུས་ནས་མཐའ་མ་གྲོས་ཚོགས་ནས་གཏན་འབེབས་གནང་གི་ཡོད་སྟབས་དང་ཐོག་བཀའ་ཁྲི་མཆོག་གིས་ཕྱག་རོགས་བཀའ་བློན་ཐད་ཀྱི་ལྟ་གྲུབ་དང་ལངས་ཕྱོགས་དེར་དོ་སྣང་བྱ་རྒྱུ་གལ་ཆེན་པོ་རེད།

    ༣༽ཨཀྱཱ་རིན་པོ་ཆེ་མདོ་སྨད་ཕྱོགས་ཀྱི་བཀའ་བློན་འོས་སྦྱོར་ཞུས་ཁོངས་སུ་ཡོད་ཀྱང་ཁོང་གིས་དགོངས་ཞུ་བྱས་པའང་གསལ་པོ་རེད།

    ༤༽བཀྲས་མཐོང་བཀའ་བློན་ལ་བསྐོས་ན་ཁོང་གི་འཇོན་ཐང་དང་།ནུས་པ།ཤུགས་རྐྱེན་སོགས་ཕྱོགས་གང་ཅི་ནས་ད་ལྟའི་བཀའ་ཁྲི་བློ་བཟང་སེང་གེ་ལས་ཆེ་བ་ཡོད་སྟབས་མི་སུ་ཡིན་ཡང་དེ་འདྲའི་གླེན་རྟགས་བྱེད་མི་སྲིད་པས་ཁོང་བསྐོ་མི་སྲིད་པ་ཞིག་རེད།

  16. སྐྱུ་རྩི་ནས། says:
    2011-09-15 at 12:16 am

    བཀའ་ཤག་སྒོར་སྒོར་མིན་པའི་སྒྲུབ་བྱེད་དུ།
    ཟུར་གསུམ་ཡོད་པ་སྐྱུ་རྩིས་བསྒྲུབས་ནས་ཡོད།
    དྲ་གྲོགས་ལྷག་པ་ཅ་ཅོ་མ་མང་བར།
    རང་འཁྲིའི་ལས་ལ་རོལ་ན་ལེགས་པར་སེམས།
    གོང་དུ་དྲ་གྲོགས་དུ་མའི་བསམ་ཚུལ་རྣམས།
    རང་གི་རྣམ་དཔྱོད་རྩལ་ལས་འཁྲུངས་ལགས་ན།
    འགྲིག་པ་གཅིག་དང་མ་འགྲིག་གཉིས་ཞེས་པ།
    དོན་མེད་ཚིག་ཚུབ་སྨྲ་བའི་གནས་མ་ཡིན།

  17. ལྷག་པ། says:
    2011-09-15 at 5:57 am

    མཚན་མོ་འོད་གསལ་ངང་དུ་ཉལ་བའི་སྐབས།།
    ནམ་གྱི་ཐོ་རེངས་དང་པོ་འཆར་བའི་དུས།།
    ལྷ་བུ་དཀར་པོ་དར་དཀར་ཅོད་པཎ་ཅན།།
    བདག་གི་ཉལ་མགོར་བྱོན་ཏེ་འདི་སྐད་གསུངས།།
    བུ་བུ་པུར་རྒྱལ་བོད་ཀྱི་རྒྱལ་སྲིད་ཀྱི།།
    སོག་མའི་འཕོན་ཐག་ཆད་ལ་ཉེ་དུས་འདིར།།
    རིག་པ་རྣལ་དུ་ཕོགས་ནས་བསམ་བློ་ཐོངས།།
    བློ་རྩེ་གཏོད་དེ་རྒྱལ་སྲིད་བྱ་བ་བསྒྲུབ།།
    འདྲེ་ཡི་བཏགས་མིང་ལྷ་ཡི་རྣམ་དཔྱོད་ཅན།།
    ཕྱག་ཏུ་དབལ་རྣོའི་སྙུ་གུའི་མཚོན་འཆང་བ།།
    འཕྲིན་ལས་ཐོགས་ལྟར་མྱུར་བ་གང་དེས་གཙོས།།
    ཨ་ར་དཀར་པོ་ལ་རྒྱའི་བདག་པོ་དང་།།
    གངས་སྨྱུག་ལ་སྟོད་བུ་དང་སྐྱུར་རྩི་དང་།།
    གསར་དུ་བྱོན་པའི་རང་དབང་ལྷ་མོ་བཅས།།
    སྤྱི་དོན་གཅེས་པའི་ཤེས་རབ་ལྡན་པའི་བུ།།
    རང་དོན་དོར་ནས་གཞན་དོན་སྒྲུབ་པའི་བུ།།
    པུར་རྒྱལ་བོད་ཀྱི་རིགས་རྒྱུད་གཙང་མའི་བུ།།
    དེ་དག་ཁྱོད་ཀྱི་བློ་གྲོས་འཕེལ་བའི་གྲོགས།།
    དེ་ཡི་ནང་ནས་སྐྱུར་རྩིས་ཞེས་པ་འདི།།
    སྐྱུར་ལ་དད་ལ་སེམས་བག་དོགས་སྐྱོན་ཡོད།།
    སྐྱོན་དུ་བསྟན་ཡང་ངོ་འཕྲོད་འོང་བ་དཀའ།།
    ཞེས་པ་བདག་ལ་དག་སྣང་གསལ་བར་བྱུང་།།
    དོན་ཡང་དེ་ལྟར་བདག་གི་སྔ་རྩོམ་དུ།།
    བཀའ་ཤག་གོར་གོར་མ་ལ་ཟུར་གསུམ་ཡོད།།
    ཅེས་པའི་སྔ་ཚིག་ཕྱི་ཚིག་འགལ་ལུགས་ལ།།
    ཟུར་གསུམ་ཡོད་ན་གོར་གོར་ཡིན་པ་འགལ།།
    གོར་གོར་ཡིན་ན་ཟུར་གསུམ་ཡིན་པ་འགལ།།
    དེ་འདྲའི་སྨྱོ་ལབ་ཅི་སྟེ་གླེང་འདོད་ན།།
    མཆུ་ཏོ་སྐམ་པོར་གློག་ཀླད་མདུན་དུ་ཤོག
    ཅེས་པའི་ལན་ལ་སྐྱུར་རྩིས་འདི་སྐད་བཤད།།
    བཀའ་ཤག་སྒོར་སྒོར་མིན་པའི་སྒྲུབ་བྱེད་དུ།
    ཟུར་གསུམ་ཡོད་པ་སྐྱུ་རྩིས་བསྒྲུབས་ནས་ཡོད།
    དྲ་གྲོགས་ལྷག་པ་ཅ་ཅོ་མ་མང་བར།
    རང་འཁྲིའི་ལས་ལ་རོལ་ན་ལེགས་པར་སེམས།
    གོང་དུ་དྲ་གྲོགས་དུ་མའི་བསམ་ཚུལ་རྣམས།
    རང་གི་རྣམ་དཔྱོད་རྩལ་ལས་འཁྲུངས་ལགས་ན།
    འགྲིག་པ་གཅིག་དང་མ་འགྲིག་གཉིས་ཞེས་པ།
    དོན་མེད་ཚིག་ཚུབ་སྨྲ་བའི་གནས་མ་ཡིན།
    ཞེས་པ་སྐྱུར་རྩིའི་སེམས་སྦུག་དོགས་ལུགས་ལ།།
    ཡང་བསྐྱར་སྔ་ཚིག་ཕྱི་ཚིགས་འགལ་ལུགས་ལ།།
    གོར་གོར་ཟུར་གསུམ་འགལ་བའི་འཁུར་བོ་དེ།།
    ལྷག་པས་སྐྱུར་རྩིའི་མགོ་བོར་ལིང་ངེར་བཀལ།།
    སྐྱུར་རྩི་བཟི་བས་ལུས་ཀྱི་མ་ཐེགས་པར།།
    ཁ་སྦུག་ས་ལ་འགྱེལ་ཏེ་ཆོ་ངེ་འདོན།།
    ཁྱོད་ཀྱི་རྩོམ་དང་ལན་དུ་སྨྲ་བ་གཉིས།།
    སྔ་ཚིག་ཕྱི་ཚིག་མཐུན་མིན་ཡང་བསྐྱར་དཔྱོད།།
    དེ་ནས་ལྷག་པར་ལན་ཞིག་འདེབས་པར་མཛོད།།
    ལྷག་པ་རང་འཁྲིའི་ལས་དོན་སྒྲུབ་བཞིན་ཡོད།།
    སྐྱུར་རྩི་དོན་མེད་ཐུགས་ཁྲལ་མེད་པ་ཞུ།།
    ལྷག་པས་བགྲོ་གླེང་ཚུལ་དུ་ཞུས་པ་ལས།།
    ཚིག་རྩུབ་སྨྲ་སྙམ་རྨི་ལམ་ནང་དུ་མེད།།
    ཕན་ཚུན་ངོ་ཤེས་འབྲེལ་བ་མེད་གྱུར་ཡང་།།
    བློ་མཐུན་ཤེས་ལྡན་རྣམས་དང་ལྷན་ཅིག་ཏུ།།
    ལེགས་བཤད་ལམ་རྡོལ་འབྱིན་པ་ལྷག་པ་ངའི།།
    གཤིས་སུ་གྲུབ་ན་གླན་ཀ་མ་མཛོད་ཅིག

    དོན་གྱི་སྙིང་པོ་འདྲིལ་ཏེ་སྨྲ་བ་ལ།།
    མི་དབང་སྲིད་སྐྱོང་བློ་སེང་རིན་པོ་ཆེ།།
    གངས་སྐྱིད་བྱེ་ཚན་དཀྱིལ་དུ་ལོ་ངོ་བཅུ།།
    ཟམ་གདོང་ནམ་མཁའི་སྤྲིན་པར་རེ་བཅོལ་ནས།།
    འདོད་རྔམ་ཚ་བས་སྐམ་སྲེག་ཐེབས་ཉེ་བའི།།
    དབུས་གཙང་སྤྱི་འཐུས་པད་མ་འབྱུང་གནས་དང་།།
    འཆར་འགོད་དཀོན་མཆོག་བརྩོན་འགྲུས་རྣམ་གཉིས་ལ།།
    བཀའ་ཡི་བློན་པོའི་སྦྲང་ཆར་འཇོ་བར་མཛོད།།
    གསེར་རྟ་ཚུལ་ཁྲིམས་མ་དོར་ཐུགས་རྗེས་ཟུངས།།
    བློ་བཟང་དབང་རྒྱལ་མ་དོར་སོ་ཡིས་ཟུངས།།
    འཆི་མེད་གཡུ་དྲུང་མ་དོར་མཆུ་ཡིས་ཟུངས།།
    པདྨ་ཆོས་འབྱོར་མ་དོར་ཕྱག་གིས་ཟུངས།།
    དགའ་གྲྭ་བག་གྲོ་མ་དོར་རྡོག་པས་ཟུངས།།
    དེ་དག་ཁྱོད་ཀྱི་སྐུ་འཁོར་ལྔ་པོ་ཡིན།།
    མི་དབང་ཕོ་ལྷ་བསོད་ནམས་སྟོབས་རྒྱལ་གྱི།།
    མཚན་དང་རྗེས་མཐུན་འཁོར་ལྷ་བསོད་སྟོབས་ལ།།
    ཁྱོད་ཀྱི་བཀའ་ཡི་བློན་པོར་བསྐོ་ངེས་པའི།།
    འཆར་གཞི་ནེམ་ནུར་མེད་པ་ལག་བསྟར་མཛོད།།
    མི་དབང་འཁོར་ལྷ་ཕོ་ལྷར་འཕོས་ན་སྙན།།
    གསེར་རྟ་ཚུལ་ཁྲིམས་ཁྲོས་ཀྱང་སྡུག་གྱོང་རེད།།
    བྱས་ཡུད་སྡུག་ཡུད་བཤད་ཀྱང་སྡུག་གྱོང་རེད།།

  18. སྐྱུ་རྩི་ནས། says:
    2011-09-15 at 11:18 am

    ཡང་གཅིག་གསོན་དང་སེམས་ཡངས་ལྷག་པ་ལགས།
    རང་ལ་བསྟོད་དང་མི་ལ་འཕྱ་བ་དེ།
    སྐྱུ་རྩི་བློ་སྦུག་དོག་པའི་སྐྱོན་མིན་པར།
    ལྷག་པ་ང་རྒྱལ་ཆེ་བས་ལན་པ་ཡིན།
    སྐྱུར་རྩི་བཟི་བས་ལུས་ཀྱི་མ་ཐེགས་པར།
    ཞེས་པའི་ཚིག་དེར་གོ་དོན་གང་ཞིག་ཡོད།
    སྐྱུ་རྩི་བཟི་ནས་གང་ཞིག་མ་ཐེགས་པའི།
    དཔང་རྟགས་ཁྱོད་ལ་བསྟན་རྒྱུ་ཨེ་ཡོད་དམ།
    མ་ཟད་བཟི་ན་ལྕི་བའི་ཁུར་པོ་ཞིག
    འཁུར་ནས་ས་ཆ་གང་དུ་འཁྱེལ་དགོས་སམ།
    སྐྱུར་རྩི་བཟི་བས་ལུས་ཀྱི་མ་ཐེགས་པའི།
    ལྕི་བའི་ཅ་དངོས་དེ་ཡི་ངོ་བོ་དང་།
    སྤྱི་རྒྱ་ཇི་ཡོད་སྐྱུ་རྩིར་གསུང་འགྱུར་ན།
    ཁོ་བོས་རྒྱ་གར་གཡོག་གཅིག་གླ་བྱས་ནས།
    སེམས་ཡངས་ལྷག་པ་ཁྱོད་ལ་བསྐྱལ་བས་ཆོག
    རང་གི་བསམ་ཚུལ་མཆོག་ཏུ་བཀུར་བ་དང་།
    གཞན་གྱིས་སྨྲ་ལ་ཕྲ་དོག་མེ་ལྕེ་འབར།
    རང་གིས་རང་ལ་བསྟོད་པའི་སེམས་ཡངས་ཅན།
    དུས་རབས་ཉི་ཤུའི་མཁས་དབང་ཁྱོད་ཉིད་རྒྱལ།

  19. དགའ་ཉག་འཁྱམ་པོ says:
    2011-09-15 at 12:11 pm

    སང་ཉིན་ནས་ཁ་བརྡ་དང་བགྲོ་གླེང་བྱེད་ཡག་ཤོས་རེད། དེ་མིན་རྣམ་རྟོག་ལ་མཐའ་དང་ཚད་བཀག་མེད་དུས་དཀའ་མོ་རེད།

  20. ལྷག་པ། says:
    2011-09-16 at 7:16 am

    དེ་རིང་ལྷ་ཉིན་དཀར་པོ་ཤར་བའི་ཉིན།།
    སྲིད་སྐྱོང་བློ་བཟང་སེང་གེས་བཀའ་བློན་བདུན།།
    འབྲོང་ཆུང་དངོས་གྲུབ་ཚེ་རིང་དོན་གྲུབ་དང་།།
    པདྨ་ཆོས་འབྱོར་རྒྱ་རི་སྒྲོལ་མ་དང་།།
    བདེ་སྐྱིང་ཆོས་དབྱིངས་ཚེ་རིང་དབང་ཕྱུག་བཅས།།
    མིང་སྨྲོས་རྒྱབ་ལྗོངས་ལོ་རྒྱུས་བཤད་པས་ན།།
    གྲོས་ཚོགས་འཐུས་མིས་དེ་ལ་རྒྱབ་སྐྱོར་བྱས།།
    ཐོག་མར་ཚང་མར་བཀྲ་ཤིས་བདེ་ལེགས་ཡོད།།
    དེ་ཡི་ནང་དུ་གནད་དོན་གསུམ་ཡོད་པ།།
    དང་པོ་བཀའ་ཟུར་པདྨ་ཆོས་འབྱོར་དེ།།
    ཁོག་ནང་ཆོལ་ཁའི་ཞེན་ཁོག་རི་ལས་ཆེ།།
    སེ་རའི་གྲྭ་པ་བདེ་སྲུང་ལས་བྱེད་བཟོས།།
    ཉེས་གསོག་བཙོན་པ་ཆབ་སྲིད་བཙོན་པར་བཅོས།།
    སྒེར་གྱི་སྤྱོད་པ་འཆལ་པོ་རྐུབ་ཀྱོག་རེད།།
    ཟུར་བསྟེན་ཆུང་མ་གང་ས་གང་དུ་ཡོད།།
    དེ་ལ་རྒྱབ་སྐྱོར་ཐོབ་པ་ཡ་རེ་མཚན།།
    གཉིས་པ་རྒྱ་རི་སྒྲོལ་མ་བྱོན་པ་ལེགས།།
    ང་ལ་བཀའ་བློན་ཁྲི་པ་མ་ཐོབ་ན།།
    བཀའ་བློན་དཀྱུས་མ་མི་བྱེད་ཅེས་པ་ཡི།།
    ཁྱོད་ཀྱི་དམ་བཅའི་སྡོམ་པ་ལྷང་ངེར་ཤོར།།
    གསུམ་པ་སྲིད་སྐྱོང་བློ་བཟང་སེང་གེ་ལགས།།
    གསར་འབྱོར་འཐུས་མི་བཀའ་བློན་གང་དུ་མཆིས།།
    ཆོས་བརྒྱུད་སྐུ་ཚབ་བཀའ་བློན་སུ་ཞིག་བསྐོས།།
    བཀའ་བློན་འོས་པའི་སྐྱེ་བོ་གང་ཡང་རུང་།།
    གང་ནས་ཡིན་དང་གང་གི་ཁོངས་ཡིན་མིན།།
    གལ་ཆེ་མིན་ཡང་ཁྱོད་ཀྱིས་སྔོན་བཤད་པ།།
    ལག་བསྟར་བྱེད་མིན་ང་ཚོས་ལྟ་བཞིན་ཡོད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme