Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱིར་མིག་ཐེངས་གཉིས་པ། ཀ་བློན་སྦུག་ནས། ད་དུང་ཞལ་འདེབས།

Posted on 2013-06-072013-06-07 By ཁ་བརྡ་ 20 Comments on ཕྱིར་མིག་ཐེངས་གཉིས་པ། ཀ་བློན་སྦུག་ནས། ད་དུང་ཞལ་འདེབས།

གླིང་ཚ་ཚེ་བརྟན་རྡོ་རྗེ།

 
མགོ་ནག་བོད་མི་རྩམ་གཟན་ཞིག་གི་སྐྱེ་བ་བླངས་ཏེ། མི་ལོ་བཅུ་དགུའི་ཡར་སྔོན་ཏུ་གསར་འབྱོར་སྤྱི་མཚུངས་བཞིན་རྡོག་ཁྲེས་ཤིག་ཕྲག་པར་བླངས་ནས་རང་མི་རིགས་ཀྱི་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧གོང་ས་མཆོག་ལ་ཞལ་མཇལ་ཞིག་བྱུང་ན་ཤི་སོང་ཡང་བློ་འགྱོད་མེད་པའི་བསམ་བློ་དང་རང་རིགས་ལ་སྲི་ཞུ་གང་ཞིག་བྱེད་འདོད་ཀྱི་ཀུན་སློང་གིས་བོད་མི་ཚོས་འཕགས་ཡུལ་ཏུ་འབོད་པའི་གནས་མཆོག་རྡ་རམ་ས་ལར་འབྱོར་བ་དང་༧གོང་ས་རྒྱལ་བའི་དབང་བོ་མཆོག་གི་ཞལ་དངོས་སུ་མཇལ་བའི་སྐལ་བཟང་དང་གསུང་དངོས་སུ་ཐོས་པའི་སྐལ་བ། གསུང་རྩོམ་བཀའ་སློབ་ཁག་ལ་རང་གི་བློ་འདོད་བཞིན་ཀློག་ཆོག་ཆོག་གི་གོ་སྐབས་ཚང་མར་ལོངས་སྤྱོད་པའི་སྐལ་བ་རླབས་པོ་ཆེ་ཐོབ་ནས། མི་ལོ་དགུ་ལྷག་གི་རིང་ཡུལ་གྱར་བའི་བདེ་སྡུག་གི་རོལ་མྱོང་གང་འཚམ་བསགས་པའི་ཐ་མར། བོད་ཡུལ་ནས་ཞི་བའི་མེ་ལྕེ་གཅིག་རྗེས་གཉིས་མཐུད་དུ་བྱུང་བ་དང་རྒྱ་ནག་གི་དཔོན་རིགས་དག་གིས་བོད་ཐོག་ལ་འཛིན་པའི་སྲིད་ཇུས་ཡོངས་སུ་རྫོགས་པ་ཚིག་དམར་རྗེན་དུ་བསྒྲགས་སྟབས། རང་ཉིད་ཕྱི་རང་དབང་གི་རྒྱལ་ཁབ་ཞིག་ནས་ལྷོད་ཀྱིས་བསྡད་ན་འགྲིག་ཐབས་མེད་པའི་བསམ་པའི་ཀུན་སློང་དང་འཚེ་མེད་ཞི་བའི་འཐབ་རྩོད་ཅིག་ལ་བརྟེན་ནས་རང་མི་རིགས་འདི་ཉིད་ལ་སྲི་ཞུ་ཞིག་བྱེད་རྒྱུའི་ཆོད་སེམས་བརྟན་པོའི་དམ་བཅའ་དང་།  བློས་གཏོང་གིས་ཞི་བའི་འཐབ་རྩོད་ཀྱི་ཆ་ཤས་ཞི་བའི་གོམ་བགྲོད་ཐེངས་དང་བོ་དྲིན་མ་ལོ་དང་ནུ་མོ་གཉིས་དང་ལྷན་འགོ་བཙུགས་ནས་ཟླ་ངོ་གཉིས་ལྷག་གི་རྗེས་སུ་ཚང་མས་མཁྱེན་གསལ་ལྟར་དོན་དག་དེ་ནི་ལམ་ལྷོང་མ་བྱུང་བར། མཐར་ང་རང་བལ་ཡུལ་གྱི་བཙོན་དུ་ལོ་ལྔ་དང་ཟླ་ལྔ།  ཉིན་ཉེར་ལྔའི་བཙོན་འཇུག་བྱེད་པར་ཐག་བཅད་མོད།  གཞུང་སྒེར་ཐུན་མོང་གི་འབད་བརྩོན་གྱི་གྲུབ་འབྲས་ལས་ང་རང་ཟླ་དགུ་མ་ཟིན་ཙམ་གྱི་རྗེས་སུ་གློད་གྲོལ་ཐོབ་པ་རེད།

ཞི་བའི་གོམ་བགྲོད་ཐེངས་གཉིས་པ་འགོ་འཛུགས་བྱས་ནས་ཉིན་མོ་བརྒྱད་ཀྱི་རིང་དུ་དྲིན་ཕ་མ་གཉིས་ཀ་མཉམ་ཞུགས་གནང་བ་དང་དེ་ཡི་རྗེས་སུ་ཞི་བའི་གོམས་བགྲོད་ནང་མཉམ་ཞུགས་བྱེད་མཁན་གྱི་ལོ་བཀག་བཀས་བཅད་ཀྱི་དབང་གིས་ཕ་མ་གཉིས་ཀ་ཕྱིར་འཐེན་གནང་རྗེས་སུ་ང་རང་གཅིག་བུར་མུ་མཐུད་དུ་ཞི་བའི་གོམ་བགྲོད་ཐེངས་གཉིས་པ་བྱས་པ་དང་ལམ་ཁར་སྐོམ་ཆུ་འཐུང་བྱེད་དང་ཁ་བཏགས་སྒྲོན་མཁན་གྱི་བོད་མི་སྒེར་བ་རེ་ཟུང་བྱུང་བ་དང་། དམིགས་བསལ་མདོ་སྨད་དབུས་ས་གཉིས་ཀྱིས་རོགས་ཕན་ག་རེ་གནང་དགོས་པ་ཡིན་ན། གྲྭ་སྒྲིག་ཨང་གསར་ཡིན་ཞེས་ཡང་དང་བསྐྱར་དུ་གསུངས་པ་དང་ལྷག་པར་ལྡི་ལིའི་མདོ་སྨད་ས་གནས་ཚོགས་གཙོ་རྟ་འགྲིན་དང་། དྲུང་ཆེ་ཆོས་འཕེལ། རྩིས་པ་བྱམས་པ་གསུམ་གྱིས་སྔ་གཞུག་ཀུན་ལ་གོམ་བགྲོད་ནང་མཉམ་ཞུགས་པ་བསུ་སྐྱེལ་གནང་བ་སོགས་ཁོང་ཚོས་རང་ནུས་གང་འཇོན་གནང་ཡོད།

ལྡི་ལི་ནས་དྲ་ཐོག་གི་སྐད་འཕྲིན་ཚོགས་པ་ཁག་ཅིག་ཆེད་དུ་ཕེབས་ནས་ང་རང་ཚོ་མཉམ་དུ་ཕེབས་མ་ཐུབ་ཀྱང་། འདི་ནི་གོམ་བགྲོད་ཀྱི་ལམ་ཁར་སྐོམ་ཆུ་རེ་འཐུང་བྱེད་དང་ཟ་མ་ཟ་བྱེད་དུ་བཞེས་རོགས་ཞེས་གསུངས་ཏེ་ཞལ་འདེབས་ཕུལ་བ་ཁ་ཤས་ཤིག་བདག་གིས་བླངས་པ་ཡིན། དེ་ནས་ཕྱི་ལོག་ན་ཡོད་པའི་བོད་མི་སྒེར་བ་མི་རེ་ཟུང་གིས་མཉམ་རུབ་ཀྱིས་ཟ་མ་ཟ་བྱེད་རེ་སྐུར་ནས་ཕེབས་པ་སོགས་ཀྱང་བྱུང་བ་དེ་དག་ལ། ངས་གོ་སྐབས་འདི་བཟུང་ནས་བཀའ་དྲིན་ཆེ་ཞུ་བ་དང་ཁྱབ་གཅིག་འབོད་སྐུལ་ཞིག་ཞུ་འདོད་པ་དེ་ནི། མ་འོངས་པར་བོད་མི་རིགས་ཀྱི་རྩ་དོན་དང་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཆེད་དུ། སྐྱ་སེར་དང་དབུལ་ཕྱུག་སུ་ཞིག་བྱུང་ནའང་ཕྱར་གྲུ་མཉམ་འདེགས་མང་ཙམ་གནོང་རོགས་ཞུ་རྒྱུ་ཡིན།

ལྡི་ལི་ནས་ཉིན་གྲངས་བཅུ་ལྷག་གི་རྗེས་སུ་རྡ་སར་གནས་སྡོད། འཚོ་བ་རང་སྐྱོང་དང་མ་བྱན་གྱི་ཕྱག་ལས་གནང་མཁན་གྱི་ཕོ་གསར་བཀྲ་ཤིས་དོན་འགྲུབ་ལགས་བདག་གི་ཞི་བའི་གོམ་བགྲོད་ནང་ཉིན་གྲངས་བཅོ་ལྔ་ཏག་ཏག་ལ་མཉམ་ཞུགས་གནང་བ་དང་དེ་ཡི་རྗེས་སུ་ང་རང་བྷེ་ཧར་མངའ་སྡེ་ནང་དུ་འབྱོར་བའི་རྗེས་སུ། ཆབ་སྲིད་བཙོན་ཟུར་སྐལ་བཟང་ཐར་ལགས་ཕེབས་ནས་རང་གིས་འཁྱོག་ཚད་ཅིག་ལ་ཕེབས་ཀྱི་ཡིན་གསུངས་ནས་བདག་གི་ཞི་བའི་གོམས་བགྲོད་ནང་མཉམ་ཞུགས་བྱས་པ་དང་།  ད་ལྟ་ཁོ་རང་དངོས་སུ་མཉམ་ཞུགས་གནང་ནས་ཉིན་གྲངས་ཉི་ཤུ་ལྷག་སོང་ཡོད་པ་རེད། ཁོང་ནི་བོད་ནང་དུ་བཙོན་ལས་སྣ་དགུའི་མནར་གཅོད་མྱངས་ཚར་བའི་མི་ཞིག་ཡིན་སྟབས། གཟུགས་པོའི་གནས་སྟངས་ཀྱང་ཧ་ཅང་སྐྱོ་ནའང་། དཔའ་ངར་ཞུམ་མེད་ཀྱི་རང་མི་རིགས་ལ་བཅིངས་པའི་སྙིང་སྟོབས་ནི་ཧ་ལས་པ་ཞིག་འདུག་པ་མ་ཟད། སེམས་ཀྱི་ངར་ཁ་ཡང་མ་ལྷོད་པར་ཁོང་གིས་ནམ་ཞིག་ང་རང་ཕྱིར་རང་གི་ཕ་ཡུལ་བོད་དུ་རོ་འཕེན་ངེས་ཡིན་གསུངས་གིན་འདུག་ལ། ད་དུང་མཉམ་ཞུགས་མུ་མཐུད་ནས་གནང་གིན་ཡོད།

ཡོ་པེའི་མངའ་སྡེ་ནང་གི་རྩྭ་མཆོག་གྲོང་དུ་འབྱོར་བ་དང་རྣམ་རྒྱལ་གྲྭ་ཚང་གི་མགྲོན་ཁང་ལས་འཁུར་བ་རྒན་ཐུབ་བསྟན་སྐལ་བཟང་ལགས་ཀྱིས་སྣེ་ལེན་གཟབ་རྒྱས་གནང་བ་མ་ཟད།  འགྲོ་ཁར་རྣམ་རྒྱལ་གྲྭ་ཚང་གིས་སྐུ་ཚབ་གནང་ནས་ངའི་ལག་པར་བཙན་གྱིས་ཧིན་སྒོར་༢༥༠༠བརྫངས་སོང་། སྐབས་དེར་རྩྭ་མཆོག་གྲོང་བར་དུ་རྡ་སའི་ཚོགས་སྐྱིད་མཉམ་སྦྲེལ་ཐུན་ཚོགས་སམ་ཚོགས་པ་བཅུ་གཅིག་གི་སྐུ་ཚབ་དབུ་མའི་ལམ་ལས་འགུལ་ཁང་གི་རྨོག་རུ་བསྟན་པ་དང་མངའ་རིའི་སྐྱིད་སྡུག་ཚོགས་པའི་ཚོགས་གཞོན་གྲགས་པ་བསམ་གཏན་གཉིས་ཀྱིས་ཡིག་ངག་གཉིས་ཐོག་ནས་རྒྱབ་སྐྱོར་ཡོད་པའི་རྣམ་འགྱུར་གསལ་བོ་དང་ལག་པ་སྟོང་མིན་ཙམ་ལ་ཟས་སོང་གི་དོད་དུ་ཡིན་གསུངས་ནས་ཨུ་ཚུགས་ཀྱིས་ཞལ་འདེབས་ཧིན་སྒོར་༡༡༠༠༠གནང་བ་བཅས་ལ་གོ་སྐབས་འདི་བཟུང་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

དེ་རིང་གི་བར་དུ་རྒྱ་གར་གྱི་མངའ་སྡེ་ཆེན་པོ་མངའ་སྡེ་དྲུག་ཙམ་བརྒྱུད་པའི་ལམ་ཁར་སྤྱིའི་ཆ་ནས་རྒྱ་གར་ཡུལ་མི་རྣམས་པ་ནི་ཧ་ལས་པའི་ཡག་པོ་འདུག་པ་མ་ཟད། ངའི་ཞི་བའི་འབོད་ཚིག་ལྔ་ལ་རྒྱབ་སྐྱོར་ཡོད་གསུང་མཁན་ཡང་ཆེས་མི་ཉུང་བ་ཞིག་བྱུང་བ་དང་ཆབས་ཅིག་ཡུལ་མི་དཀྱུས་མ་ཕལ་ཆེ་བ་ཞིག་གིས་བོད་པ་ཟེར་བ་གོ་མ་མྱོང་བ་མ་ཟད།  ༧རྒྱལ་བ་རིན་པོ་ཆེ་ཡི་མཚན་ཡང་ཐོས་མེད་མཁན་གྱི་གྲངས་ཀ་ནི་ཧ་ལས་པའི་མང་བོ་རེད་ལ།  དེ་ཡི་གྲངས་ལ་བོད་དོན་སྐོར་འགྲེལ་བཤད་བྱེད་རྒྱུ་དེ་ནི་དངོས་ནས་ལས་སླ་བོ་ཞིག་གཏན་ནས་མ་རེད་ལ།  ཁ་ཤས་ཀྱིས་ང་ཚོ་རྒྱ་གར་གཞུང་གིས་ཁྱོད་ཚོ་ལ་རོགས་རམ་ག་རེ་བྱས་ནས་བྱེད་དགོས་པ་རེད་དམ་གསུངས་མཁན་ཡང་འདུག  རེ་ཟུང་གིས་ང་ཚོས་བོད་དོན་ལ་རོགས་པ་བྱེད་རྒྱུར་སྐྲག་སྣང་འོང་གི་འདུག  རྒྱ་ནག་ནི་སྟོབས་ཆེན་པོ་རེད་གསུངས་མཁན་ཡང་བྱུང་བ་མ་ཟད།  ཁ་ཤས་ཀྱིས་ང་ཚོ་ལ་བོད་ཀྱི་རྙོག་དྲ་དེ་དག་དགོས་དོན་མི་འདུག་ཟེར་མཁན་ཡང་འདུག

ཚགས་པར་འགོད་མཁན་དང་མི་ཉུང་བ་ཞིག་གིས་ང་རང་གིས་བོད་དོན་བདེན་པའི་འཐབ་རྩོད་ཀྱི་ཞི་བའི་འབོད་ཚིག་ལྔའི་ནང་དོན་ཇི་བཞིན་ཚགས་པར་སྟེང་དུ་བཀོད་ཀྱི་འདུག་ན་ཡང་།  རེ་ཟུང་གིས་ཞི་བའི་གོམ་བགྲོད་ཀྱི་སྐོར་གཅིག་པུ་མ་གཏོགས་བཀོད་ཀྱི་མེད་པ་དང་།  རེ་གཉིས་ཀྱིས་གནས་ཚུལ་དྲིས་ཀྱང་ཚགས་པར་ལ་མི་འགོད་མཁན་དེ་འདྲ་ཡང་བྱུང་སོང་།  གང་ལྟར་གསར་འགོད་པ་ཕལ་ཆེ་བ་ནི་དངོས་ནས་ཡག་པོ་འདུག་ལ་ང་ཚོ་ཁྱོད་ཅག་དང་མཉམ་དུ་ཡོད་གསུངས་ཀྱི་འདུག

ས་གནས་ནས་ས་གནས།  མངའ་སྡེ་ནས་མངའ་སྡེ་ནས་བརྒྱུད་དུས་སུ་རྒྱ་གར་གྱི་ཉེན་རྟོག་པ་གཅིག་གིས་ཀྱང་ང་རང་ལ་མི་འདོད་པའི་རྣམ་འགྱུར་གང་ཡང་བསྟན་མ་བྱུང་ལ། དམིགས་བསལ་གྱིས་ང་རང་ལ་ལམ་བར་ཁ་ཤས་ནས་སྐར་མ་གཉིས་གསུྱ་རིང་སྐད་ཆ་འདྲི་མཁན་མི་ཉུང་བ་ཞིག་ལ་འཕྲད་པ་དེ་དག་གི་ཁྲོད་ནས་ཁ་ཤས་ཀྱི་རོགས་རམ་ག་རེ་གནང་དགོས་ཀྱི་འདུག་གསུངས་པ་དང་།  ཁ་ཤས་ཀྱི་ངའི་མིང་དང་ས་གནས་གང་ནས་འགོ་བཙུགས་མིན་སོགས་ཡིག་ཐོག་ལ་ཕབ་པ་ལས་ཚིག་ངན་པ་གསུང་རྒྱུ་ཕར་ཞོག ད་ལོ་བོད་པ་ཞི་བའི་གོམ་བགྲོད་དུ་འགྲོ་མཁན་ཁྱོད་རང་གཅིག་བུ་མ་གཏོགས་མེད་པ་རེད་དམ་ཞེས་འདྲི་མཁན་ཡང་བྱུང་བས།  དྲི་བ་དེ་འདྲར་ང་རང་ངོ་ཚ་བ་དང་དུས་མཚུངས།  མ་རེད་ལགས། ལམ་ཁ་འདི་བརྒྱུད་དེ་འགྲོ་མཁན་ང་རང་ལས་མེད་ཀྱང་།  ཕྱི་རྒྱལ་ཡུལ་གྲུ་གཞན་དག་ན་མི་ཉུང་རེ་ཡོད་པ་དང་རྣམ་པ་འདྲ་མིན་གྱི་སྟེང་ནས་འཐབ་རྩོད་གནང་གི་ཡོད་པ་རེད་ཅེས་ཞུས་དུས།  ཁོང་་དག་གི་གདོང་ལ་འཛུམ་ལངས་ཞོར་དུ།  ང་རང་ལ་གུས་པའི་རྣམ་འགྱུར་རེ་བསྟན་ཕེབས་འགྲོ་གི།  གནས་ཚུལ་འདི་ལྟར་འདྲ་མིན་ལ་ཐུག་ཡང་།  ཉེན་རྟོག་པ་སུ་གང་གིས་ཀྱང་ང་རང་ཁྱོད་རང་ཆོག་མཆན་ཐོབ་ཡོད་དམ་ཟེར་ནས་འདྲི་མཁན་མ་བྱུང་བ་དེར་བོད་མི་ཚང་མས་བསམ་བློ་གཏོང་ས་ཞིག་མིན་འགྲོ་སྙམ་པའི་བསམ་བློ་འཁོར་མྱོང་ཡོད།

ཚ་བ་ཆེ་བ། སྐོམ་ཆུ་གཙང་མ་རེག་མིན། ཟ་མ་དུས་ཐོག་ལ་རེག་མིན།  ཉལ་ས་བདེ་བོ་རེག་མིན་དེ་དག་ནི་གནད་དོན་གཞན་ཞིག་རེད། དེ་འདྲ་མང་དུ་བྱུང་ཡང་དེ་དག་ནི་ངས་དཀའ་ངལ་ཞིག་ལ་གཏན་ནས་བརྩིས་མེད། ད་ལྟའི་བར་དུ་འདུག་ནས་གཡར་ས་མང་ཤོས་ནི་ཧིན་རྡུའི་ལྷ་ཁང་དང་། པན་རྗབ་ལྷ་ཁང་། དུར་ས། གྲོང་གསེབ། སྣུམ་ཚིགས། ས་སྟོང། ས་ཁང་གི་འགྲམ། གཞུང་ལམ་གྱི་ཟུར་སོགས་སྣ་མང་འགྲིམ་ཡང་། ངའི་ལུས་ཐོག་ལ་གས་ཆག་གང་ཡང་མ་ཤོར་བ་འདི་ནི་གཅིག་ན་༧རྒྱལ་བའི་དབང་བོའི་བྱིན་རླབས་དང་གཉིས་ན་བོད་རིགས་སུ་ཞིག་གིས་ངའི་ཕྱོགས་སུ་རྣ་བ་གཏོད་མཁན་གྱི་སྤུན་ཟླ་དག་གིས་སེམས་ཀྱི་སྨོན་འདུན་དང་ལྷ་ཆོས་སྐྱོང་སྲུང་མའི་རོགས་རམ། གསུམ་ན་དྲིན་ཕ་མ་གཉིས་ཀྱིས་བློ་བསམ་དཀར་པོས་རང་གི་བུ་མི་རིགས་ཀྱི་བདེན་དོན་ལ་སྲི་ཞུ་བྱེད་པར་ཕུལ་བ། བཞི་ན་སྐྱེ་བོ་ཕལ་བ་ང་ལ་རང་མི་རིགས་ཀྱི་བདེན་དོན་དང་༧སྐྱབས་མགོན་རྒྱལ་བའི་དབང་བོ་བོད་དུ་གདན་འདྲེན་བྱེད་པར་སྲི་ཞུ་བྱེད་པའི་བསོད་ནམ་ཕྲན་པུ་ཞིག་ཡོད་པས་རེད་སྙམ། ལྔ་ཡིན་ན་རྒྱ་གར་གཞུང་དང་ཡུལ་མི། ཉེན་རྟོག་པ་བཅས་ཀྱི་རོགས་རམ་དང་ལྟ་རྟོག་འོག་ང་དེ་རིང་བར་དུ་ཞི་བའི་གོམ་བགྲོད་ལ་གས་ཆག་མ་ཤོར་བར་སྤྱི་ལེ་ཉིས་སྟོང་༢༡༤༨དང་ཉིན་གྲངས་༨༩། མངའ་སྡེ་དྲུག་ཙམ་སོང་ཚར་ནས་མི་རིང་བར་མངའ་སྡེ་བདུན་པ་ཞིག་བརྒྱུད་ནས་རང་ཡུལ་གངས་ཅན་ལྗོངས་སུ་རང་ལུས་འདི་འཕེནཐུབ་བྱེད་དགོས་པ་དེ་ཡིན།

རང་ལུས་འདི་བོད་ཡུལ་ལ་སླེབས་ཉིན་ནས་ནམ་ཞིག་ང་རང་ལ་མཇུག་འབྲས་གསུམ་མ་གཏོགས་གང་ཡང་མེད་པ་རེད།  གཅིག་གར་སོང་ཆ་མེད། གཉིས་སྡུག་གཅོང་མནར་གཅོད་ཁྲོད་ནས་ཤི་རྒྱུ་དང་། གསུམ་ལོ་ངོ་མི་ཉུང་བ་ཞིག་ལ་ཁྲིམས་བཅད་ཀྱིས་སྡུག་ལས་སྣ་དགུ་མྱངས་ནས་རྒྱའི་བཙོན་འོག་ནས་ལུས་རྒྱུ་དེ་ཡིན།

ལམ་བར་གྱི་མི་ཁ་ཤས་ཀྱི་དྲི་བ་ནི། ཁྱོད་རང་ལ་ག་རེ་ཐོབ་ཀྱི་རེད་དམ།  ཁྱོད་རང་ལ་འགྲོ་སོང་གཞུང་གིས་སྤྲོད་ཀྱི་ཡོད་དམ།  ཁྱོད་རང་གི་རྒྱབ་དུ་མི་མང་བོ་ཏན་ཏན་ལངས་ནས་ཡོང་གི་ཡོད་རྒྱུ་རེད། ཁྱོད་རང་གཅིག་བུ་མ་གཏོགས་མེད་སོང་བ་ཅི་རེད་དམ། ཁྱོད་རང་གཅིག་བུས་གང་འཇོན་གྱི་རེད་དམ།  ཁྱོད་མི་གཅིག་གིས་རྒྱ་གཞུང་ལ་ཁ་གཏད་གང་ནས་ནུས་ཀི་རེད་དམ།  ཁྱོད་ཀྱིས་འཛམ་གླིང་གི་ཟིན་ཐོ་གཏོར་གྱི་ཡོད་དམ། ཁྱོད་རང་ཆོས་པ་ཞིག་རེད་དམ།  ཁྱོད་རང་ལ་དྲག་རྩལ་ཡོད་དམ། ཁྱོད་རང་གཅིག་བུར་འགྲོ་རྒྱུར་སྐྲག་གི་མི་འདུག་གམ།

ངའི་རྒྱབ་མདུན་གྱི་སྐད་ཆ་ཐར་ཐོར་ཚོ།  ཁོ་བོད་མི་རིགས་ཀྱི་དཔའ་བོ་རེད། ཁོ་རྒྱལ་གཅེས་པ་རེད། ཁོ་སེམས་དཔའ་རེད།  ཁོ་བླ་བཙོང་བ་རེད། ཁོ་བཙན་བྱོལ་ལོ་རྒྱུས་ནང་གི་ནག་ཅན་རེད། ཁོ་རྒྱ་ལ་མགོ་འདོགས་བྱེད་མཁན་རེད། སྐྱག་གཟན་ཁོ་ང་ཚོའི་ཞབས་འདྲེན་རེད། ཁོ་བོད་ཀྱི་གྷན་དྷི་ཆུང་ཆུང་རེད། ཁོ་ཞི་བའི་འཐབ་རྩོད་པ་རེད། ཁོ་ལ་ཁ་ཕྱོགས་མི་འདུག  ཁོ་འཐབ་རྩོད་པ་ཞིག་གཏན་ནས་མ་རེད། ཁོས་ས་མཚམས་ནས་འགྲོ་རུ་མི་འཇུག་པ་ཤེས་ཀྱང་འཁྲབ་ཀྱི་ཡོད་པ་རེད།  མང་བོ་མང་བོ་ཞིག་བཤད་ཀྱིན་འདུག དེ་ལྟར་བཤད་ལ་དགའ་བའི་མི་དག་གི་ནད་ཡམས་སམ་བཤད་ཡམས་སྣ་ཚོགས་ཤིག་ངའི་རྒྱབ་མདུན་ཀུན་ཏུ་སྐྱི་སེར་རླུང་བུ་བཞིན་འཐིབ་ཀྱི་ཡོད་ཀྱང་།  ངས་རང་མི་རིགས་ཀྱི་མི་སུ་ལའང་འཁོན་སེམས་བཅངས་མ་མྱོང་ལ།  མ་ཤི་བར་བོད་མི་རིགས་ཀྱི་བདེན་དོན་འཐབ་རྩོད་དང་༧གོང་ས་རྒྱལ་བའི་དབང་བོ་བོད་དུ་གདན་འདྲེན་ཞུ་ཆེད་དང་ཤི་བོའི་ཚོའི་ཁ་ཆེམས་ལ་རང་ནུས་གང་ཡོད་ཀྱིས་འབད་འབུངས་བྱེད་ཀྱི་ཡོད་ལ།  མུ་མཐུད་དུ་བྱེད་ངེས་པ་མ་ཟད།  ང་རང་སྟབས་མ་ལེགས་པར་གང་ཞིག་ནས་ཤི་སོང་བ་ཡིན་ཡང་།  སྐྱེ་བ་རྗེས་མར་རང་ཡུལ་བོད་དུ་སྐྱེ་ནས་བསྟུད་མར་བོད་མི་རིགས་ཀྱི་བདེན་དོན་རྩོད་མཁན་ཞིག་གི་སྐྱེ་བ་ལེན་པར་སྨོན་ལམ་ད་ལྟ་ནས་རྒྱག་བཞིན་ཡོད་ལ།  རྒྱ་བོད་ཞི་འགྲིག་གིས་འཛམ་གླིང་གི་ཁྱིམ་གཞི་ཆེན་པོའི་ནང་དུ་ཞི་བདེའི་གླིང་ཕྲན་གསར་བ་གང་མྱུར་ཡོང་རྒྱུར་རེ་བ་ཆེན་པོ་བཅངས་ནས། དེ་རིང་ང་ཀ་ལོན་སྦུག་བོད་དགོན་སྲད་རྒྱུད་གྲྭ་ཚང་གི་འགན་འཛིན་ལས་ཟུར་བ་བསོད་ནམ་རྒྱལ་མཚན་ལགས་ཀྱིས་སྣེ་ལེན་འོག་ཀ་ལོན་སྤུག་མི་མང་ལ་ཞི་བའི་འཐབ་རྩོད་ཀྱི་ཆ་ཤས་ཞི་བའི་གོམ་བགྲོད་སྔ་གཞུག་གཉིས་ཀྱི་སྐོར་ངོ་སྤྲོད་མདོར་བསྡུས་གནང་ཚར་བ་དང་ཀ་ལོན་སྦུག་བོད་དགོན་སྲད་རྒྱུད་གྲྭ་ཚང་དུ་རྒན་བསོད་ནམ་རྒྱལ་མཚན་ལགས་ཀྱིས་སྣེ་ལེན་འོག་ངལ་གསོ་བའི་སྐབས་སུ་རྒན་ལགས་ལ་ལག་ཁྱེར་གློག་ཀླད་ཅིག་གཡར་ནས།  ཞི་བའི་འཐབ་རྩོད་ཐེངས་གཉིས་པའི་སྐབས་ཀྱི་གནས་ཚུལ་རག་བསྡུས་ཤིག་ཤར་མར་ཡིག་ཐོག་ལ་ཕབ་པ་པོ་ཞི་བའི་འཐབ་རྩོད་ཀྱི་ལམ་ནང་དུ་ཞུགས་ཟིན་པའི་གླིང་ཚ་ཚེ་བརྟན་རྡོ་རྗེ་ཡིན། དེ་ནས་བདག་ལ་རོགས་རམ་དང་ཞལ་འདེབ་གནང་མཁན་གྱི་མི་སྒེར་བ་རེ་རེ་བྱས་ནས་མིང་ཐོ་བཀོད་མ་ཐུབ་པར་དགོང་འགལ་མེད་པ་ཞུ་རྒྱུ་ཡིན། ཞིབ་ཚགས་པོ་ཞིག་འབྲི་དགོས་བྱུང་ན་དངོས་ནས་འབྲི་རྒྱུ་དགའ་རབས་ཤིག་ཡོད་ཚོཔད་གདའ་ཡང་། དུས་ཚོད་ཀྱིས་མི་འདང་བ་དང་དགོས་དབང་དང་འཚམ་མིན་སོགས་ལ་བལྟས་ནས་རེ་ཞིག་འདི་ནས་མཇུག་བསྡུས་སོ།  སྤྱི་ལོ་༦།༦།༡༣།  ས་ག་ཟླ་བའི་ཚེས་༢༨་དང་གཟའ་ཕུར་བུའི་ཉིན་གུས་པ་དང་བཅས་ཕུལ།

________________________________________________

ཞར་བཀོད་གཅིག    སྒེར་བ་ཁག་གཅིག་གི་ཞལ་འདེབས།

 

མཛོ་དགེ་སྐལ་བཟང་སྦྱིན་པ། རྔ་བ་མཁས་གྲུབ། རྡོ་སྦིས་ཆོས་འཕེལ། སྨན་པ་འཇམ་དབྱངས། དོན་འགྲུབ། དམེ་བ་བསྟན་འཛིན། བླ་བྲང་སྦྱིན་པ། ཁ་ན་ཀྲར་གནས་བཞུགས་པ་ཐུན་མོང་ནས་ཧིན་སྒོར་ 13746 སྐུར་འབྱོར་བྱུང་།

རྒྱ་གར་བོད་དོན་རྒྱབ་སྐྱོར་བ་ཨན་ཀྲས་ཨ་ཤ་ནས་ཧིན་སྒོར་ 5000 གནང་།

རྩོམ་པ་པོ་ཧོར་གཙང་འཇིག་མེད་ཀྱིས་ཧིན་སྒོར་ 2000 སྐུར་འདུག

ལོན་ཌོན་གནས་བཞུགས་རྔ་བ་ཡོན་ཏན་ནས་ཧིན་སྒོར་ 8000 བསྐུར་འདུག

ནུབ་ཨ་རིའི་གནས་བཞུགས་པ་མགོ་ལོག་བརྕོན་འགྲུས་དཔལ་གཙོས་བའི་མགོ་ལོག་པ་ཁག་གཅིག་གིས་ཧིན་སྒོར་ 10000 སྐུར་འབྱོར་བྱུང་།

སྣེ་ལེན་ཁང་གི་མ་བྱན་སྐྱིད་འཛོམ་ནས་ཧིན་སྒོར་ 500 གནང་།

བོད་འབྱོར་བ་པ་སངས་ལགས་ནས་ཧིན་སྒོར་ 500 གནང་བཅས་འདིར་མཚན་མ་བཀོད་པ་རེ་ཟུང་དང་། ད་ལྟའི་བར་རིགས་ཀྱི་འདུ་ཤེས་ཀྱི་རྒྱབ་མདུན་གང་རུང་དུ་བཞུགས་པ་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ལགས།

 

གསར་འགྱུར།

Post navigation

Previous Post: ཉི་མ་ལྟ་བུའི་བླ་མ། ༼གཞས་ཚིག༽
Next Post: དོལ་རྒྱལ་རྗེས་འབྲང་པ་བསོད་ནམས་རིན་ཆེན་གྱི་སྣོག་གཏམ་ལ་གསལ་བཤད།

Comments (20) on “ཕྱིར་མིག་ཐེངས་གཉིས་པ། ཀ་བློན་སྦུག་ནས། ད་དུང་ཞལ་འདེབས།”

  1. སེར་བྱེས་ངག་དབང་སྟོབས་ལྡན་ནས says:
    2013-06-07 at 3:06 am

    ཁྱེད་ཀྱི་བྱ་བ་མཐའ་དག་ལམ་འགྲོ་ཡོང་བའི་སྨོན་འདུན་ཡོད། དཀོན་མཆོག་གིས་སྐྱབས། བདེན་པ་ཉིད་རྣམ་པར་རྒྱལ་གྱུར་ཅིག །བོད་རྒྱལ་ལོ། ཚེ་བརྟན་རྡོ་རྗེ་རྒྱལ་ལོ།

  2. བློ་བཟང་། says:
    2013-06-07 at 3:23 am

    གངས་རིའི་བུ་རྒོད་ཁྱོད་རྒྱལ་ལོ། ཁྱོད་ཀྱི་བསམ་དོན་རྒྱལ་ལོ། ཁྱོད་ཚེ་རིང་། ལོ་བརྒྱ། སྤུར་རྒྱལ་བོད་པ་ཚང་གི་ལྷ་མི་ཀུན་གྱིས་ཁྱོད་སྲུང་།

  3. བཀྲ་ཤིས་དོན་འགྲུབ། says:
    2013-06-07 at 4:45 am

    ང་རང་ད་ལྟ་མིད་པ་འཆུས་ནས་ལུས་ཡོད་པས། ཁྱེད་ལ་ཡིད་སྨོན་ཙམ་བསྐུར་བ་ལས་བཤད་ཐུབ་པ་ཅི་ཡང་མི་འདུག

  4. བོད། ཤ་ཁྲག་རུས་གསུམ། says:
    2013-06-07 at 7:13 am

    མི་ལོ་དགུ་ལྷག་མ་རེད་ལགས། མི་ལོ་བཅུ་དགུ་ལྷག་གི་རིང་དུ་རེད། ཆད་ལྷག་རེ་ཟུང་ཞིག་བྱུང་ཡོད་ཚོད་འདུག་གློག་མཁན་སྤུན་ཟླ་དག་གིས་དགོངས་དྭངས་ཡོད་པ་ཞུ་ལགས།

  5. ཨ says:
    2013-06-07 at 8:25 am

    གོང་གི་ཞལ་འདེབས་ཕུལ་མཁན་དང་རྒྱབ་སྐྱོར་བ་ཚང་མར་བཀའ་དྲིན་ཆེ་་་་་

  6. ཨ says:
    2013-06-07 at 8:32 am

    མི་ཚེ་བློས་བཏང་སྟེ་ཞི་བའི་འཐབ་རྩོད་མཁན་ཁོང་གིས། ཞི་བའི་གོམ་བགྲོད་འདི་ཆ་ཤས་ཅིག་ལས་ཆ་ཅན་ཡོད་ན་མེད་ན་དེ་མིན་པ། སྔར་ནས་བསྒྲགས་ཚར་བ་རེད། ཁོང་གི་ཞི་བའི་གོམ་བགྲོད་སྔར་ཡང་ཐེངས་གཅིག་བྱས་ཟིན་ལ། ཕྱིས་སུའང་ཐེངས་གཅིག་དང་གཉིས་རེར་བྱ་དགོས་ཐུག་སྲིད་པ་རེད། དེ་ནི་གཞན་དབང་ལུང་པར་ཡོད་པའི་བོད་མི་སྤྱིའི་ཁ་རྗེ་དབང་ཐང་ཞིག་ལ་ཐུག་ཡོད་པ་ལས། མི་ཚེའི་འཐབ་རྩོད་པ་སྐྱེས་ཆེན་ཁོང་གིས་འཇོན་དང་མི་འཇོན་ལ་རག་ལས་མེད་པ་སུས་མི་ཤེས་ཏེ་ཤེས་སོ། ད་དུང་ཁོང་གིས་ངས་བོད་མི་དཀྱུས་མ་ཞིག་གི་བོད་དོན་ལས་འགན་ཁུར་ནས་འགྲོ་བཞིན་ཡོད་(ཚིག་ཇི་བཞིན་པ་མིན་རུང་ནང་དོན་ཡིན་)ཅེས་པ་དེ་ངོ་མ་རེད།

  7. ེསེང་སྟག says:
    2013-06-07 at 10:30 am

    ཁྱེད་ངོ་མ་ཕོ་རྒོད་རེད་ཐུགས་རྗེ་ཆེ་།

  8. དོལ་སྨྱོན། says:
    2013-06-07 at 10:38 am

    བསམ་མི་འདོད་པའི་ཁྱོད། མཐོང་མི་འདོད་པའི་ཁྱོད། ས་ཡ་དྲུག་གི་བུ། ནམ་ཡང་རྒྱལ་གྱུར་ཅིག

  9. མ་ཧཱ་སིདྡྷི། says:
    2013-06-07 at 11:37 am

    གཞན་ངས་གང་ཡང་ཞུ་ཐུབ་ས་མ་རེད། གླིང་ཚ་ཁྱེད་ཀྱི་བསམ་དོན་འགྲུབ་པའི་སྨོན་ཚིག་འདིས་ཁྱེད་གངས་ཅན་བོད་ལ་བསྐྱེལ་མ་བྱེད་ཀྱི་ཡིན།

    ལམ་སྲང་འཇིགས་པའི་འཕྲང་ལ་འགྲིམ་པའི་ཚེ༔
    བསད་ཁྱེར་ཇག་པ་ཆོམ་པོས་ཉེན་པ་ན༔
    ཡིད་གཉིས་ཐེ་ཚོམ་མེད་པར་གསོལ་བ་འདེབས༔
    ཨོ་རྒྱན་ཕྱག་རྒྱ་བཞི་ཡི་དགོངས་པར་ལྡན༔
    ཙོ་ར་མི་རྒོད་རྔམས་སེམས་བརླག་པར་བྱེད༔
    ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས༔
    བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས༔
    བརྒྱ་དང་བརྒྱད་དང་།
    ༧གོང་ས་སྐྱབས་མགོན་ཆེན་པོའི་བོད་བསྟན་སྲིད་གཉིས་ཀྱི་ཆེད་དུ་སྐུ་ལས་སྐྱོན་མཁན་འདས་གསོན་ཡོངས་ལ་ཆེད་དུ་ཐུགས་སྨོན་གནང་བའི་གསུངས་བྱིན་རླབས་ཅན་འདི་ཡང་བརྒྱ་ཚར་ཞིག་འབུལ་གྱི་ཡིན།
    བསྟན་དང་བསྟན་འཛིན་ཆབ་སྲིད་རང་རིགས་སླད།
    གཅེས་པའི་ལུས་སྲོག་ལོངས་སྤྱོད་ཡོངས་གཏངས་ཏེ།
    དཀའ་བ་བརྒྱ་ཕྲག་སྒྲུབས་པའི་སྐྱེ་བོ་རྣམས།
    གྲུ་འཛིན་མགོན་དེས་ཐུགས་རྗེས་སྐྱོངས་བར་མཛོད།
    གླིང་ཚའི་བསམ་དོན་ཡོངས་སུ་འགྲུབ་པའི་བོད་ཁམས་སྐྱོངས་བའི་སྲུང་མ་ནུས་ལྡན་རྣམས་ཀྱིས་རྒྱབ་བསྟེན་དང་སྡོང་གྲོགས་མཛོད་ཅིག ཉིན་གྱི་དུས་སུ་བྱ་ར་གྱིས་ཤིག མཚན་གྱི་དུས་སུ་སྲུང་མ་གྱིས་ཤིག གཅིག་པུར་འགྲོ་དུས་བསྐྱེལ་མ་གྱིས་ཤིག ཆུ་ལས་བརྒལ་དུས་དེད་དཔོན་གྱིས་ཤིག དགྲ་དང་འཕྲད་ན་ཇག་དཔོན་མཛོད་ཅིག

  10. ཨ says:
    2013-06-07 at 12:21 pm

    དེང་སྐབས། གཞིས་བྱེས་གཉིས་ཀྱི་གཙིགས་ཆེ་བའི་ལྟ་བ་ཉིད་གཅིག་པོ། གོང་ས་མཆོག་ཕ་ཡུལ་ལ་གདན་དྲངས་ཏེ། ང་ཚོས་རང་དབང་ཞིག་ལ་ལོངས་སྤྱོད་ཐུབ་རྒྱུ་དེ་རེད། དེ་འདྲའི་གནད་འགག་རྩ་ཆེན་པོ་ཉིད་ཅིག་སྙིང་ལ་བཅངས་ནས། མཐའ་གཅིག་ཏུ་ལག་ལེན་དངོས་ཀྱི་འཐབ་རྩོད་གནང་དང་། གནང་བཞིན་པ་པོ་ནི་སྐྱེས་ཆེན་གླིང་ཚ་ལགས་དེ་ཁོ་ན་ཡིན་ཕྱིར། ཁྱོད་གདོང་དམར་བོད་མི་ཞིག་ཡིན་ན། སྐྱེས་ཆེན་གླིང་ཚ་ལགས། ཁྱོའི་སྙིང་དུ་མི་ན་དོན་ཅི་ལ་ཡོད། རིགས་ཀྱི་སྤུན་ཟླ་ཚོ། ང་ཚོ་ནི་གཞན་གྱི་སྐད་ཆ་ཇི་བཞིན་ཆེས་ཀླ་ཀློ་དང་མུན་ནག་དེ་མིན་མོད།

  11. རྒྱ་མཚོ་ཆེན་པོ་ says:
    2013-06-07 at 12:29 pm

    སྙིང་ནས་ཡི་རངས་དང་འཚམས་འདྲི་ཞུ་

  12. ལྷ་སྒང་བློ་ཆོས་གྲགས། says:
    2013-06-07 at 2:22 pm

    ལམ་འགྲོ་རྒྱུགས་པ་ཤོག གང་མགྱོགས་དྷ་སར་མཇལ་ཡོང་།

  13. ཨ says:
    2013-06-08 at 2:58 am

    སྐྱེས་ཆེན་གླིང་ཚ་ལགས། ཕྲན་ནི་ཁྱེད་དང་ཁྱེད་ཀྱི་ཞི་བའི་འཐབ་རྩོད་ལ་མཐའ་གཅིག་ཏུ་དགའ་མཁན་དང་། དེ་བཞིན་རྒྱབ་སྐྱོར་བ་གཉོམ་པོ་ཞིག་ཀྱང་ཡིན། དེ་ལྟར་ཡིན་པའི་ངོས་ནས་ངས་ཁྱེད་ལ་བཤད་འདོད་པའི་སྐད་ཆའང་གཅིག་རང་གཅིག་སྟེ། ཁྱེད་ཀྱིས་བོད་དོན་དུ་བཏོན་པའི་རེ་འདུན་དེའམ་ཉིད་ཀྱི་ཞི་བའི་འཐབ་རྩོད་གང་ཡོངས་སུ་མ་རྒྱལ་བ་དེའི་རིང་ལ། ཁྱེད་ཀྱི་ཡོད་ཚད་གསོན་ཤིགས་སེ་སྐྱོད་ཀྱང་སྡོད་དེ་འཚོ་དགོས་ཅེས་པ་དེ་ཡིན། ད་དུང་ཕལ་པ་ངའི་རྒྱུན་ལྡན་གྱི་བསམ་བློར། ཁྱེད་ནི་ཨུ་ཐུག་སྟེ་རང་སྲོག་གིས་འཐབ་རྩོད་གནང་མཁན་དེ་གཏན་ནས་མིན་ལ། དེ་བཞིན་ཁྱེད་ནི་ཤོག་བུ་སྤུངས་ནས་བོད་དོན་འཐབ་རྩོད་མཁན་ཁོ་ན་བ་ཞིག་ཀྱང་རྩ་ནས་མིན་ཕྱིར། ཁྱེད་ནི་དུས་རྟག་ཏུ་ཁྱེད་ཉིད་ལྟར་ཡིན་དགོས། དེས་ན་འདི་ནི་ཡིན་རུང་མིན་རུང་། ཉུང་རུང་མང་རུང་། ངའི་ཞུ་འཕྲིན་དང་སྙིང་གཏམ་ཡིན།

  14. ངག་ཆེན་ says:
    2013-06-08 at 7:22 am

    བོད་ཀྱི་ཕོ་རྒོད་གླིང་ཚ་ཚེ་རྡོར་ལགས་ ཁྱེད་ཀྱི་ཐུགས་ལ་སྤྱངས་པའི་རང་རེའི་བོད་བསྟན་སྲིད་ཀྱི་རྩ་དོན་དང་ བོད་མི་རིགས་ཞིག་གིས་མཆེད་རང་གི་གཅེས་པའི་ཕ་མ་བུ་ཕྲུག་ཀྱང་བློས་གཏོང་གནང་ནས་ བདེན་དོན་ཐབ་བརྩོད་ཀྱིས་གཞི་བའི་གོམ་འདེགས་རེར་ རླབས་ཆེན་གྱི་བསོད་ནམས་དང་ ཁྱེད་ཀྱི་འགྱུར་མེད་ཀྱི་སྙིང་སྟོབས་དེ་ ང་ཚོ་བོད་མི་ཡོང་གིས་མ་ཤེས་པ་ག་ལ་སྲིད་ འོན་ཀྱང་ ཁྱེད་ལྟ་བུ་བོད་མིའི་སྙིང་ནོར་དགྲ་ལག་ཏུ་ཤོར་ན་ མ་འོང་པར་ཇི་འདྲ་ཞིག་དུ་འགྱུར་ མདོར་ན་ཁྱེད་སྐུ་ཚེ་ཡུན་རིང་ཡོངས་བའི་རེ་སྨོན་ཡིན།

  15. ཐབས་ཇུས་ཅན says:
    2013-06-08 at 7:47 am

    སྙིང་ནས་གུས་འདུད་དང་རྗེས་སུ་ཡི་རང་ཞུ། བོད་རྒྱལ་ལོ། གླིང་ཚ་རྒྱལ་ལོ།

  16. དཔལ་སྟུག says:
    2013-06-09 at 12:47 am

    གླིང་ཚ་བའི་སྙིང་སྟོབས་དང་སེམས་ཤུགས་བོད་རིགས་ཡོད་དོ་ཅོག་གི་ཐུགས་རྒྱུད་དུ་འཁྲུངས་པའི་སྨོན་ལམ་འདེབས།

  17. དཔལ་སྟུག says:
    2013-06-09 at 12:47 am

    གླིང་ཚ་བའི་སྙིང་སྟོབས་དང་སེམས་ཤུགས་བོད་རིགས་ཡོད་དོ་ཅོག་གི་ཐུགས་རྒྱུད་དུ་འཁྲུངས་པའི་སྨོན་ལམ་འདེབས།

  18. ལུང་རྟོགས། says:
    2013-06-09 at 4:17 am

    ལྷག་ཏུ་ཁོང་ལ་ཟུར་ཟ་དང་སྐྱོན་བརྗོད་བྱེད་མཁན་གྱི་དྲ་འབུ་ཚོའི་སེམས་རྒྱུད་ལ་འཁྲུངས་པའི་སྨོན་ལམ་འདེབས།

  19. མི་བུ says:
    2013-06-09 at 5:54 am

    གླིང་ཚའི་བུ་རྒྱལ་གྱུར་ཅིག། ཨ་རོ་གླིང་ཚ་བ་ང་ཡང་མཐའ་གཅིག་ཏུ་ཁྱོད་ལ་རྒྱབ་སྐྱོར་བྱེད་མཁན་གི་གང་ཟག་མཐའ་མ་ཞིག་ཡིན། ཁྱོད་ཀྱིས་ངེས་བར་དུ་སྐུ་གཟུགས་ལ་བདག་སྐྱོང་ཡག་པོ་བྱེད་དགོས། ངའི་འདི་ནས་ཁྱོད་ལ་སྨོན་ལམ་འདེབས་པ་ལས། ཕན་ཐོག་གི་མི་འདུག བདག་ལ་ཁྱོད་ལྟ་བའི་སྤོབས་པ་མེད། ཨ་རོགས། ཡིག་ནོར་འདྲ་ཡོད་ན་དགུངས་དག་ཞུ ང་རང་བོད་པ་ཡིན་ཡང་བོད་ཡིག་གི་དམིངས་གཞི་ཡག་པོ་མེད། ཡིན་ཡང་ངས་ཀྱང་བསླབ་གི་ཡིན། བོད་པའི་དཔའ་རྒོད་རྒྱལ་གྱུར་ཅིག ཨ་མདོ་གླིང་ཚ་རྒྱལ་གྱུར་ཅིག ཁ་བའི་གླིང་ཚ་རྒྱལ་གྱུར་ཅིག

  20. དགེ་བསམ། says:
    2013-06-10 at 12:56 am

    དཔའ་རྒོད་ཁྱེད་ཀྱི་བསམ་དོན་འགྲུབ་པར་ཤོག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme