Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་ཤག་གི་དངོས་དོན་གསལ་བཤད།

Posted on 2016-02-052016-02-05 By ཁ་བརྡ 34 Comments on བཀའ་ཤག་གི་དངོས་དོན་གསལ་བཤད།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
 
༄༅། །ཕྱི་ལོ་༢༠༡༦ ཟླ་༢ ཚེས་༥ ཉིན་གྱི་སྔ་དྲོ་ཆུ་ཚོད་ ༡༠།༣༠ ཐོག་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་བཀའ་དྲུང་གཡུ་ཐོག་ཀརྨ་དགེ་ལེགས་ལགས་དང་། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམས་ནོར་བུ་ལགས། བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པ་དྲིལ་བསྒྲགས་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ལགས་བཅས་ཕེབས་ཏེ། ཕྱི་ནང་གི་གསར་འགོད་པ་ ༣༠ ཙམ་ལ་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་བཀའ་ཤག་གི་དངོས་དོན་གསལ་བཤད་སྒྲོག་སྦྱངས་གནང་དོན། དེང་སྐབས་སྲིད་སྐྱོང་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་ལས་རིམ་འགྲོ་བཞིན་ཡོད་པ་དང་ལྷན་ཅིག་ཏུ་བོད་དང་བོད་མིའི་གནད་དོན་མང་པོའི་ཐོག་གཏམ་བཤད་དང་། བགྲོ་གླེང་། རྟོག་དཔྱོད་བཅས་ཀྱང་གང་མང་ཡོང་བཞིན་ཡོད་པ་དང་། སྤྱི་ཚོགས་དྲྭ་རྒྱ་སོགས་མང་ཚོགས་ཀྱི་བརྒྱུད་ལམ་ཁག་ཅིག་ཏུ་ཐོན་གསལ་ལྟར་བྱས་ན། སྲིད་སྐྱོང་གི་འོས་མི་ཞིག་གིས་སྐབས་བཅུ་བཞི་པའི་བཀའ་ཤག་གི་ལས་དོན་ལ་སྐྱོན་བརྗོད་དང་གཟུགས་མེད་གྲིབ་བཟོ་མང་དག་ཅིག་གནང་བཞིན་ཡོད་པའི་ཁྲོད་ནས་གནད་དོན་གཉིས་ཀྱི་ཐོག་གསལ་བཤད་ཡོ་བསྲང་དགོས་རྒྱུ་གལ་ཆེར་མཐོང་བ་ལྟར་ཞུ་རྒྱུར།

༡༽ དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་བའི་གནད་དོན།

unnamedའདི་ལོའི་ཕྱི་ཟླ་དང་པོའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་དུ་གནང་རྒྱུའི་དུས་འཁོར་དབང་ཆེན་ལོ་གཅིག་ཕྱིར་འགྱངས་གནང་དོན་གང་ཡིན་ཐད། བཀའ་ཤག་གིས་ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ཉིན་སྤེལ་བའི་གསལ་བསྒྲགས་དང་། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་ཟླ་ཤས་གོང་དུ་ཨ་རི་མི་ཎི་སོ་ཌ་དང་ཉེ་སྔོན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བོད་མིའི་གཞིས་ཆགས་སུ་བཀའ་སློབ་གསལ་ཕེབས་ཡོད་པ་དེ་དག་དང་ཡེ་ནས་མི་མཐུན་པའི་རྒྱུ་མཚན་གཞན་ཞིག་ཡོད་ཚུལ་བཤད་པ་ནི། བདེན་པ་མིན་པ་ཙམ་དུ་མ་ཟད། མང་ཚོགས་དང་སྒྲིག་འཛུགས་ལ་འགན་འཁུར་མ་གནང་བ་ཞིག་ཀྱང་རེད། གནད་དོན་དེའི་བྱུང་རིམ་དངོས་ནི། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༢༩ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་དཔལ་ལྡན་སྲིད་སྐྱོང་མཆོག་ལ་གོ་བསྡུར་འགྲེལ་བཤད་སླད་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་གཉིས་ཆེད་གཏོང་གནང་སྟེ། དཔལ་ལྡན་སྲིད་སྐྱོང་མཆོག་དང་། དུས་འཁོར་དབང་ཆེན་གོ་སྒྲིག་ཚོགས་ཆུང་གི་གཙོ་སྐྱོང་ཆོས་རིག་དང་བདེ་སྲུང་བཀའ་བློན་རྣམ་གཉིས་བཅས་ལྷན་འཛོམས་ཐོག་འགྲེལ་བཤད་གནང་དོན་དུ། ༸གོང་ས་མཆོག་སྨན་བཅོས་འཕྲོད་བཞེས་གནང་དགོས་སྐོར་བཀའ་བསྡུར་རིམ་པར་བྱུང་ཡོད་ཐོག ཕྱི་ལོ་ ༢༠༡༥ ཟླ་ ༧ པའི་ནང་ལྡི་ལིར་ཁྱད་མཁས་སྨན་པས་བརྟག་དཔྱད་ཞུས་སྐབས་ Prostate བསྙུན་གཞི་ངོ་སྤྲོད་བྱུང་སྟེ་སྨན་བཅོས་གནང་གལ་ཆེ་ཚུལ་ཞུས་སྐོར་དང་། ༸གོང་ས་མཆོག་ཉིད་ནས་ཀྱང་གལ་ཆེ་དོན་ཆེར་དགོངས་ཏེ། སྨན་བཅོས་གནང་རྒྱུ་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་ཐད་ཐུགས་དམ་བརྟག་པ་ཐེངས་བདུན་གནང་བ་དང་། ཐུགས་དམ་བདུན་ཀར་སྨན་བཅོས་གནང་ན་ལེགས་པ་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་ཕྱིར་འགྱངས་གནང་ན་ལེགས་པ་གསལ་བབས་བྱུང་སྐོར་བཅས་གསུངས་ཐོག དུས་འཁོར་དབང་ཆེན་གྱི་མཛད་འཆར་ནི། མཛད་འཆར་གཞན་དང་མི་འདྲ་བ་འགོ་འཛུགས་ཟིན་རྗེས་གློ་བུར་བར་མཚམས་འཇོག་དགོས་བྱུང་ཚེ་དད་ལྡན་ཆོས་ཞུ་བ་ཁྲི་ཚོ་མང་པོར་བརྡབ་གསིག་ཆེན་པོ་ཡོང་ངེས་ཡིན་སྐོར་འཕྲོས་མོལ་ཡང་བྱུང་ཡོད། སྐབས་དེར་དཔལ་ལྡན་སྲིད་སྐྱོང་མཆོག་ནས། ༸རྒྱལ་བའི་སྐུ་ཁམས་འཕྲོད་བཞེས་ལས་གལ་གནད་ཆེ་བའི་དོན་གནས་གཞན་མེད་པ་དང་།

ཁྱད་པར་༸གོང་ས་མཆོག་ཉིད་ནས་ཐུགས་དམ་བརྟག་པ་ལན་མང་མཛད་པའི་གནད་དོན་ཞིག་ཡིན་པར་བརྟེན། བཀའ་ཤག་ནས་༸རྒྱལ་བའི་བཀའ་དགོངས་ཇི་བཞིན་བསྒྲུབ་རྒྱུར་བརྒྱ་ཆ་བརྒྱ་ཐམ་པ་མོས་མཐུན་རྒྱབ་སྐྱོར་ཞུ་རྒྱུ་ཡིན་སྐོར་དང་། དུས་འཁོར་དབང་ཆེན་གྱི་མཛད་འཆར་བར་དཀྱིལ་དུ་གློ་བུར་མཚམས་འཇོག་གནང་དགོས་བྱུང་ཚེ་ཕྱི་ལོ་ ༢༠༠༢ ལོར་སྐུ་ངལ་ཇི་བྱུང་ལྟར་ཡོང་རྒྱུའི་དྲན་བསྐུལ་ཡང་ཞུ་གནང་མཛད་ཡོད། གསལ་བསྒྲགས་ཞུ་ཕྱོགས་ཐད། སྨན་བཅོས་གནང་དགོས་པའི་རྒྱུ་མཚན་ལ་བརྟེན་ནས་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་དགོས་བྱུང་ལུགས་གསལ་བཀོད་བྱས་ཚེ། གཞིས་བྱེས་མང་ཚོགས་ཁྲོད་དུ་བློ་གཡེང་དང་འུར་འདྲོགས་ཆེན་པོ་ལངས་ཉེན་ཡོད་གཤིས། གསལ་བསྒྲགས་སུ་བཀའ་ཤག་ནས་༸གོང་ས་མཆོག་ལ་མཛད་འཆར་ཉུང་འཕྲི་ཡོང་བ་དང་། སྐུ་ངལ་མང་ཙམ་གསོ་བཞེས་ཡོང་བའི་གསོལ་འདེབས་དང་སྦྲགས། དུས་འཁོར་དབང་ཆེན་གནང་རྒྱུ་ཕྱིར་འགྱངས་ཆོག་པ་ཞུས་པ་ལ་བཀའ་བཞེས་བཟང་པོ་ཐོབ་སྐོར་འགོད་རྒྱུའི་དགོངས་འཆར་བཅས་ཕུལ་བར། ཕྱི་ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་བརྒྱུད་དེ་ལྟར་བྱ་འཐུས་ཀྱི་བཀའ་བཟང་སྤྱི་ཕེབས་བྱུང་རྗེས། ཕྱི་ལོ་ ༢༠༡༥ ཟླ་ ༨ ཚེས་ ༣༡ ཉིན་བཀའ་ཤག་ནས་ཡོངས་ཁྱབ་གསལ་བསྒྲགས་ཞུས་ཤིང་། གསལ་བསྒྲགས་དེའི་ནང་སྨན་བཅོས་འཕྲོད་བཞེས་སླད་དུས་འཁོར་དབང་ཆེན་ཕར་འགྱངས་གནང་བའི་བརྡ་སྟོན་ཆེད་སྐུ་ངལ་གསོ་བཞེས་མང་ཙམ་དགོས་པ་དང་མཛད་འཆར་ཉུང་འཕྲི་དགོས་པའི་རྒྱུ་མཚན་གཉིས་ནན་བརྗོད་བྱས་ཡོད་ཅིང་། དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་རྒྱའི་ནང་དུའང་དེ་དང་གཅིག་མཚུངས་འགོད་གནང་མཛད་ཡོད། གོང་གསལ་གནས་ཚུལ་བྱུང་རིམ་ཁག་དཔལ་ལྡན་སྲིད་སྐྱོང་མཆོག་ནས་ཕྱག་སྦྲེལ་བཀའ་བློན་རྣམ་པ་དང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་བགྲེས་གཞོན་རྣམ་གཉིས་བཅས་ལའང་ཇི་བཞིན་འགྲེལ་བརྗོད་གནང་ཡོད།DSC_00171-1

ཕྱི་ལོ་ ༢༠༡༥ ཟླ་ ༩ པའི་ནང་༸གོང་ས་མཆོག་ཨ་རི་མི་ཎི་སོ་ཌའི་མཱ་ཡཱོ་སྨན་ཁང་དུ་བརྟག་དཔྱད་ཞུས་སྐབས་སུའང་ཁྱད་མཁས་སྨན་པས་སྐུ་ངལ་གསོ་བཞེས་དང་སྨན་བཅོས་གནང་དགོས་པའི་སློབ་སྟོན་ཕུལ་ཡོད་པ་དང་། དེ་ལ་བརྟེན་ནས་ཕྱི་ཟླ་ ༡༠ པའི་ཨ་རིའི་མཛད་འཆར་ཡོངས་རྫོགས་ཕྱི་བཤོལ་མཛད་ཡོད། དེ་སྐབས་༸གོང་ས་མཆོག་ནས་ས་གནས་བོད་མི་ཚོར་བཀའ་སློབ་གནང་སྐབས། སྨན་བཅོས་འཕྲོད་བཞེས་གནང་སླད་སོག་ཡུལ་དང་རྡོ་རྗེ་གདན་དུ་གནང་འཆར་ཡོད་པའི་དུས་འཁོར་དབང་ཆེན་གྱི་མཛད་འཆར་གཉིས་ཕྱི་བཤོལ་གནང་བ་ཡིན་ཞེས་བཀའ་གསལ་པོ་གནང་ཡོད་པ་དང་། དེ་བཞིན་ཉེ་སྔོན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་བཀྲ་ཤིས་ལྷུན་པོའི་གདན་སར་ཆོས་ཞུ་བའི་འདུས་ཚོགས་ལ་ཕྱི་ལོ་གསར་ཚེས་ཀྱི་འཚམས་འདྲི་གནང་བ་དང་ཆབས་ཅིག་ཏུ། རྡོ་རྗེ་གདན་དུ་གནང་རྒྱུའི་དུས་འཁོར་དབང་ཆེན་ལོ་གཅིག་ཕྱིར་འགྱངས་གནང་སྐོར་དང་། དུས་སང་ཕྱི་ལོ་ ༢༠༡༧ ལོའི་ཕྱི་ཟླ་ ༡ པོའི་ནང་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་བཀྲིན་ཆེ་རྒྱུ་ཡིན་པའི་གསལ་བསྒྲགས་ཀྱང་མཛད་ཡོད། ཉེ་ཆར་ཕྱི་ལོ་ ༢༠༡༦ ཟླ་ ༡ པོའི་ནང་ཨ་རིར་སྨན་བཅོས་འཕྲོད་བཞེས་སླད་ཕེབས་པའི་དུས་ཚེས་ཁག་སྔ་ལོར་འཆར་འགོད་གནང་བའི་དུས་འཁོར་དབང་ཆེན་གྱི་དུས་ཚེས་དང་བསྒྲིགས་པ་ལྟར་འགྲིགས་ཡོད་པ་ནས་གོང་གསལ་རྒྱུ་མཚན་གསལ་བཤད་མི་དགོས་ལྟ་བུ་གྱུར་ཡོད་པ་ཚང་མས་མཁྱེན་གསལ་ལྟར་ཡིན།

མཐའ་བསྡོམས། ཁྱད་མཁས་སྨན་པས་སློབ་སྟོན་རིམ་འབུལ་ཞུས་པ་དང་། ༸གོང་ས་མཆོག་ཉིད་ནས་ཐུགས་དམ་བརྟག་པ་ལན་མང་མཛད་པ། ༸གོང་ས་མཆོག་སྐུ་ངོ་མ་ནས་མང་ཚོགས་ལ་བཀའ་སློབ་གསལ་རྗེན་སྔ་རྗེས་གཉིས་ཕེབས་ཡོད་པ་བཅས་ལ་གཞི་རྩ་བཟུང་སྟེ། སྨན་བཅོས་འཕྲོད་བཞེས་གནང་བའི་ཆེད་དུ་དུས་འཁོར་དབང་ཆེན་ཕྱིར་འགྱངས་གནང་བ་ཞིག་རེད་ཅེས་ངེས་བཟུང་གིས་ནན་བརྗོད་ཞུ་རྒྱུ་དེ་ཁོ་ན་ལས། བཀའ་ཤག་ལ་དེ་མིན་པའི་རྒྱུ་མཚན་འགྲེལ་བརྗོད་ཞུ་རྒྱུ་གཞན་གང་ཡང་མེད།

 

༢༽སྐུ་ཚབ་དོན་གཅོད་རྣམ་པའི་མཚན་གནས་ཀྱི་གནད་དོན།

བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱི་ལེའུ་དང་པོའི་དོན་ཚན་དང་པོ། བོད་དང་བོད་མིའི་མགོན་སྐྱབས་དང་མཚོན་རྟགས། ཞེས་པའི་འགོ་བརྗོད་འོག་གསལ་བའི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཚན་དོན་དང་དངོས་སུ་འབྲེལ་བའི་གལ་ཆེའི་གནད་དོན་ཞིག་རང་རེ་མཆོག་དམན་སུ་ཐད་ནས་མང་ཚོགས་ཀྱི་གླེང་སྟེགས་གང་སར་འབྲེལ་མེད་གླེང་སློང་དང་རྟོག་དཔྱོད་བྱེད་པ་ནི། མ་འོས་པ་དང་བློ་ཕམ་གྱི་གནས་ཤིག་ཡིན། འབྲེལ་ཆགས་སྲིད་སྐྱོང་གི་འོས་མི་དེ་ཉིད་ནས་སྐུ་ཚབ་དོན་གཅོད་རྣམ་པར་༸གོང་ས་མཆོག་གི་སྐུ་ཚབ་ཀྱི་མཚན་གནས་སྩལ་ཕྱོགས་ཀྱི་གནས་སྟངས་དང་། སྤྱི་ནོར་ ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལོ་ ༢༠༠༡ ནས་ཕྱེད་བགྲེས་ཡོལ་དང་ཕྱི་ལོ་ ༢༠༡༡ ནས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་རྩིས་སྤྲོད་གནང་བའི་རྗེས་སུ་བོད་མིའི་སྤྱི་ཚོགས་དང་སྒྲིག་འཛུགས་ལ་འགྱུར་འགྲོས་ཇི་བྱུང་གི་གནས་ཚུལ་བརྒྱུད་རིམ་ཆ་ཚང་མཁྱེན་བཞིན་དུ། རང་ཉིད་དང་འབྲེལ་བའི་དགོས་དོན་ཞིག་གི་ཆེད་དུ་གལ་འགངས་ལྷག་པར་ཆེ་བའི་གནད་དོན་ཞིག་དང་འབྲེལ་བའི་གནས་ཚུལ་ཐོག་འགྲེལ་བརྗོད་ལོག་པ་གནང་ཡོད་པ་ནི། མང་ཚོགས་དང་སྒྲིག་འཛུགས་ལ་འགན་འཁུར་མ་གནང་བ་ཞིག་ཡིན་པ་བཅས་ཀྱི་དངོས་དོན་གསལ་བཤད་དུ། བཀའ་ཤག་གིས། ཕྱི་ལོ་ ༢༠༡༦ ཟླ་ ༢ ཚེས་ ༥ ལ།། །།

གསལ་བཤད།

Post navigation

Previous Post: ཉི་མ་དང་ཟླ་བ། ད་དུང་བསྟན་འཛིན།
Next Post: “ལོ་སར་ལས་འཕྲོས་པའི་གཏམ།”

Comments (34) on “བཀའ་ཤག་གི་དངོས་དོན་གསལ་བཤད།”

  1. སྲོང་བཙན། says:
    2016-02-05 at 8:26 am

    ཁུངས་བང་ཆེན། སྤྱི་འཐུས་ཚོགས་གཙོ་ལས་ཐོག་སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་གིས་ཁོང་འོས་མིར་བཞེངས་དགོས་པའི་དམིགས་ཡུལ་སྐོར་གྱི་གཏམ་བཤད་ཨ་རིའི་མི་ནི་སོ་ཊར་གནང་སྐབས། ཁོང་གིས་དུས་དབང་ཕྱིར་འགྱངས་སྐོར་གྱི་དྲི་བ་ཞིག་གི་ལན་དུ་གསུང་དོན། “༧རྒྱལ་བ་རིན་པོ་ཆེས་བཀའ་གནང་བ་དེ་དགོས་པའི་དབང་གིས་གསུངས་པར་ངས་ངོས་འཛིན་བྱེད་ཀྱི་ཡོད། ངས་དེ་ལ་བརྩི་ཡི་ཡིན་ཞུས་ན། ད་དུང་དེའི་སྐོར་གསལ་པོ་བཟོ་དགོས་པ་ཞིག་གཟིགས་ཀྱི་ཡོད་ན། དུས་འཁོར་དབང་ཆེན་དེ་བཀའ་ཤག་གིས་ཡར་ཞུས་ནས་༧གོང་ས་སྐྱབས་མགོན་ཆེན་པོས་ཞལ་བཞེས་གནང་བ་རེད། ལས་རིམ་དེ་ཚོ་བང་བསྒྲིགས་ནས་ཕྱི་ཟླ་༨ བར་དུ་སོང་བ་དང་། དེའི་སྔོན་སྐུའི་གྱ་སྟོན་གྱི་མཛད་རིམ་ཡོད་པ། དེ་རྗེས་དབྱིན་ཡུལ་དང་།  ཨ་རི་ལ་ཆིབས་བསྒྱུར། དྷ་ས་དང་། ལྷོ་ཕྱོགས་སོགས་ལ་གསུང་ཆོས་ཡོད་པ་འཛིན་སྐྱོང་གིས་སྔོན་ནས་མཁྱེན་གྱི་ཡོད་པ་རེད། འཛིན་སྐྱོང་བཀའ་ཤག་གིས་དུས་དབང་སྐབས་གཞུང་འབྲེལ་ལས་གཞུང་འབྲེལ་མ་ཡིན་པའི་ལས་རིམ་དེ་གྲ་སྒྲིག་བྱེད་རྒྱུ་མིན་པ་ངས་སྔོན་ནས་གོ་སོང་། དྷ་སའི་སྒྲིག་འཛུགས་ཤིག་གིས་བརྟན་བཞུགས་ཕུལ་རྒྱུ་ཡིན་པ་༧གོང་ས་མཆོག་ལ་སྔོན་ནས་ཞུས་པ་དང་། ༧གོང་ས་མཆོག་གིས་ཞལ་བཞེས་གནང་ནས་བརྟན་བཞུགས་དེ་དུས་དབང་སྐབས་བང་བསྒྲིགས་ཤོག་གསུངས་པ་དེ་བཀའ་ཤག་གིས་དེ་མ་འགྲིག་པ་གཟིགས་ནས་ལས་རིམ་ནང་བཅུག་ཐུབ་ཀྱི་མེད་པའི་གནས་སྟངས་ཆགས་རེད། དེ་ནས་བཀའ་ཤག་དང་དགའ་ལྡན་ཕོ་བྲང་བར་བཀའ་མོལ་བྱུང་འདུག ད་དུང་གནས་ཚུལ་གཞན་པ་ཁ་ཤས་ཡོད་རེད། དེ་ཚོ་འདིར་བཤད་ནས་ཆོ་ཞིག་ཡོད་མ་རེད། ཕྱི་ཟླ་༨ ཚེས་༢༧ ཉིན་༧གོང་ས་མཆོག་ལ་སྙན་སེང་ཞུ་སྐབས། ༧སྐྱབས་མགོན་རིན་པོ་ཆེས་དུས་དབང་དེ་ཆབ་སྲིད་ཆགས་ཀྱི་འདུག་ཟེར་གྱི་འདུག་ལ། ཆབ་སྲིད་ངོ་མ་ཆགས་ཀྱི་འདུག དེ་འདྲ་ཡིན་ན་ཕར་འགྱངས་ཞོག་ཞེས་དགོངས་པ་ཏོག་ཙམ་འཚོམས་པའི་གནས་སྟངས་ངས་ཤེས་སོང་།  ཕྱི་ཉིན་ཁོང་གིས་ཁ་སང་ངས་དྲག་པོའི་ཐོག་ནས་བཤད་པ་རེད། དེ་རིང་ང་འཇམ་པོའི་ཐོག་ནས་ཡིན་ཞེས་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་གཉིས་མར་བཀའ་ཤག་ལ་བཏང་རེད། བཀའ་ཤག་གིས་ཀྱང་དུས་དབང་ཕར་འགྱངས་བྱེད་རྒྱུ་ཐག་བཅད་ཚར་ཡིན་ཞེས་གསུངས་འདུག དེའི་སྐབས་ཕྱི་ཟླ་༨ ཚེས་༢༩ ལ་ང་ཀ་ལི་མན་ཊོན་ལ་ཡོད། སྐབས་དེར་སྲིད་སྐྱོང་གིས་ཞལ་པར་ཕེབས་སོང་། དུས་དབང་སྐོར་དེ་ཡར་དགའ་ལྡན་ཕོ་བྲང་ལ་ཞུས་ཡིན། ཕར་འགྱངས་བྱེད་རྒྱུའི་ཞལ་བཞེས་བྱུང་སོང་ཟེར། གནད་དོན་དེ་དང་འདི་ཡིན་གསུང་གི་འདུག དེའི་སྐབས་ཡར་ཞུ་ཡ་དེ་བཀའ་ཤག་རེད་ཨ། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱིས་ཞུས་ཡོད་པ་མ་རེད། མར་ཐོན་སྟངས་དེ་མཉམ་དུ་ཐོན་དགོས་པ་རྒྱུ་མཚན་འདྲ་མེད་འགྲོ་བསམ་སོང་། མར་ཐོན་སྟངས་ཀྱི་བརྒྱུད་རིམ་བཀའ་ཤག་གིས་གསུངས་པ་དེ་རེད། བྱུང་སྟངས་དེ་ངས་བཤད་བཞག་པ་དེ་རེད་”ཅེས་གསུངས་ཡོད་པ་རེད།

  2. སྲོང་བཙན། says:
    2016-02-05 at 8:31 am

    ཁུངས་བང་ཆེན། ཟླ་འདིའི་ཚེས་༥ ཉིན་བཀའ་ཤག་གིས་གསལ་བསྒྲགས་ཚར་པ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་ལ་དེའི་ཐོག་དགོངས་ཚུལ་ག་རེ་ཡོ་ཅེས་བཅར་འདྲི་བྱས་པར། ཁོང་གིས། “ནིའུ་ཡོག་དང་ནིའུ་ཇན་སིའི་ནས་དེའི་སྐོར་དྲི་བ་ཡོང་སྐབས། སྤྱིར་བཏང་ངས་གནས་ཚུལ་ཆ་ཚང་ཤེས་ཀྱི་ཡོད། ཡིན་ཡང་༧སྤྱི་ནོར་གོང་ས་མཆོག་གིས་བཀའ་སློབ་གནང་གྲུབ་པས། ངས་དེ་ལ་སྲུང་བརྩི་བྱས་ནས་བཤད་རྒྱུ་མིན་ཞུས་པ་རེད། ཡིན་ཡང་མེ་ནི་སོ་ཊར་སླེབས་དུས་མི་ཞིག་གིས་ནན་ཏན་གྱིས་ཚོགས་གཙོས་སྐད་ཆ་རྩ་བའི་ཆིག་སྒྲིལ་སྐོར་གསུང་གི་འདུག་ཀྱང་། མང་ཚོགས་ནང་མ་མཐུན་པ་མང་པོ་ཞིག་ཆགས་ཀྱི་འདུག གསལ་བཤད་དགོས་ཀྱི་འདུག་གསུངས་པ་རེད། དེའི་སྐབས་ངས་གང་ཤེས་པ་དེ་བཤད་པ་རེད། དེ་རིང་བཀའ་ཤག་གིས་གསལ་བཤད་ཅིག་གནང་ཡོད་པ་དང་། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོས་གསུངས་ཡོད་པས། དེའི་ཐོག་མང་པོ་བཤད་རྒྱུའི་འདོད་པ་མེད། དེ་རིང་འདི་མཐའ་མ་ཡིན། དེའི་རྗེས་རྒྱ་གར་ནང་ང་སྐོར་བསྐྱོད་ལ་འགྲོ་དགོས་པས། མང་ཚོགས་ནང་དྲི་བ་ག་རེ་སླེབས་ཀྱང་དེའི་ཐོག་ངས་ལན་རྒྱག་གི་མིན། དེ་རིང་གི་གསལ་བཤད་ནང་ང་ཚོ་མ་མཐུན་པ་དེ་ན་ནིང་ཕྱི་ཟླ་༨ ཚེས་༣༠ ཉིན་སྲིད་སྐྱོང་གི་ཁ་པར་ང་ལ་སླེབས་པ་རེད། གནད་དོན་གཞན་པ་ཚང་མ་འགྲིག་གི་འདུག གཅིག་པ་རེད། ཡིན་ཡང་དེའི་སྐབས་ཞུ་སྟངས་དེ་འདི་འདྲ་ཆགས་སོང་ཞེས་གསལ་པོ་གསུངས་ན། ངས་དེ་འདྲ་བཤད་དགོས་དོན་ཡོད་པ་མ་རེད། དེ་རིང་འདིའི་ནང་བཀའ་ཤག་གིས་ཡར་ཞུས་པ་མ་ཡིན་པ་དང་། ༧སྤྱི་ནོར་གོང་ས་མཆོག་གི་དགོངས་པ་ལྟར་དྲུང་ཆེ་གཉིས་མར་བཏང་བ་ཡིན་པ་གསུངས་ཡོད་རེད། མར་ཐོན་སྟངས་དེ་ག་འདྲ་ཐོན་དགོས་བཀའ་ཤག་གིས་གསོལ་འདེབས་ཞུས་པ་ཡིན་སྐོར་གསལ་ཡོད་དུས། མང་ཚོགས་ནང་གླེང་སློང་བྱུང་བ་རེད། ཚོགས་གཙོས་དེའི་ཐོག་མང་ཚོགས་ལ་གང་ཡང་ཞུས་མེད། ཡིན་ཡང་ཕྱི་ཟླ་༨ ཚེས་༢༧ དང་ཚེས་༢༨ ཉིན་ལ་ག་རེ་བྱུང་ཡོད་མེད་དང་། ཚེས་༢༩ ལ་དྲུང་ཆེ་གཉིས་མར་ཕེབས་ནས་གསལ་བཤད་གནང་བ་སྲིད་སྐྱོང་གིས་ང་ལ་གསུངས་ཡོད་ན། ངས་ད་ལྟ་ཞུ་དགོས་པའི་གནས་སྟངས་དེ་བྱུང་ཡོད་པ་མ་རེད། ང་ལ་ནང་དོན་གསལ་པོ་གསུངས་མེད་པ་དང་། བཀའ་ཤག་གིས་ཡར་གསོལ་འདེབས་ཞུས་ཡིན་ཟེར་བ་དེ་ཏག་ཏག་སྡོད་ཀྱི་མེད་པ་དེར་མང་ཚོགས་ནང་བསམ་ཚུལ་བྱུང་བ་དེའི་ཐོག ངས་གསལ་བཤད་བྱས་པ་རེད་མ་གཏོགས། བཀའ་ཤག་ལ་མ་བརྩིས་པ་དང་། ངའི་སྒེར་གྱི་ཁེ་ཕན་ཆེད་དེ་འདྲ་བྱས་པ་རྩ་བ་ནས་མིན་”ཞེས་གསུངས་སོང་།

  3. སྲོང་བཙན། says:
    2016-02-05 at 8:36 am

    གོང་གི་བཀའ་ཤག་གི་གསལ་བཤད་དང་ཚོགས་གཙོའི་གཏམ་བཤད། ད་རེས་ཚོགས་གཙོའི་སླར་ཡང་ལན་འདེབས་གསུམ་བསྡུར་ནས་དཔྱད་ཞིབ་གནང་རོགས།

  4. ཇུས་མེད་ཇུས་ཏོག་ says:
    2016-02-05 at 8:55 am

    སྲིད་སྐྱོང་གི་འོས་མི་བཀྲིས་སྟོབས་ལགས་ཀྱིས་གོ་སྒྲིག་འོག་དེ་རིང་བཞུགས་སྒར་རྡ་སར་དངོས་གཞིའི་འོས་བསྡུའི་སྲིད་སྐྱོང་གི་འོས་མི་གཉིས་མི་མང་གི་མདུན་ལ་བགྲོ་གླེང་ཞིག་གོ་སྒྲིག་བྱས་འདུག་དེ་ནས་མི་དམངས་རྣམ་རྨོང་གཉིས་ལས་གསང་བ་དང་བདེན་པའི་མཐའ་གསལ་བའི་རེ་བ་དང་ཡིད་ཆེད་གཙང་མ་ཡོད་དོ་

  5. བློ་གྲོས་རབ་བརྟན་ says:
    2016-02-05 at 9:23 am

    དེ་རིང་སྐད་ཆ་འདི་ལྟར་གོ་སོང་། 2016 ལོའི་དུས་དབང་སྐོར་རེད། ” རྡ་ས་ཆུ་སྒང་ཚོགས་པས་གོང་ས་མཆོག་ལ་དུས་དབང་སྐབས་བརྟན་བཞུགས་འབུལ་ཆོག་པའི་སྙན་གསན་ཞུས་པར། གོང་ས་མཆོག་གིས་ཞལ་བཞེས་གནང་སྟེ། སྐུ་སྒེར་ཡིག་ཚང་ནས་བཀའ་ཤག་ལ་འབྲེལ་བ་བྱས་ཏེ་དུས་དབང་སྐབས་ཀྱི་ལས་རིམ་ཁྲོད་རྡ་སའི་ཆུ་སྒང་གི་བརྟན་བཞུགས་པང་བསྒྲིག་དགོས་པའི་བཀའ་གནང་། འོན་ཀྱང་གནས་ཚུལ་དེ་བློ་སེང་བརྒྱུད་ནས་ལྡི་ལི་ཆུ་སྒང་ཚོགས་པས་གོ་སྟེ། བཀའ་ཤག་ཏུ་ཆེད་མངགས་མི་ཡོང་ནས་ཁྱོད་ཚོས་གཞུང་གིས་ངོས་ལེན་མེད་པའི་ཚོགས་པར་འབྲེལ་བ་བྱེད་ཀྱིན་འདུག་ཅེས་བཀའ་ཤག་ལ་རྙོག་གྲ་བཤད་སྟབས། བློ་སེང་གིས་སྐུ་སྒེར་ཡིག་ཚང་ལ་བརྟན་བཞུགས་དེ་ལས་རིམ་ཁྲོད་པང་སྒྲིག་ཐུབ་པ་མི་འདུག་ཅེས་ཡར་སྙན་གསན་ཞུས། དེས་གོང་ས་མཆོག་ཐུགས་ཕམ་དང་འབྲེལ་ཏེ་ད་ཆོས་ཕྱོགས་ཀྱི་སྒོ་འདི་ཆབ་སྲིད་རང་ཆགས་འདུག་པས། དུས་དབང་ད་ལོ་མེད་པ་གྱིས་བཀའ་གནང་བ་དང་། བཀའ་དེ་བསྟན་འཛིན་སྟག་ལྷས་༼གོང་ས་མཆོག་གི་ཚ་བོ༽་བློ་སེང་ལ་བརྡ་བསྐྱལ་བ་དང་། བློ་སེང་སྦྱང་པོ་ཡིན་པས་མར་བཀའ་ཤག་ལ་བརྡ་མ་འབྱོར་སྔོན་ཡར་སྙན་ཞུ་ཕུལ་ན་ཡག་གི་བསམས་ཏེ་དུས་དབང་ཕྱིར་འགྱངས་གནང་རོགས། ” བཤད་པ་རེད་ཟེར།

  6. ཁྱུང་སེ། says:
    2016-02-05 at 9:24 am

    ད་སྲིད་སྐྱོངས་འོས་མི་ཚོས་རྫུན་བཤད་ཁྲམ་པ་འཁྲབ་རྫུན་ཨ་བྲ་གཉིས་ཀྱི་རྔ་མ་ཐུང། ཟེར་བ་ལྟར་བྱུང་སོང། གསལ་པོ་རེད།

  7. རྒྱང་མིག says:
    2016-02-05 at 9:38 am

    གལ་སྲིད་བརྒྱ་ལ་གོང་གི་གསལ་བཤད་དེ་བདེན་དབང་དུ་བཏང་ན། སྔ་རྗེས་ཀྱི་ཁྱད་ཙམ་མ་གཏོགས་༧རྒྱལ་བ་རིན་པོ་ཆེའི་སྐུ་བསྙུན་སྐོར་མི་མང་གིས་ཤེས་རྟོགས་ཡོང་ངེས་པས། དེ་སྐོར་ནས་དུས་དང་སྐབས་སུ་མི་མང་ལ་ཡོངས་ཁྱབ་ཀྱིས་གསལ་བཤད་བྱ་དགོས་པ་ནི་གནད་ཀྱི་དོན་པོ་ཞིག་རེད། དེ་མ་བྱུང་བས་དེ་དང་རྗེས་འབྲེལ་གྱི་རྙོག་གླེང་ཆེན་པོ་འདི་རིམ་གྱིས་བྱུང་བ་ནི་ཆེས་མངོན་གསལ་དོད་པོ་རེད།
    ༧རྒྱལ་བ་རིན་པོ་ཆེའི་སྐུའི་བསྙུན་གཞིའི་སྐོར་ལ་གསང་བ་དེ་ཙམ་བྱ་དགོས་དོན་ཅི་ཡིན་ནམ། ཁ་སྔོན་༧རྒྱལ་བ་རིན་པོ་ཆེ་ཨ་རིར་སྨན་བཅོས་ཆེད་ཕེབས་སྐོར་ཡང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཚིགས་ནང་དུ་ཡུན་རིང་བོར་བཀོད་མི་འདུག སྲིད་སྐྱོང་ཁོང་ལྡི་ལིར་ཙམ་ལ་བསྐྱོད་པ་ཡང་འཕྲལ་བཀོད་བྱས་འདུག

    རང་ཕྱོགས་ལ་ཐུག་པ་འདྲ་བའི་དུས་སྐབས་འདི་འདྲའི་ནང་དུ་གཞི་ནས་གསལ་བཤད་འདྲ་བྱེད་པ་དེས་ནི་བློ་དོགས་སེལ་རྒྱུའི་ཚབ་ཏུ་སེམས་འཚབ་ཆེ་རུ་བཏང་སོང་། གང་ལྟར་བོད་མི་སུ་འདྲ་ཞིག་ཡིན་རུང་༧རྒྱལ་བ་རིན་པོ་ཆེའི་མཚན་གནས་གང་སར་དྲུད་མ་ཡོང་རོགས་ཞུ་བ་ཡིན།

  8. ཇུས་མེད་ཇུས་ཏོག་ says:
    2016-02-05 at 10:10 am

    སྤྲེའུ་ལོའི་སྲིད་སྐྱོང་གླེང་སྟེགས་གོ་སྒྲིག་ཚོགས་ཆུང་གི་བགྲོ་གླེང་ཐོག་སྲིད་སྐྱོང་མཆོག་ཕེབས་མ་ཐུབ་པར་བགྲོ་གླེང་གྲོལ་དགོས་བྱུང་ཡོད་པ་རེད།

    penpatseringདེ་རིང་ཕྱི་དྲོའི་ཆུ་ཚོད་ ༣།༠༠ སྟེང་མེག་གྷན་སྤྲོ་སྐྱིད་ཚོགས་ཁང་དུ། ད་ལོའི་སྲིད་སྐྱོང་འོས་མིར་བཞེངས་མཁན་བཀྲ་ཤིས་སྟོབས་རྒྱལ་ལགས་ཀྱིས་སྣེ་ཁྲིད་པའི་སྦྲེལ་ལོའི་སྲིད་སྐྱོང་གླེང་སྟགས་གོ་སྒྲིག་ཚོགས་ཆུང་གིས། སྲིད་སྐྱོང་ལས་ཐོག་བློ་བཟང་སེང་གེ་མཆོག་དང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་རྣམ་གཉིས་གདན་འདྲེན་ཞུས་ཏེ་བགྲོ་གླེང་ཞིག་གོ་སྒྲིག་བྱས་ཡོད་པ་དང་། བཞུགས་སྒར་ཁུལ་གྱི་མི་མང་ཡང་མང་པོ་ཞིག་ཕེབས་ཡོད་ཀྱང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བགྲོ་གླེང་སྟེང་ཕེབས་མེད་སྟབས། བགྲོ་གླེང་གནང་མ་ཐུབ་པར་མི་མང་རྣམས་རང་སར་ལོག་ཡོད།

    སྲིད་སྐྱོང་འོས་མི་སྤེན་པ་ཚེ་རིང་མཆོག་བགྲོ་གླེང་སྟེང་ཕེབས་ཏེ། ང་དེ་རིང་གཏམ་བཤད་བྱེད་དུ་བཅར་མེད། ང་གསལ་བཤད་ཅིག་བྱེད་དུ་བཅར་བ་ཡིན། ཉེ་ཆར་བཀྲ་ཤིས་སྟོབས་རྒྱལ་ལགས་ལས་ཁུངས་ནང་ཕེབས་སོང་། ངས་ཁོང་ལ་སྲིད་སྐྱོང་མཆོག་ལ་ཞུས་ཡོད་མེད་དྲིས་པར། ཁོང་གིས་སྲིད་སྐྱོང་མཆོག་ལ་ཕྱག་ཡིག་ཅིག་ཕུལ་ཡིན། ཕེབས་དང་མི་ཕེབས་ཁྱེད་རང་གཉིས་ལྟ་ཡ་རེད་གསུང་གི་འདུག སྤྱིར་བཏང་འགྲོ་ལུགས་འགྲོ་སྟངས་ཀྱི་ཐོག་ནས་ད་ལྟའི་སྲིད་སྐྱོང་མཆོག་ཡིན་ན་ཐུགས་བྲེལ་ཆེན་པོ་ཡོད་པ་རེད། ང་རང་ཡིན་ནའང་ལས་ཁུངས་ཤིག་ལ་ལྟ་དགོས་པ་རེད། བགྲོ་གླེང་ཟེར་བ་དེ་མི་གཉིས་མཉམ་དུ་བསྡད་ནས་བགྲོ་གླེང་བྱ་རྒྱུ་མ་གཏོགས་མི་གཅིག་གིས་སྐད་ཆ་བཤད་ནས་བགྲོ་གླེང་ཡོང་ཐབས་ཡོད་མ་རེད། དེར་བརྟེན། མ་བཅར་ན་བསམ་ཡང་མི་མང་ཞེ་དྲགས་འཛོམས་འདུག་གསུང་གི་འདུག གསལ་བཤད་ཅིག་མ་ཞུས་ན། བགྲོ་གླེང་དང་ལེན་བྱས་མི་འདུག་ཅེས་སྤྱི་ཚོགས་ནང་སྐད་ཆ་ཡོང་གི་རེད་ལ། མང་ཚོགས་ལ་འགན་མ་འཁུར་བ་འདྲ་བོ་ཞིག་ཀྱང་མཐོང་གི་འདུག སྤྱིར་བཏང་བགྲོ་གླེང་གནང་རྒྱུ་དཔེ་མི་སྲིད་པའི་གལ་ཆེན་པ་རེད། ཅེས་གསུངས་སོང་།

    འདི་གའི་གསར་འགོད་པས་བགྲོ་གླེང་གོ་སྒྲིག་པ་བཀྲ་ཤིས་སྟོབས་རྒྱལ་ལགས་སུ་བཅར་འདྲི་ཞུས་པར། ང་ཚོས་ཆུ་ཚོད་དང་འགྲོ་གྲོན་མང་པོ་ཞིག་བཏང་ནས་བགྲོ་གླེང་གོ་སྒྲིག་བྱས་ཏེ་མི་མང་པོ་ཕེབས་ཡོད་ཀྱང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཕེབས་ཐུབ་ཀྱི་མི་འདུག་ཅེས་གསུངས་ཡོད་སྟབས། ང་ཚོས་བགྲོ་གླེང་གོ་སྒྲིག་ཞུས་པ་དེ་ཆུད་ཟོས་སུ་བཏང་སོང་། ཞེས་བརྗོད་བྱུང་།

    དེ་རིང་བགྲོ་གླེང་གི་བརྗོད་གཞི་གཙོ་བོ། སྲིད་སྐྱོང་བློ་བཟང་སེང་གི་མཆོག་ནས་ལོ་ངོ་བཞི་ལྷག་ཙམ་གྱི་རིང་རྨང་གཞི་ཆ་ཚང་བཏང་ཡོད་གསུང་གི་ཡོད་སྟབས། ལོ་བཞིའི་ནང་སྔར་མེད་གསར་གཏོད་ཀྱི་རྨང་གཞི་གང་དང་གང་བཏང་ཡོད་པའི་ཐད་སྐར་མ་ ༡༥ རིང་འགྲེལ་བཤད་སྐྱོན་རྒྱུ་དང་། ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ནས་བཙན་བྱོལ་སྤྱི་ཚོགས་དང་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་འབྲེལ་བའི་གནད་དོན་མང་པོ་ཞིག་གི་ཐད་སྦོ་ལུགས་ཡོང་གི་འདུག་གསུངས་ཡོད་སྟབས། དེའི་ཐད་ཕྱོགས་གང་དང་གང་གི་ཐད་ནས་སྦོ་ལུགས་ཡོང་གི་ཡོད་སྐོར་སྐར་མ་ ༡༥ རིང་ཞིབ་ཕྲའི་གསལ་བཤད་གནང་རྒྱུ་བཅས་རེད།

  9. ཇུང་ཏོག་ says:
    2016-02-05 at 10:33 am

    ད་མང་པོ་དཀྲུགས་མ་སྡོད་གོང་ས་མཆོག་སྨན་ཁང་ནང་ཡོད་པ་ཁ་བདེ་ལྕེ་བདེ་ཁྱོད་ཚོས་མ་ཤེས་པ་རེད་པས་།

  10. ཅོ་རི་ཉི་མ། says:
    2016-02-05 at 10:35 am

    སྤྲུལ་སྐུ་བསད་པའི་མིང་ཅན་ཡོད་པའི་སྤེན་ཚེའི་མཉམ་དུ་་སྟིངས་ཆ་གཅིག་གི་སྟེང་དུ་བློ་སེང་གིས་བགྲོ་གླེང་མཉམ་ཞུགས་མ་བྱས་པ་འདི་ཡག་པོ་རེད། སྤེན་ཚེས་རྒྱལ་གཅེས་པ་ཀླུ་བྱམས་དང་མཉམ་དུ་སྡིངས་ཆ་གཅིག་གི་ཐོག་ཏུ་བགྲོ་གླེང་བྱ་ཡི་མིན་ཟེར་ནས་བསྒྲགས་པ་རེད། ད་མཇུག་འབྲས་ཁོ་རང་ལ་འཁོར་ཡོང་གི་ཡོད་རེད། རྒྱུ་འབྲས་ལག་ཐོག་ཏུ་འཁོར་བ་རེད། སྤེན་ཚེ་མཉམ་དུ་སྡིངས་ཆ་གཅིག་གི་ཐོག་ཏུ་བགྲོ་གླེང་བྱེད་མཁན་སུ་ཡང་མི་ཡོང་བའི་རེ་བ་ཡོད། བློ་སེང་མ་ཕེབས་པ་དེ་ལ་ཐུགས་རྗེ་ཆེ་ཟེར་རྒྱུ་ཡིན།

  11. ཅོ་རི་ཉི་མ། says:
    2016-02-05 at 10:43 am

    བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དུ་སྲིད་སྐྱོང་འོས་མི་ཚོའི་སྡིངས་ཆ་གཅིག་གི་སྟེང་དུ་བགྲོ་གླེང་མཉམ་དུ་མི་བྱེད་པའི་ལུགས་སྲོལ་ངན་པ་འདི་གཏན་འབེབས་བྱས་མཁན་སྤེན་ཚེ་རེད། དམངས་གཙོའི་འགག་རྡོ་རེད། ཡར་རྒྱས་ཀྱི་དགྲ་བོ་རེད། ལུགས་སྲོལ་ངན་པ་འདི་འདྲ་ཞིག་ཡོང་གི་ཡོད་པ་འདིའི་འགན་སྤེན་ཚེས་ཁུར་དགོས།

  12. ཅོ་རི་ཉི་མ། says:
    2016-02-05 at 10:57 am

    ངས་ངོས་ནས་བྱས་ན་དང་བླངས་བྲན་གཡོག་བློ་སེང་དང་། དང་བླངས་བྲན་གཡོག་སྤེན་ཚེ་གཉིས་སུ་འོས་འཐོབ་ཀྱང་ཁྱད་པར་སྤུ་རྩེ་ཙམ་ཡང་མེད། ཡིན་ཀྱང་སྤེན་ཚེས་བོད་རང་བཙན་པའི་འོས་མི་རྒྱལ་གཅེས་པ་ཀླུ་བྱམས་ཀྱི་མཉམ་དུ་སྡིངས་ཆ་གཅིག་ཐོག་ཏུ་བགྲོ་གླེང་མཉམ་དུ་བྱེད་ཀྱི་མིན་ཟེར་ནས་ཡང་དག་པའི་དམངས་གཙོའི་ལུགས་སྲོལ་ལ་ཤུགས་རྐྱེན་ངན་པ་བཞག་པ་འདི་་་་བོད་མི་རིགས་ལ་གྱོང་ཆེན་པོ་ཡིན། བཙན་བྱོལ་བའི་དམངས་གཙོ་ཡི་ཕམ་ཁ་ཡིན། ཨ་རིའི་གཞུང་གིས་ཀྱང་དམངས་གཙོའི་ལུགས་སྲོལ་ལ་རྡོག་རོལ་བཏང་མཁན་སྒེར་གཅོད་པ་ཁོ་ལ་བརྡ་ལན་ཞིག་སྤྲད་པའི་རེ་བ་ཡོད།

  13. ཚེ་རིང་ནས། says:
    2016-02-05 at 11:15 am

    གོང་ས་མཆོག་གི་སྐུ་ལ་སྙུང་གཞི་ཕོག་ཡོད་པ་མི་མང་ཆེ་བས་ཤེས་གསལ་རེད། རྒྱུ་མཚན་དེ་ལ་བརྟེན་ནས་དུས་དབང་གནང་རྒྱུ་བཀག་སྡོམ་མ་བྱས་རང་བྱས་ལ་ཐུག་འདུག ད་དུང་མི་མང་ལ་མགོ་སྐོར་གྱིས་དུས་དབང་ཕྱིར་འཐེན་དེ་ཡར་རེད་མར་རེད་རྐྱང་བཤད་དེ་གཡོ་སྒྱུ་རྐྱང་མ་ཁྲབ་རོགས།

  14. བཙན་རྒོད། says:
    2016-02-05 at 11:28 am

    དེ་རིང་བཀའ་ཤག་གི་དོན་དངོས་དང་མི་མཐུན་པ། ཚུལ་མིན་སྒེར་གཅོད་ཀྱིས་གསལ་བསྒྲགས་འདིས་མང་ཚོགས་ནང་བློ་ཕམ་དང་རྙོག་འཛིང་ཆེ་རུ་བཏང་བ་མ་ཟད།བཀའ་ཤག་གི་འཛིན་སྐྱོང་དང་ལས་འཆར་དེ་དག་འོས་མི་སྒེར་བ་རེ་ཟུང་གི་སྐུབ་བཀྱག་གི་ཆེད་དུ་ལས་འཆར་བསྒྲིགས་ཀྱིན་ཡོད་པ་གསལ་བོར་མངོན་འདུག།

  15. བྱམས་པ། says:
    2016-02-05 at 11:29 am

    ཞེན་ཁོག་མ་བྱེད། སྤྱི་ཚོགས་མ་དཀྲུགས། བདེན་པ་ལྷང་ལ་འབུད་ཀྱི་འདུག སྲིད་སྐྱོང་ཆོལ་ཁའི་སྲིད་སྐྱོང་མ་རེད། ཆོས་རྒྱུད་ཀྱི་སྲིད་སྐྱོང་དེ་བས་ཀྱང་མ་རེད། བོད་མི་རིགས་ཀྱི་སྲིད་སྐྱོང་ཡིན་ཚེ། ཡོ་འཁྱོག་མེད་པ་ཞིག་དགོས་པ་རེད། དེ་འདྲ་བྱུང་ན།་བོད་མི་རིགས་ཀྱི་རྒྱན་དང་ཆོལ་ཁའི་ཡང་རྒྱན་རེད། ད་ལྟ་ཚད་གང་ལ་སླེབས་འདུག

  16. བྱམས་པ། says:
    2016-02-05 at 11:39 am

    དུས་དབང་ཕྱིར་འཐེན་གྱི་རྐྱེན་གང་ལ་ཐུག་འདུག

  17. གཡུ་ཐོག་རྒྱལ་པོ། says:
    2016-02-05 at 12:03 pm

    ད་གང་ལྟར། བཀའ་ཤག་གིས་མི་མང་ལ་མགོ་སྐོར་བཏང་བའི་གནད་དོན་ཞིག་བྱུང་བ་རེད། དེའི་དབང་གིས་གནད་དོན་དེ་ཆེ་རུ་ཕྱིན་པ་རེད། ད་གསལ་པོ་བཟོ་དགོས་པའི་དུས་ལ་བབ་འདུག

  18. ལྷ།བྱ་འཕུར་མ། says:
    2016-02-05 at 12:43 pm

    ད་ཡིན་འདུག་གོ སྲིད་སྐྱོང་ལགས། བཀའ་ལན་གསལ་བོ་གནོངས། དོན་དངོས་གང་ཡིན་ནམ། ཕོ་བྲང་དང་བཀའ་ཤག་སུས་ཐོག་མར་དུས་དབང་ཕྱིར་འགྱངས་དགོས་བའི་ཐག་གཅོད་གནང་བ་རེད། སྲིད་སྐྱོང་ལགས། ད་ཚིག་སྟོང་ཞབས་བྲོ་རྒྱག་མ་འདུག དྲ་ཐོག་གི་འབུ་སྲིན་ཚོ་མགོ་འཐོམ་སོང་།

  19. ལྷ།བྱ་འཕུར་མ། says:
    2016-02-05 at 12:44 pm

    ད་ཡིན་འདུག་གོ སྲིད་སྐྱོང་ལགས། བཀའ་ལན་གསལ་བོ་གནོངས། དོན་དངོས་གང་ཡིན་ནམ། ཕོ་བྲང་དང་བཀའ་ཤག་སུས་ཐོག་མར་དུས་དབང་ཕྱིར་འགྱངས་དགོས་བའི་ཐག་གཅོད་གནང་བ་རེད། སྲིད་སྐྱོང་ལགས། ད་ཚིག་སྟོང་ཞབས་བྲོ་རྒྱག་མ་འདུག དྲ་ཐོག་གི་འབུ་སྲིན་ཚོ་མགོ་འཐོམ་སོང་། འཐོམ་སོང་།

  20. འདུས་བྱུང་ཕུན་ཚོགས་ཚེ་རིང་། says:
    2016-02-05 at 2:14 pm

    དེ་རིང་སྟེ་སྤྱི་ཚེས་ལྔའི་༧ དཔལ་ལྡན་བཀའ་ཤག་གི་གསལ་བཤད་དོན་ཚན་གཉིས་པ་༼༧ སྐུ་ཚབ་དོན་གཅོད་རྣམ་པའི་མཚན་གནས་ཀྱི་གནད་དོན།༽དེ་ལ་གོ་རྒྱུ་རྩ་བ་ནས་མི་འདུག སུས་ནང་དོན་གང་ཞིག་ལ་ལོག་བཤད་དམ་འབྲེལ་བཤད་ལོག་པ་བརྒྱབས་པའི་ནང་དོན་འདི་ཁ་གསལ་མི་འདུག རྒྱུ་ཚན་དེ་ལ་བརྟེན་ནས་ཡང་སྐྱར་འབྲེལ་བཤད་ཁ་གསལ་ཞིག་གནང་དགོས་འདུག
    རབ་བྱུང་ན་སྤྱི་ཟླ་བརྒྱད་པའི་ནང་༧དཔལ་ལྡན་དགའ་ལྡན་ཕོ་བྲང་ཆེན་མོའི་དྲུང་སྤྱི་རྣམ་པ་གཉིས་དང་། ༧དཔལ་ལྡན་བཀའ་ཤག་ལྷན་རྒྱས་བར་མཐའ་དོན་གྱི་བཀའ་གྲོས་བྱུང་བ་དེ་མི་དམངས་ལ་གསལ་བཤད་གནང་དགོས་ཡོད་པར་མཐོང་།

  21. གངས་རིའི་བུ། says:
    2016-02-05 at 4:11 pm

    བཀའ་ཤག་བསལ་བཤད་འདིར་གཟིགས་དང་། ༼http://tibettimes.net/%E0%BD%91%E0%BD%B4%E0%BD%A6%E0%BC%8B%E0%BD%A0%E0%BD%81%E0%BD%BC%E0%BD%A2%E0%BC%8B%E0%BD%91%E0%BD%96%E0%BD%84%E0%BC%8B%E0%BD%86%E0%BD%BA%E0%BD%93%E0%BC%8B%E0%BD%95%E0%BE%B1%E0%BD%B2%E0%BD%A2%E0%BC%8B/༽ ད་ལྡ་བཀའ་དྲུང་བསལ་བཤད་དང་འགལ་བ་རེད་འདུག བློ་སེང་གིས་྄༧གོང་ས་མཛད་རིམ་མང་པོ་རེད། བཀའ་ཤག་གོ་འདུར་བྱས་ནས་ཕྱིར་འགྱངས་བྱས་པ་ཡིན་ཟེར་སོང་། དགའ་ལྡན་ནས་མི་སྣ་སླེབས་ནས་ད་ལོའི་དུང་དབང་གནང་ཐུབ་ས་མ་རེད། ༧གོང་ས་མཆོག་སྨན་བཅོས་གནང་དགོས་ཀྱི་འདུག་ཟེར་

  22. གངས་རིའི་བུ། says:
    2016-02-05 at 4:12 pm

    http://tibettimes.net/%E0%BD%91%E0%BD%B4%E0%BD%A6%E0%BC%8B%E0%BD%A0%E0%BD%81%E0%BD%BC%E0%BD%A2%E0%BC%8B%E0%BD%91%E0%BD%96%E0%BD%84%E0%BC%8B%E0%BD%86%E0%BD%BA%E0%BD%93%E0%BC%8B%E0%BD%95%E0%BE%B1%E0%BD%B2%E0%BD%A2%E0%BC%8B/

  23. གངས་རིའི་བུ། says:
    2016-02-05 at 6:37 pm

    དུས་དབང་ཕྱིར་འགྱངས་སྐོར་ལ། དེ་རིང་བཀའ་དྲུང་དང་ཕྱི་དྲིལ་དྲུང་ཆེ་སོགས་གཞུང་ཞབས་ཐོན་ཏེ། གསལ་བཤད་བྱེད་པ་འདི་ཡག་པོ་མ་རེད། རྣམ་པ་གསར་པ་ཅི་འདྲ་ཞིག་བསྟན་རུང་། དེ་ནི་ད་ལྟའི་སྲིད་སྐྱོང་ལས་ཐོག་གི་བསམ་ཚུལ་དང་ཐབས་བྱུས་རེད་མ་གཏོགས། གསལ་བཤད་དེ་གཤམ་འོག་གཞུང་ཞབས་བཀོལ་ཏེ་བྱས་པ་དེས། ཁུངས་བཙན་དུ་འགྲོ་རྒྱུ་ཅི་ཡང་མེད།

    འགྲོ་ལུགས་ལྟར་ན། དུས་དབང་ཕྱིར་འགྱངས་སྐོར་ཐོག་མ་ནས་སྐུ་སྒེར་ཡིག་ཚང་རང་གིས་གསལ་བཤད་གནང་དགོས་པ་ཞིག་རེད། དེ་འདྲ་གང་ཡང་མེད་པར་བློ་སེང་རང་གིས་གསལ་བསྒྲགས་བྱས་པ་རེད། གསལ་བསྒྲགས་དེ་ཡང་བཀའ་ཤག་གིས་དུས་དབང་ཕྱིར་འགྱངས་གནང་རོགས་ཞེས་གསོལ་འདེབས་ཞུས་པ་དང་། དེ་ལ་ཞལ་བཞེས་ཐོབ་ལུགས་བསྒྲགས་པ་རེད། ད་ཆ་བཀའ་ཤག་གིས་གསོལ་འདེབས་དེ་འདྲ་ཞུས་མེད། ༸གོང་ས་མཆོག་གི་སྨན་པའི་སློབ་སྟོན་དང་། ཐུགས་དམ་དགོངས་དོན་ཡིན་ཚུལ་རྗོད་བཞིན་པ་དེ་ག་རང་གིས། གནས་ཚུལ་མགོ་རྙོག་ཏུ་བཏང་བ་ལས་གསལ་དུ་སོང་མེད།

    ད་ལྟ་གཞུང་ཞབས་བཀོལ། གཞུང་ཡིག་སྤྱད་དེ་གསལ་བཤད་རིང་བོ་ཞིག་བྱེད་བཞིན་འདུག་ཀྱང་དེས་གནས་ཚུལ་གསལ་དུ་སོང་མེད་པར་མགོ་རྙོག་ཏུ་བཏང་ཡོད།

    དྲ་རྒྱ་གཞན་ནས་ཤུས།

  24. དྲོང་བདེན says:
    2016-02-05 at 8:01 pm

    བཀའ་ཤག་གི་གསར་འགོད་གསལ་བསྒྲགས་འདི་དུས་ཐོག་ཆར་པ་རང་རེད། གསལ་བསྒྲགས་འདིས་་མི་དམངས་ཀྱི་དྭོགས་པ་སེལ་བ་རེད། འདིས་་སྲིད་སྐྱོང་ལ་ཡིད་ཆེས་ཆེ་རུ་བཏང་སོང་བ་མ་ཟད་་་ད་ལྟའི་བཀའ་ཤག་གིས་ལས་དོན་བྱེད་ཕྱོགས་ལ་ཕྱོགས་ཡོངས་ནས་རྒྱལ་བའི་བཀའ་གསུང་ཅི་བསྒྲུབ་ཡིན་པར་ངེས་པ་བརྙེད་སོང་། འདིས་སྔོན་ལོར་ད་ལྟའི་སྲིད་སྐྱོངམཆོག་་ལ་འོས་ཕུལ་བ་དེར་སྤོབས་པ་སྐྱེད་བཅུག་སོང་། སྤྱི་འཐུས་ཚོགས་གཙོ་མཆོག་ངོ་མ་དྲང་བདེན་དང་་རྒྱལ་བའི་བཀའ་གསུང་ཅི་སྒྲུབ་བྱེད་མཁན་ཞིག་ཡིན་ན་་་ད་ལན་བོད་རྒྱ་ཆེ་མི་དམངས་དང་་་དམིགས་ཀྱི་རྒྱལ་བ་རིན་པོ་ཆེར་་བཟང་སྤྱོད་ཀྱི་ཐོག་ནས་དགོངས་སེལ་ཞུ་དགོས། དེ་ལྟར་མ་ཞུ་ན་་ཁོ་རང་འོས་ཤོག་མ་རགས་པ་ཙམ་མ་ཟད་་ད་བར་ཧུར་ཐག་གནང་བ་དེར་ཡང་མི་དམངས་ཀྱི་སེམས་ནང་རང་བཞིན་གྱིས་དྭོགས་པ་མ་བཟའ་ཀ་མེད་ཆགས་ཡོད་རེད། གུས་་་བོད་པ་ནས་་་་་ཕ་རན་སི་ནས་་གསལ་བསྒྲགས་མཐོང་བ་དང་བྲིས།

  25. སྲོང་བཙན། says:
    2016-02-05 at 9:45 pm

    https://www.facebook.com/Tbetanboy11/videos/1010139955707060/

    བརྙན་ཐུང་འདི་ནང་སྤེན་པ་ཚེ་རིང་གི་གཏམ་སྔ་ཕྱི་མི་མཐུན་པ་བཤད་པ་དང་གཅིག གཉིས་པ། དེ་རིང་རྡ་ས་གསར་འགོད་པ་ལ་རྫུན་གཏམ་བཤད་པ་གཉིས་དམར་རྗེན་དུ་སྟོན་ཡོད།

    གཅིག་ནི། ཁོས་ཨ་རིའི་ནང་ལ་གཏམ་བཤད་བྱས་པའི་སྐབས་སུ། སྲིད་སྐྱོང་གི་ཁོ་ལ། སྤྱི་ཟླ་08-29 ཉིན་ཁོ་ལ་ཞལ་པར་ཕེབས་སོང་ཟེར་བ་དང་། ཡང་རྡ་ས་གསར་འགོད་པ་ལ། སྲིད་སྐྱོང་གི་ཁོ་ལ་སྤྱི་ཟླ་08-30 ཉིན་ཞལ་པར་འབྱོར་སོང་ཟེར་བའི་གཏམ་སྔ་ཕྱི་འགལ་བའི་སྐད་ཆ་བཤད་པ་དང་།

    གཉིས་པ། ཁོས་དེ་རིང་རྡ་ས་གསར་འགོད་པ་ལ། སྐུ་སྒེར་དྲུང་ཆེ་གཉིས་བཀའ་ཤག་ནང་ལ་མར་ཕེབས་ནས་གསལ་བཤད་གནང་བ་ཁོ་ལ་སྲིད་སྐྱོང་གི་མ་ལབ་པའི་རྐྱེན་གྱི་གསལ་བསྒྲགས་མ་བྱས་བར་དུ། སྔོན་ཆེད་ལ་ཁོས་ཤེས་མ་སོང་ཟེར་ནས་རྫུན་བཤད་བྱས་པ།

    རྒྱུ་མཚན་ནི། སྔོན་མ་ཁོས་ཨ་རིའི་ནང་ལ་གཏམ་བཤད་གཅིག་བྱས་སྐབས་པའི་སྐབས་སུ། སྐུར་སྒེར་དྲུང་ཆེ་གཉིས་བཀའ་ཤག་ནང་ལ་མར་བཏང་པ་རེེད་ཟེར་ནས་ཡང་ཁོས་ཤེས་ཡོད་ཚུལ་གཏམ་བཤད་བྱས་འདུག ད་གཏམ་གང་ལ་བདེན་འཛིན་དགོས་རེད།

  26. བློ་བཟང་། says:
    2016-02-05 at 9:58 pm

    ༼དུས་དབང་ཕྱི་འགྱང་གི་དངོས་སྒྲུང་།༽
    རྡ་རམ་ས་ལར་རྟེན་གཞི་བྱས་པའི་མདོ་སྟོད་ཆུ་བཞི་སྒང་དྲུག་༼ཆུ་བཞི་སྒང་དྲུག་གསར་པ་ཡང་ཟེར།༽གིས་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་འབུལ་རྒྱུ་སྙན་སེང་ཞུས་སྐབས། ༧གོང་ས་ཆེན་པོ་མཆོག་གིས་ཐུགས་རྒྱས་ཚོར་ཆེན་པོས། “དེ་འགྲིག་གི་རེད། བཀའ་ཤག་ལ་གྲོས་བསྡུར་གནང་སྟེ། ལོ་རྗེས་མར་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་དང་མཉམ་དུ་བྱེད་བཞག་ན” ཞེས་ཞལ་བཞེས་གནང་ཡོད་འདུག
    ད་ལོའི་དུས་དབང་སོ་བཞི་པའི་སྦྱིན་བདག་གཙོ་བོ་བཀའ་ཤག་ཡིན་སྟབས། མདོ་སྟོད་ཆུ་བཞི་སྒང་དྲུག་གིས་དེ་དོན་བཀའ་ཤག་ལ་ཡིག་འབྲེལ་གནང་སྐབས། བཀའ་ཤག་གིས་ཡིག་ལན་རྡ་རམ་ས་ལའི་མདོ་སྟོད་ཆུ་བཞི་སྒང་དྲུག་ལ་གཏོང་རྒྱུའི་ཚབ་ཏུ་གཏོང་ཡུལ་ནོར་ཏེ་༼ཆེད་དུ་ལྡི་ལིའི་ཆུ་བཞི་སྒང་དྲུག་ལ་བཏང་བའི་སྐད་ཆའང་འདུག༽ལྡི་ལིར་རྟེན་གཞི་བྱས་པའི་མདོ་ཁམས་ཆུ་བཞི་སྒང་དྲུག་༼ཆུ་བཞི་སྒང་དྲུག་རྙིང་པ་ཡང་ཟེར།༽ལ་བཏང་ཡོད་འདུག ལྡི་ལིའི་མདོ་ཁམས་ཆུ་བཞི་སྒང་དྲུག་གི་མི་སྣ་དང་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན། དེ་བཞིན་རྡ་རམ་ས་ལའི་མདོ་སྟོད་སྤྱི་འཐུས་ཁ་ཤས་བཀའ་ཤག་ལ་བཅར་ཏེ། བཀའ་ཤག་གིས་གཞུང་གིས་ངོས་ལེན་མེད་པའི་ཚོགས་པ་ཞིག་ལ་ཡིག་འབྲེལ་བྱས་པ་གང་མིན་ཚད་དང་བཀའ་ཤག་ཁྲིམས་གཏུག་བྱ་རྒྱུ་ཡིན་ཚུལ་སོགས་བརྗོད་དེ་རྙོག་གྲ་མང་པོ་བཟོས་འདུག
    བཀའ་ཤག་གིས་ཆུ་བཞི་སྒང་དྲུག་ལ་བཏང་བའི་ཡི་གེའི་ནང་ད་ལོའི་དུས་འཁོར་དབང་ཆེན་གྱི་སྦྱིན་བདག་བོད་མིའི་སྒྲིག་འཛུགས་ཡིན་སྟབས། བཀའ་ཤག་ལས་གཞན་སུ་གང་ལའང་བརྟན་བཞུགས་སོགས་ཀྱི་གོ་སྐབས་ཕུལ་རྒྱུ་མིན་སྐོར་འཁོད་ཡོད་སྟབས། རྡ་སའི་མདོ་སྟོད་ཆུ་བཞི་སྒང་དྲུག་གིས་བསྐྱར་དུ་དགའ་ལྡན་ཕོ་བྲང་ལ་སྙན་གསེང་ཞུས་ཏེ་སྐུ་སྒེར་དྲུང་ཆེ་རྣམ་པས་གྲོས་བསྡུར་གནང་མཐར། སྤྱི་ལོ་ ༢༠༡༥ ཟླ་བ་ ༨ ཚེས་པ་ ༢༧ ཉིན་༧གོང་མཆོག་ལ་ཞུས་སྐབས་༧གོང་ས་མཆོག་དགོངས་པ་འཚོམས་ཏེ་ “དུས་འཁོར་དབང་ཆེན་དེ་ཆབ་སྲིད་ཆགས་ཀྱི་འདུག་ལབ་ཀྱི་ཡོད་པ་རེད་ལ། ད་དངོས་ནས་ཆགས་ཡོང་གི་འདུག་ག དེ་འདྲ་བྱས་ན། དུས་འཁོར་དབང་ཆེན་ཕར་འགྱངས་ཤོག” ཅེས་བཀའ་གནང་སྟེ་ཡར་བཞེངས་ཏེ་ཕེབས་ཡོད་འདུག ཚེས་ ༢༩ ཉིན་སྐུ་སྒེར་དྲུང་ཆེ་གཉིས་བཀའ་ཤག་ལ་བཅར་སྐབས་བཀའ་ཤག་གིས་ཀྱང་གནས་ཚུལ་དེ་ཐོས་ཏེ་སྐུ་མདུན་ལ་བཅར་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་འདུག
    གོང་ས་ཆེན་པོ་མཆོག་དགོངས་པ་འཚོམས་ཏེ་དུས་འཁོར་དབང་ཆེན་ཕྱི་འགྱངས་གནང་བའི་གནས་ཚུལ་དེ་སྐུ་སྒེར་དྲུང་ཆེ་བློ་བཟང་སྦྱིན་པས་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་ལ་ལན་བསྐྱལ་བ་རེད་ཟེར་བ་ཞིག་དང་། སྐུ་སྒེར་དྲུང་ཆེ་བསྟན་འཛིན་སྟག་ལྷས་སྲིད་སྐྱོང་བློ་བཟང་སེང་གེ་ལ་ཐད་ཀར་ཞལ་པར་བཏང་བ་རེད་ཟེར་མཁན་རིགས་གཉིས་འདུག གང་ལྟར་དེ་རྗེས་ལ་སྲིད་སྐྱོང་བློ་བཟང་སེང་གེ་དགའ་ལྡན་ཕོ་བྲང་ལ་བཅར་ཏེ། དུས་འཁོར་དབང་ཆེན་ཕྱི་འགྱངས་དེ་མི་མང་ལ་གསལ་བསྒྲགས་གནང་ཕྱོགས་སྐོར་ལ་བཀའ་བསྡུར་གནང་སྟེ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་མཛད་འཕྲིན་ཉུང་འཕྲི་གཏོང་ཆེད་ཡིན་པའི་བཅོས་སྒྲུང་དེ་བསྒྲིགས་པ་ཡིན་འདུག

  27. སྲོང་བཙན། says:
    2016-02-05 at 11:15 pm

    གཤམ་གྱི་ངོ་དེབ་ཀྱི་དྲ་ཐག་ན་ངེས་པར་ཉན་དགོས་པའི་གཏམ་བཤད་ཡག་པོ་ཞིག་འདུག ཁྱེད་ཀྱིས་མ་ཉན་ན་གྱོང་རེད།
    https://www.facebook.com/sonam.palden.1959/posts/892965037487996
    ཁ་སང་བཀའ་ཤག་གི་གསལ་བསྒྲགས་དང་ཚོགས་གཙོའི་དེ་སྔོན་གྱི་གསུང་བཤད་ཁག་གཤིབ་བསྡུར་གྱིས་གཏམ་བཤད་ཡག་པོ་གནང་འདུག

  28. ཀརྡོ་གཉེར་ཕྱག་པ་ says:
    2016-02-06 at 12:27 am

    བཀའ་ཤག་གིས། གསལ་བཤད། དུས་ཐོག་ཏུ། སྤེལ་བར། བཀའ་དྲིན། ཆེའོ།།

  29. རྫ་ཆུ་སྔོན་མོ says:
    2016-02-06 at 1:51 am

    དོན་ངོ་མ་དུས་འཁོར་དབང་ཆེན་ཕྱིར་འགྱངས་དེ། བཀའ་ཤག་གིས་༸མགོན་པོ་མཆོག་ལ་ཡར་གསོལ་བ་བཏབ་ནས་གནང་བཅུག་པ་རེད་དམ། དགའ་ཕོ་བྲང་གིས་མར་བཀའ་ཤག་ལ་བཀའ་གནང་སྟེ་མཚམས་འཇོག་བྱེད་བཅུག་པ་རེད། དོགས་པ་ཆེ་རུ་བཏང་སོང་། ཁ་རྩང་གི་བཀའ་ཤག་གིས་གསལ་བཤད་དེས་མི་མང་ལ་གསལ་པོ་ཆཊ་རྒྱུའི་ཚབ་ཏུ་མགོ་རྙོག་ཏུ་བཏང་སོང་།

  30. ཀརྡོ་གཉེར་ཕྱག་པ་ says:
    2016-02-06 at 3:40 am

    བཀའ་ཤག་གིས། སྤེན་ཚེས་ལ། འབམ་ཆུང་ཅིག བཞག་པ། འདིར་ཉན་ཐུབ།
    https://www.facebook.com/100010798146019/videos/174485496254721/

  31. ཀརྡོ་གཉེར་ཕྱག་པ་ says:
    2016-02-06 at 3:48 am

    སྤེན་ཚེས། རང་འགན་མ་འཁྱེར་བ་ཡིན་ནམ། ཡང་ན། མང་གཙོའི་སྲིད་དོན་ཕྱོགས་འགལ་ཚོགས་པའི་ཚབ་ནས་བྱས་ནས། དེའི་ལས་འགན་འཁུར་བ་རེད། ལགས། བཀའ་ཤག ལགས།

  32. ཀརྡོ་གཉེར་ཕྱག་པ་ says:
    2016-02-06 at 3:51 am

    ང་བློ་སེང་ལགས་ལ་རྒྱབ་སྐྱོར་ཡོད་ཀྱང་། བཀའ་ཤག་གིས། ལས་བྱེད་རྐུབ་བཀྱག་བེད་སྤྱད་ནས། བཀའ་ཟག་གི་དངོས་དོན་གསལ་བཤད་འདི། དངོས་དོན་རང་ཅང་ཨ་ཡིན་སྙམ་ཤིང་། སྤེན་ཚེ་ལགས་ལ། འབུར་འཇོམས་བྱས་པ་ལྟ་བུ་ཞིག་སྣང་བས། ཀུན་གྱིས་དཔྱད་པར་འཚལ།།

  33. བསྟན་འཛིན་ཤེས་རབ། says:
    2016-02-06 at 3:55 am

    བཀའ་ཤག་གི་གནང་སྟངས་འདི་ངོ་མ་སྡུག་ཅག་རེད། དང་བོར་མི་དམངས་ལ་སྐྱག་བརྫུན་བཤད། བརྫུན་ཨ་བྲ་གཉིས་ཀྱི་རྔ་མ་ཐུང་ཞེས་པ་ལྟར་སྐྱག་བརྫུན་གྱི་བོང་མཇུག་བརྡོལ་བས། ཡང་སྐྱག་བརྫུན་བཤད་པ་དེ་དགོས་དབང་ཡིན་མདོག་བྱེད། ད་དུང་རྫིག་རྫིག་བྱས་ནས་བྱས་ཉེས་ངོམ་སོར་འཁྱེར་གྱི་འདུག ངོ་མ་བཤད་ན་ད་ལྟའི་བཀའ་ཤག་གི་ད་ལྟའི་གནང་སྟངས་འདི་མི་དམངས་ལ་འགན་མ་འཁྱེར་རེད། མི་དམངས་ལ་མགོ་གཡོག་མགོ་སྐོར་རེད། མི་དམངས་ལ་མཐོང་ཆུང་དང་ཁྱད་གསོད་བྱས་པ་རེད།

    ཡང་ཅིག་བཤད་ན་ང་ཚོའི་གཞུང་འདི་དྲང་བོ་དྲང་རྐྱང་དང་ཕྱི་གསལ་ནང་གསལ་ཡིན་ཞེས་འཛམ་གླིང་ལ་བསྒྲགས་ཤིང་རྒྱ་ནག་ལ་ངོམ་བཞིན་ཡོད་པ་རེད། ད་ལྟོས་དང་། ངོ་མ་དེ་འདྲ་ཞིག་རེད་དམ། འདི་འདྲའི་ཐོག་ནས་སྐྱག་བརྫུན་བཤད་བཞིན་ཡོད་ན་གཞན་དག་ལ་ཡིད་ཆེས་བྱེད་ས་འགྲོའམ། མི་དམངས་ལ་སྐྱག་བརྫུན་བཤད་དེ་མགོ་གཡོག་མགོ་སྐོར་གཏོང་བ་འདི་གནས་སྟངས་ཚབས་ཆེ་ལོད་གང་འདྲ་ཞིག་ཡིན་པ་མཁྱེན་གྱི་མེད་པ་ཨེ་རེད། དཀའ་ཤག་ཨང་། རེ་ལྟོས་ཀྱིས་བརྟས་པའི་ང་ཚོ་ཡིད་ཆད་དུ་བཅུག་བྱུང་།

  34. བཀྲ་ཤིས། says:
    2016-02-06 at 4:35 am

    ད་བརྒྱ་བཤད་སྟོང་བཤད་ག་རེ་བྱས་ནའང་གསལ་པོ་ཤེས་པ་དེ་བར་སྐབས་གཞུང་གིས་བཀའ་མོལ་རིང་ཙམ་ཐུང་ཙམ་གསུངས་ནས་བོད་གཞུང་གི་གཟི་བརྗིད་ཉམས་འགོ་ཚུགས་པ་དེ་གསལ་པོ་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme