Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བཀའ་དྲིན་གཞལ་དུ་མ་མཆིས།

Posted on 2021-08-082021-08-11 By ཁ་བརྡ 1 Comment on བཀའ་དྲིན་གཞལ་དུ་མ་མཆིས།

འབྲིང་བ་འཇིགས་མེད།

༄༅།། དེ་རིང་ཕྱི་ལོ་ ༢༠༢༡ ཟླ་ ༨ ཚེས་ ༨ ། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཕྱི་ལུགས་དགུང་གྲངས་ ༧༩ ལ་ཕེབས་པའི་སྐུའི་འཁྲུངས་ཚེས་ཀྱི་ཉིན་མོ་འདི་དང་བསྟུན། ཁོང་རིན་པོ་ཆེ་མཆོག་གི་བཀའ་དྲིན་རྗེས་དྲན་ཞུ་སླད། ཁོང་གི་ཆོས་སྲིད་ལུགས་གཉིས་ཀྱི་མཛད་འཕྲིན་མཐའ་ཀླས་པའི་ཆ་ཤས་གཙོ་བོ་ཞིག་སྟེ། སློབ་དེབ་བློ་གསལ་མགུལ་རྒྱན་རྩོམ་སྒྲིག་མཛད་པའི་བཀའ་དྲིན་གྱི་ཆ་ཙམ་རང་བློར་དྲན་ཚོད་ལྟར་བརྗོད་པར་བྱ་བ་ལ།

         སློབ་དེབ་བློ་གསལ་མགུལ་རྒྱན་ནི་གཙོ་བོར་རབ་བྱུང་ཕོ་མོ་ན་གཞོན་རྣམས་ཀྱི་ཆེད་དུ་ཁོང་གིས་རྩོམ་སྒྲིག་མཛད་པ་ཞིག་ཡིན་ཞིང་། འདི་ལ་སྔོན་འགྲོའི་སློབ་དེབ་ཏུ་ཀ་ཁའི་ཀློག་དེབ་ ༡། སྦྱོར་ཀློག་གི་དཔེ་དེབ་ ༢། བྱིས་པའི་སློབ་དེབ་ ༡། ཡིག་གཟུགས་ཀྱི་མ་དཔེ་དེབ་ ༡། ཡིག་གཟུགས་སྦྱང་དེབ་ ༥། འཛིན་གྲྭ་དང་པོ་ནས་གསུམ་པ་བར་གྱི་འཛིན་གྲྭ་རེར་དངོས་གཞིའི་སློབ་དེབ་ ༣ རེ་དང་། ཟུར་བཀོལ་སློབ་དེབ་ ༡ རེ། བློ་འཛིན་དེབ་ ༡ རེ་བཅས་བསྡོམས་ ༡༥། འཛིན་གྲྭ་བཞི་པ་ནས་དགུ་པ་བར་གྱི་འཛིན་གྲྭ་རེར་བརྡ་སྤྲོད་དང་། སྙན་ངག རྒྱལ་རབས། ཆོས་འབྱུང་། ནང་པའི་ལྟ་གྲུབ། ཟུར་བཀོལ། བློ་འཛིན་བཅས་སློབ་དེབ་ ༧ རེ་བསྡོམས་ ༤༢། སྔ་དགོང་གི་ཞལ་འདོན་དེབ་ ༡། དགེ་རྒན་ལག་དེབ་ ༡ བཅས་ཁྱོན་བསྡོམས་དེབ་གྲངས་ ༦༩ ཡོད། སློབ་དེབ་འདིའི་པར་ཐེངས་དང་པོ་ཀིརྟིའི་བྱེས་པ་གྲྭ་ཚང་ནས་ཕྱི་ལོ་ ༢༠༡༧ ལོར་པར་ཏེ་ ༢༠༡༩ ལོར་༸གོང་ས་༸སྐྱབས་མགོན་ཆེན་པོས་ཞལ་དབྱེ་བཀའ་དྲིན་བསྐྱངས། པར་ཐེངས་གཉིས་པ་ཕྱི་ལོ་ ༢༠༢༠ ལོར་བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ནས་པར་སྐྲུན་གནང་། སྔ་ཕྱི་གཉིས་ཀ་རྒྱ་བལ་འབྲུག་གསུམ་དང་ཧི་མ་ལ་ཡའི་ཁུལ་གྱི་དགོན་སྡེ་ཁག་དང་བོད་མིའི་སློབ་གྲྭ་ཁག་ཏུ་འགྲེམས་སྤེལ་བྱས།

         ༡༽ སློབ་དེབ་འདི་ཉིད་རྩོམ་སྒྲིག་མཛད་རྒྱུའི་ཐུགས་བཞེད་ཀྱི་འདུན་པ་སྔ་མོ་ནས་འཁྲུངས་ཏེ། ལོ་ངོ་ཉི་ཤུ་ལྷག་གི་གོང་ནས་དཔྱད་གཞིའི་རྒྱུ་ཆ་དུ་མ་འཚོལ་སྒྲུབ་དང་། སྔོན་འགྲོའི་སློབ་དེབ་ཁག་ཅིག་གི་མ་ཟིན་བརྩམས་གནང་བ་སོགས་རྩོམ་སྒྲིག་གི་དབུ་བཙུགས་ཤིང་། རིམ་བཞིན་སློབ་དེབ་ཀྱི་རྒྱུ་ཆ་སྔར་བས་མང་བ་མཁོ་སྒྲུབ་སོགས་རྩོམ་སྒྲིག་གི་ཆ་རྐྱེན་ཁག་ཇེ་ལེགས་སུ་བཏང་བ་དང་བསྟུན། ཕྱི་ལོ་ ༢༠༡༤ ༌ ༢༠༡༥༌ ༢༠༡༦ བཅས་ལོ་ངོ་ཧྲིལ་པོ་གསུམ་གྱི་རིང་དངོས་སུ་རྩོམ་སྒྲིག་མཛད་དེ་ཆ་ཚང་གྲུབ་པར་མཛད། དགུང་ལོ་བགྲེས་ཤིང་སྐུ་གཟུགས་བདེ་མིན་དང་། ཕྱག་ལས་གཞན་གྱི་མཛད་བྲེལ་ཆེ་བ་སོགས་ཀྱི་སྐུ་ངལ་བརྒྱ་ཕྲག་དུ་མ་ཁྱད་བསད་ཀྱིས་ལོ་མང་རིང་རྩོམ་སྒྲིག་མཛད་པའི་དཀའ་སྤྱད་ཁུར་བཞེས་ཀྱི་བཀའ་དྲིན་ནི་གཞལ་དུ་མ་མཆིས།

         ༢༽ མ་འོངས་བསྟན་འཛིན་སྐྱེས་བུའི་སོན་རྩར་གྱུར་པའི་ད་ལྟའི་རབ་བྱུང་ཕོ་མོ་ན་གཞོན་རྣམས་བསྟན་པ་འཛིན་མཁན་དུ་སྐྱེད་སྲིང་ལེགས་པར་གནང་ཐུབ་པའི་ཆ་རྐྱེན་གྱི་གཙོ་བོ་སྟེ། རབ་བྱུང་ཕོ་མོ་ན་གཞོན་ཚོའི་སྔོན་འགྲོའི་སློབ་སྦྱོང་གི་ཁ་ཕྱོགས་དང་བསླབ་བྱའི་གནས་རྣམས་ཚང་ལ་མ་ནོར་བར་གཏན་འབེབས་དང་འབྲེལ། རིན་ཆེན་ནོར་བུའི་མགུལ་རྒྱན་དང་མཚུངས་པའི་སློབ་དེབ་ཀྱི་ཕྲེང་བ་འདི་རྩོམ་སྒྲིག་གིས་བློ་གསལ་གཞོན་ནུ་རྣམས་ཀྱི་མགྲིན་པ་མཛེས་པར་བརྒྱན་པ་དང་ཆབས་ཅིག དགེ་འདུན་གྱི་སྡེའི་ནང་དོན་རིག་པའི་སྔོན་འགྲོའི་སློབ་སྦྱོང་གི་དགོས་མཁོ་དང་འཚམས་ཤིང་དུས་རབས་ཀྱི་འགྲོས་དང་མཐུན་པའི་སྔོན་འགྲོའི་སློབ་དེབ་ཆ་ལག་ཚང་བ་ཞིག་ད་སྔ་མེད་པའི་སྟོང་ཆ་དེ་ཡོངས་སུ་སྐོང་གནང་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༣༽ དགེ་འདུན་གྱི་སྡེའི་སྔོན་འགྲོའི་སློབ་སྦྱོང་ནི། མི་ཚེའི་མདུན་ལམ་གྱི་ལས་རིགས་ཙམ་སྒྲུབ་བྱེད་ཀྱི་སྔོན་འགྲོའི་ཤེས་ཡོན་སྦྱོང་བའི་སྤྱི་ཚོགས་སློབ་གྲྭ་ཆུང་འབྲིང་ཁག་གི་སློབ་སྦྱོང་གི་གནས་ཚད་ལས་བརྒལ་ཏེ། བོད་བརྒྱུད་ནང་བསྟན་དཔལ་ནཱ་ལེནྡྲའི་ལྟ་གྲུབ་ཟབ་མོ་དང་མདོ་སྔགས་ཀྱི་གཞུང་ཆེན་མོར་ཐོས་བསམ་སྒོམ་གསུམ་དཔྱིས་ཕྱིན་པར་བྱེད་པའི་སྔོན་འགྲོའི་ཤེས་ཡོན་ཏེ། བོད་ཀྱི་སྐད་ཡིག་གཙོ་བོར་བྱས་པའི་རྨང་གཞིའི་རིག་གནས་ཁག་གི་གནས་ཚད་མཐོན་པོར་ཆགས་ཐུབ་པའི་དམིགས་ཚད་ངེས་ཅན་འཛིན་དགོས་པའི་གནས་ལུགས་གསལ་སྟོན་དང་འབྲེལ། དེང་དུས་ལྟར་གྱི་གཞི་རིམ་འཛིན་གྲྭ་དགུ་པ་ཐོན་སྐབས་དམིགས་ཚད་དེ་བཞིན་མངོན་འགྱུར་ཐུབ་པའི་འགྲོ་ལམ་འཐུས་ཚང་གཏན་འབེབས་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༤༽ དབུ་ཀ་ཁའི་སྦྱོར་ཀློག་ནས་བཟུང་སྟེ་སུམ་རྟགས་དག་གསུམ་གྱི་བརྡ་སྤྲོད་རྣམ་གཞག་རྒྱས་བསྡུས་འཚམས་ལ་ཆ་ལག་ཚང་བ་ཞིག་བསྒྲིགས་གནང་བ་དང་། ལྷག་པར་དུ་ད་སྐབས་རང་རིགས་གཞོན་སྐྱེས་རྣམས་བོད་སྐད་ཀྱི་ཐ་སྙད་མང་པོར་རྒྱུས་མེད་དུ་གྱུར་པས་བོད་ཚིག་གིས་ཕོངས་ཤིང་བོད་སྐད་རྣལ་མ་ཆ་ཚང་བ་ཞིག་ཤོད་དཀའ་བའི་གནས་ལ་གྱར་བཞིན་པའི་གནས་སྟངས་ཡ་ང་བ་འདི་རྨང་ནས་སླར་གསོ་ཡོང་ཆེད། དབྱངས་གསལ་སྔོན་རྗེས་མགོ་འདོགས་བཅས་ཀྱི་སྦྱོར་ཀློག་ཚད་ལྡན་ཡོང་ཐབས་དང་། བོད་ཀྱི་བརྡ་དག་དང་མིང་ཚིག་མང་པོ་རྩལ་འདོན་གྱིས་བསླབ་དགོས་པ་དང་བསླབ་ཐུབ་པར་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༥༽ བརྡ་སྤྲོད་སུམ་རྟགས་ཀྱི་གཞུང་དོན་རྣམས་བསྡུས་གྲྭའི་རྩོད་ལུགས་ཀྱི་ཁྱབ་མཐའི་རིག་པ་ལ་བརྟེན་ནས་སྦྱོང་བའི་སློབ་ཐབས་གསར་པས་སློབ་མ་དག་གི་རིག་པའི་སྒོ་མོ་ཇེ་ཆེར་དབྱེ་བ་དང་འབྲེལ། རིག་པའི་གནས་གཞན་དང་གཞན་ལ་ཚད་མའི་རིགས་ལམ་གྱིས་བརྡར་ཤ་གཅོད་པའི་རིགས་འཕྲུལ་གྱི་གོམ་སྟབས་གསར་པ་དངོས་སུ་སྤོ་ཐུབ་པར་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༦༽ བོད་ཡིག་དབུ་ཅན་དང་དབུ་མེད་ཀྱི་ཡིག་གཟུགས་ཁག་འཁྲིད་མཁན་གྱི་དགེ་རྒན་དངོས་སུ་མ་འབྱོར་ནའང་སྲོལ་རྒྱུན་གྱི་འབྲི་སྟངས་ལྟར་འབྲི་སྦྱོང་བྱེད་ཐུབ་ཆེད་ཡིག་གཟུགས་ཀྱི་མ་དཔེ་དང་འབྲི་དེབ་དཔེ་གསར་ཅན་བསྒྲིགས་ཏེ། ཡིག་གཟུགས་ཚད་ལྡན་ཤེས་ཐུབ་པའི་ཐབས་མཁས་ལྷུར་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༧༽ སྙན་ངག་ལེའུ་གཉིས་པ་གཙོར་བྱས་པའི་སྙན་ངག་གི་རིགས་པའི་གཞུང་ལུགས་དང་། ཚད་ལྡན་གྱི་སྙན་རྩོམ་བཅད་ལྷུག མངོན་བརྗོད། ཟློས་གར། གཏམ་རྒྱུད་སོགས་མཁས་པའི་བྱ་བ་གཙོ་བོ་རྩོམ་པའི་བྱ་བ་ལ་ཐོགས་མེད་དུ་འཇུག་ཐུབ་བྱེད་ཀྱི་ཤེས་བྱའི་སྡེ་ཚན་སྲོལ་རྒྱུན་གྱིས་གཞི་བཟུང་བར་དེང་རབས་ཀྱིས་ཟུར་བརྒྱན་ཏེ། སྙན་ངག་གསར་རྙིང་གཉིས་ཀ་སྟབས་གཅིག་ཏུ་བསླབ་བདེ་བར་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༨༽ བསྐལ་པ་ཡ་ཐོག་ནས་དུས་རབས་ཉི་ཤུ་པའི་བར་གྱི་བོད་གངས་ཅན་ལྗོངས་ཀྱི་སྣོད་བཅུད་ཀྱི་ཆགས་རིམ་དང་། བོད་སྤྱིའི་རྒྱལ་རབས། ས་ཁུལ་སོ་སོའི་རྒྱལ་ཕྲན་དང་དཔོན་རབས། བོད་ཁམས་སྟོད་སྨད་བར་གསུམ་གྱི་རི་ཆུ་མཚོ་གསུམ་དང་མི་སྣ་གྲགས་ཅན། བོད་ཀྱི་ཁྱིམ་མཚེས་རྒྱ་དཀར་ནག་ཧོར་སོག་གི་རྒྱལ་རབས་བཅས། མདོར་ན་བོད་དང་བོད་འབྲེལ་ཐམས་ཅད་ལ་ཁྱབ་པའི་སྤྱི་བྱེའི་ལོ་རྒྱུས་ཀྱི་མེ་ལོང་ཟླུམ་པོ་ཞིག་ལ་ལྟ་བ་ཇི་བཞིན་གཞི་གཅིག་ཏུ་བསླབ་བདེ་བར་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༩༽ འཛམ་གླིང་གི་ཆོས་ལུགས་ཆེ་ཁག་གི་བྱུང་བ་དང་ལྟ་གྲུབ། བོད་དུ་ནང་བསྟན་དར་ཚུལ་དང་། བོད་ནས་ཁྱིམ་མཚེས་རྒྱ་ཧོར་བལ་འབྲུག་དང་ནུབ་ཕྱོགས་བཅས་སུ་ནང་བསྟན་དར་ཚུལ། ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པ་སོ་སོའི་ཆོས་རྒྱུན་དང་སློབ་དཔོན་དགོན་སྡེ་བཅས་ཀྱི་བྱུང་རིམ། རྒྱ་གར་དང་བོད་ཀྱི་གནས་ཆེན་ཁག་གི་ངོ་སྤྲོད་སོགས་རིས་སུ་མ་ཆད་པའི་ཆོས་ལུགས་ཆོས་བརྒྱུད་གྲུབ་མཐའ་ཐམས་ཅད་ཀྱི་བྱུང་བ་གཙོ་ཆེ་བ་མཐའ་དག་དེབ་ཐེར་གཅིག་གི་ངོ་བོར་བསླབ་བདེ་བར་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༡༠༽ ནང་པ་སངས་རྒྱས་པ་སྤྱིའི་ལྟ་གྲུབ་ཀྱི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་དང་། ས་དགེ་བཀའ་རྙིང་ཇོ་ནང་བོན་དང་བཅས་པའི་ལྟ་གྲུབ་ཀྱི་སྙིང་དོན། ནང་པའི་ལྟ་སྤྱོད་དང་འབྲེལ་བའི་སྤྱིར་བཏང་ཤེས་བྱའམ་ཐུན་མོང་གི་གནས་ལུགས་ཤེས་བྱ་སྣ་ཚོགས། སྐྱབས་འགྲོ་དང་ལས་འབྲས། དགེ་ཚུལ་གྱི་བསླབ་བྱ། བཤེས་གཉེན་བསྟེན་ཚུལ། ཆོས་དང་འབྲེལ་བའི་རྟེན་དངོས་དང་། ཆས་གོས། ཕྱག་སྲོལ། ཆོ་ག ལག་རྩལ་སོགས་ཆོས་ཕྱོགས་ཀྱི་རྒྱུན་ཤེས་དུ་མ་བཅས། མདོར་ན་ནང་པའི་ལྟ་སྤྱོད་ཀྱི་རྨང་གཞིའི་ཤེས་བྱ་དང་རགས་པ་སྤྱིའི་རྣམ་གཞག་གཙོ་གལ་ཆེ་བ་མང་པོ་དཀྱིལ་འཁོར་གཅིག་གི་ལྷ་ཚོགས་དུས་གཅིག་ཏུ་མཇལ་བ་ལྟ་བུར་རིས་མེད་ཕྱོགས་གཅིག་ཏུ་བསླབ་ཐུབ་པར་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༡༡༽ བསྡུས་གྲྭ་དང་བློ་རྟགས་ཀྱི་སྡོམ་ཚིག་དང་ཁྱབ་མཐའ་སོགས་དང་འབྲེལ་ནས་ཚད་མའི་རིགས་ལམ་གྱི་རལ་གྲི་ངར་མས་རྨོངས་པའི་ཚང་ཚིང་རྡུལ་དུ་རློག་པའི་རིག་པ་ཁྱད་པར་ཅན་ལ་ལོ་ན་ཆུང་དུས་ནས་བྱང་ཆུབ་པར་སྦྱང་དུ་བཅུག་སྟེ། ཐུན་མོང་དང་ཐུན་མོང་མིན་པའི་གཞུང་ལུགས་རྒྱ་མཚོ་ལྟ་བུ་ལ་བདེ་བླག་ཏུ་འཇུག་པའི་སྤོབས་པ་ཅན་དུ་འགྱུར་ཐུབ་པའི་ལམ་བཟང་རྒྱ་ཆེར་བཏོད་གནང་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༡༢༽ སློབ་མ་དབང་རྣོན་ཚོའི་ཆེད་དུ། བརྡ་སྤྲོད་དང་སྙན་ངག་སོགས་དངོས་གཞིའི་སློབ་ཚན་སོ་སོའི་ཡན་ལག་དང་རྒྱབ་ལྗོངས་ཀྱི་གཞུང་ཚན་དུ་མ་དང་། འབྲེལ་ཡོད་ཀྱི་ཤེས་བྱ་སྨན་དང་། རྩིས། འཕྲོད་བསྟེན་དང་འབྲེལ་བ། བོད་ཀྱི་སྲོལ་རྒྱུན་རི་མོ་དང་དེང་དུས་ཀྱི་དངོས་བྲིས་རི་མོ་འབྲི་སྟངས། སྲོལ་རྒྱུན་གྱི་ལག་བཟོ་སྣ་ཚོགས། ཡིག་བསྐུར་རྣམ་གཞག ཚན་རིག་སྐོར་གྱི་སྤྱིར་བཏང་ཤེས་བྱ་སོགས་གནའ་དེང་གི་ཤེས་བྱ་སྣ་ཚོགས་ཟུར་བཀོལ་དུ་བསྒྲིགས་ཏེ། རང་དབང་གི་རིག་པའི་ཐང་ཆེན་ཞིག་དང་སྣ་ཚོགས་ཀྱི་ཤེས་བྱའི་བང་མཛོད་ཅིག་བསྐྲུན་པ་དང་འབྲེལ། སློབ་མའི་ལྟ་རྒྱ་ཐོས་རྒྱ་ནམ་མཁའི་མཐོངས་ལྟར་ཡངས་པར་འགྱུར་བའི་འཕྲུལ་གྱི་སྒོ་མོ་རྒྱ་ཆེར་ཕྱེ་གནང་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༡༣༽ སློབ་ཚན་སྔ་ཕྱི་སོ་སོའི་བར་གསེང་དུ་སྔོན་དང་ད་ལྟའི་མཁས་པའི་གསུང་གི་བསླབ་བྱ་དང་། ལེགས་བཤད། གཏམ་དཔེ། སྒྲུང་། ལྡེའུ། གླུ་གཞས། རི་མོ་སོགས་སྐབས་སོ་སོར་འོས་ཤིང་འཚམས་པར་བཀོད་དེ། སྐབས་བབས་ཀྱི་སློབ་ཚན་དངོས་སློབ་པ་དང་ཤེས་པ་ལ་བོགས་འདོན་བྱེད་པ་དང་ཆབས་ཅིག སྒོ་གསུམ་གྱི་བྱ་སྤྱོད་ཡ་རབས་སུ་འགྱུར་བ་སྟེ། ཞི་དུལ། བག་ཡོད། གུས་བཀུར། ཆོག་ཤེས། གཞན་ཕན། དྲང་བདེན། སྙིང་སྟོབས་དང་བྱམས་སེམས་ལྡན་པ་ཞིག་ཏུ་འགྱུར་བའི་སློབ་གསོའི་ནུས་པ་གཏིང་ནས་འཐོན་ཞིང་བག་ཆགས་བཟང་པོ་རྨང་ནས་འཇོག་པའི་ཐབས་ཁྱད་པར་བ་དང་ལྡན་པར་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༡༤༽ སློབ་ཚན་གཙོ་བོ་ཁག་གི་རྩ་ཚིག་དང་སྡོམ་ཚིག ནང་ཆོས་དང་འབྲེལ་བའི་ཞལ་འདོན་ཉུང་ཤས་བཅས་བློ་འཛིན་བྱེད་དགོས་པའི་སྡེ་ཚན་ཟུར་བསྒྲིགས་མཛད་དེ། གཞུང་དོན་གྱི་རྩ་བ་དང་སྡོམ་ཚིག་བློ་ལ་བྱང་བའི་སྒོ་ནས་སློབ་སྦྱོང་གཞན་ལས་ཟབ་པ་བྱེད་ཐུབ་པ་དང་།  ཚིག་བཟང་པོ་ཁ་ཏོན་དུ་བྱས་པས་སྒོ་གསུམ་ཆོས་དང་མཐུན་པར་སྤྱོད་པའི་བག་ཆགས་བཟང་པོ་འཇོག་པ་དང་ཆབས་ཅིག གཞུང་ཚིག་བློ་འཛིན་བྱེད་པའི་སྲོལ་རྒྱུན་གྱི་སློབ་ཐབས་བཟང་པོ་མི་ཉམས་རྒྱུན་སྐྱོང་ཐུབ་པར་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༡༥༽ བསླབ་གཞིའི་ཁྱབ་ཁོངས་ནི། ཡུལ་ཁམས་དང་། ཆོས་ལུགས། ཆོས་བརྒྱུད། ཆོལ་ཁ་སོགས་ཀྱི་དབྱེ་བ་མེད་པར་སྤྱི་བྱེ་སོ་སོའི་ལོ་རྒྱུས་དང་ལྟ་གྲུབ་སོགས་འཚམ་པར་བཀོད་པ་དང་། སྲོལ་རྒྱུན་དང་དེང་རབས། གནའ་བོ་དང་དེང་དུས། ཆོས་དང་རིག་གནས། ནང་དོན་རིག་པ་དང་ཚན་རིག་སོགས་ཀྱི་ཕྱོགས་གཅིག་ཏུ་མ་ལྷུང་བར་ཕྱོགས་སོ་སོའི་རིག་པ་དང་ཤེས་ཡོན་འདུས་པར་བཀོད་དེ། རིས་མེད་ཐུན་མོང་གི་ཤེས་བྱའི་སྐྱེད་ཚལ་ཡངས་པོ་ཞིག་གསར་བསྐྲུན་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༡༦༽ བསླབ་གཞི་འདེམས་སྒྲུག་ནི། གནའ་དེང་གཉིས་ཀ་དང་འཕགས་བོད་གཉིས་ཀའི་མཁས་པ། སྐྱ་སེར་གཉིས་ཀ་དང་རྒན་གཞོན་གཉིས་ཀའི་མཁས་པ་དག་གི་གསུང་རྩོམ་དང་། བོད་ཕྱི་ནང་གཉིས་ཀ་དང་དགོན་སྡེ་དང་སྤྱི་ཚོགས་གཉིས་ཀའི་སློབ་དེབ་དང་དུས་དེབ་སོགས་འབྲེལ་ཡོད་བསྟན་བཅོས་བརྒྱ་ཕྲག་དུ་མའི་ནང་ནས་བསླབ་གཞིར་གང་དགོས་འདེམས་སྒྲུག་གིས་ཚིག་དོན་གཉིས་ཀར་བཅོས་བསླད་མེད་པར་ཐམས་ཅད་ཕྱོགས་གཅིག་ཏུ་རིམ་པ་དང་ལྡན་པར་སྤུངས་ཏེ། རིས་མེད་ཐུན་མོང་གི་ཤེས་བྱའི་གཏེར་མཛོད་ཆེན་པོ་ཞིག་གསར་བསྐྲུན་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༡༧༽ བསླབ་གཞིའི་དམིགས་ས་ནི། སྐྱ་སེར་དང་མི་རིགས། རྒན་གཞོན་སོགས་ཀྱི་གཙོ་ཕལ་ཙམ་ཡོད་ནའང་སློབ་ཚན་རེ་ཟུང་མ་གཏོགས་སྔོན་འགྲོ་ནས་འཛིན་གྲྭ་དགུ་པའི་བར་གྱི་སློབ་ཚན་ཡོངས་རྫོགས། བོད་ཀྱི་ཆོས་དང་རིག་གཞུང་གི་རྨང་གཞིའི་ཤེས་ཡོན་དོན་དུ་གཉེར་མཁན་གྱི་ཕྱི་ནང་མི་རིགས་སྐྱ་སེར་ཕོ་མོ་སུས་སྦྱངས་ནའང་སྦྱང་ཆོག་པའི་ཐུན་མོང་གི་བསླབ་བྱའི་ངོ་བོར་བསྒྲིགས་ཏེ། རིས་མེད་ཐུན་མོང་གི་ཤེས་བྱའི་ལམ་པོ་ཆེ་ཞིག་གསར་བསྐྲུན་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༡༨༽ དགེ་རྒན་གྱིས་སློབ་ཁྲིད་གནང་སྟངས་དང་སློབ་མ་སྐྱོང་སྟངས་སོགས་དགེ་རྒན་གྱི་བྱེད་སྒོ་ཁག་དམ་པའི་ཆོས་དང་མཐུན་ཞིང་དེང་དུས་ཀྱི་སློབ་གསོའི་ལམ་ལུགས་དང་ཡང་མཐུན་པར་གནང་སྟངས་ཀྱི་ལམ་སྟོན་ཟབ་ཅིང་རྒྱས་པ་དག དགེ་རྒན་གྱི་ཉེར་མཁོའི་ལག་དེབ་རྨད་དུ་བྱུང་བ་ཞིག་གི་ང་ོབོར་ལྗགས་བསྒྲིགས་ཀྱིས་རིས་སུ་མ་ཆད་པའི་སྔོན་འགྲོའི་སློབ་གཉེར་ཁང་གི་དགེ་རྒན་དག་ལ་ཆེད་དུ་སྩལ་ཏེ། དགེ་རྒན་འོས་སྦྱོང་གནང་བ་དང་མཚུངས་པའམ་དགེ་རྒན་འོས་སྦྱོང་གི་དགོས་མཁོ་ཐམས་ཅད་ཚང་བར་མཛད་པའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༡༩༽ མདོ་སྔགས་ཀྱི་གཞུང་ཆེན་མོའི་སློབ་སྦྱོང་གི་སྔོན་འགྲོར་བོད་ཀྱི་སྐད་ཡིག་གིས་གཙོས་ཐུན་མོང་རིག་གནས་ཁག་ལ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་སྦྱངས་པའི་ཚེ་ན། དེའི་ཤུགས་ཀྱིས་གངས་ཅན་བོད་ཀྱི་མི་རིགས་དང་། རིག་གཞུང་། སྐད་ཡིག གོམས་སྲོལ་སོགས་མི་རིགས་ཀྱི་ཁྱད་ཆོས་བཟང་པོ་རྣམས་མི་ཉམས་གོང་དུ་འཕེལ་ཏེ། ཆོས་ལྡན་ཞིང་གི་མི་རིགས་རིག་གཞུང་དང་བཅས་པ་སྲུང་སྐྱོབ་ཐུབ་པར་མཛད་པའི་ཐབས་མཁས་ཐུགས་རྗེའི་བཀའ་དྲིན་གཞལ་དུ་མ་མཆིས།

         ༢༠༽ མདོར་ན། “མ་འོངས་པའི་ཕུགས་ཀྱི་རེ་བ་བཅོལ་སའི་གཞོན་ནུ་རྣམས། བོད་ཀྱི་སྐད་ཡིག་རྒྱུན་འཛིན་ཐུབ་པ་ཙམ་གྱིས་མི་ཆོག་པར། བོད་ཀྱི་སྐད་ཡིག་འདི་བརྒྱུད་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་ཆེ་ཆུང་ཀུན་ལ་གཏིང་ཟབ་ས་ནས་སློབ་སྦྱོང་བྱས་ཏེ། མི་ཉམས་རྒྱུན་འཛིན་བྱེད་ཐུབ་མཁན་དུ་སྐྱེད་སྲིང་བྱ་དགོས་པ་ནི་ད་ལྟའི་མི་རབས་འདིའི་ལས་འགན་གཙོ་བོ་”ཡིན་ཚུལ་ལམ་སྟོན་མཛད་པ་དང་འབྲེལ། དེའི་ཆེད་དུ། “གཞོན་ནུ་རྣམས་ (༡) བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྤྱིའི་སྔོན་འགྲོའི་ཤེས་ཡོན་གྱི་གནས་ཚད་ལྡན་པ། (༢) དེང་དུས་ཀྱི་ཤེས་རྒྱ་དང་མཐོང་རྒྱ་ཆེ་རུ་འགྲོ་བ། (༣) སྒོ་གསུམ་ཡ་རབས་སྤྱོད་བཟང་ཅན་དུ་འགྱུར་བ་བཅས་” ཀྱི་ཐབས་སུ་སློབ་དེབ་བློ་གསལ་མགུལ་རྒྱན་རྩོམ་སྒྲིག་མཛད་དེ། འཛམ་གླིང་ཞི་བདེ་འབྱུང་བའི་རྒྱུའི་གཙོ་བོ་ནང་སེམས་ཀྱི་ཞི་བདེ་དང་འབྲེལ་བའི་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱེད་པའི་དོན་དམ་པའི་ལྕགས་རི་བརྟན་ཅིང་བརྗིད་པ་ཞིག་གསར་བཞེངས་མཛད་པ་འདིའི་བཀའ་དྲིན་ནི་ནམ་ཡང་གཞལ་དུ་མ་མཆིས་ཀྱང་། སྐུའི་འཁྲུངས་ཚེས་ཀྱི་ཉིན་མོ་འདི་དང་བསྟུན་སྒོ་གསུམ་གུས་པ་ཆེན་པོས་བཀའ་དྲིན་རྗེས་དྲན་ལན་གྲངས་བརྒྱ་སྟོང་ཁྲི་འབུམ་དུ་ཞུ་ཞུ།།

         འབྲིང་བ་འཇིགས་མེད་ཀྱིས། ཕྱི་ལོ་ ༢༠༢༡།༨།༨ ཉིན།

སྣ་ཚོགས།

Post navigation

Previous Post: རྒྱ་གར་གྱི་འཁྲིག་སྤྱོད་རིག་པའི་བྱུང་བ་སྙིང་བསྡུས།
Next Post: རི་འགོར་སྨུག་པ། 

Comments (1) on “བཀའ་དྲིན་གཞལ་དུ་མ་མཆིས།”

  1. ཚེ་དཔག་རིག་འཛིན། says:
    2021-09-06 at 11:00 pm

    བཀྲིན་ཤིན་ཏུ་ཆེ། ༸སྐྱབས་མགོན་ཀིརྟི་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ལ་བཀྲིས་བདེ་ལེགས། འབྲིང་པ་འཇིགས་མེད་ལགས། སློབ་དེབ་བློ་གསལ་མགུལ་རྒྱན་ཆ་ཚང་གང་ནས་རེག་གི་རེད། ཨ་རིར་སྡོད་མཁན་ང་ལྟ་བུ་ལ་དགོས་ན། ག་ནས་བླུ་ཡོན་བྱེད་ཐུབ་བམ། བཀའ་ལན་ཞིག་ trigzin@emory.edu ལ་ཐད་གཏོང་གནང་རོགས་ཞུ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme