Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་མིག་ཀློང་གི་དུས་འཁོར་དབང་ཆེན་ཚར་ལྔ།

Posted on 2016-12-242016-12-25 By ཡེ་ཤེས་ 24 Comments on ཕྱི་མིག་ཀློང་གི་དུས་འཁོར་དབང་ཆེན་ཚར་ལྔ།

kalachakramandala2 –ཀླུ་སྨྱོན།

ཕལ་ཆེར་སྤྱི་ལོ་༡༩༨༨ལོའི་དབྱར་ཁ་ཡིན་བསམས། བདག་ལ་རིག་པའི་གནས་ལྔ་སློབ་གནང་མཁན་མཁས་དབང་དགེ་བཤེས་བྱམས་པ་འཕྲིན་ལས་ཚང་གིས་ཁོང་གི་གཟིམ་ཤག་ཏུ་བོས་གནང་སྟེ། ཁྱོད་ཀྱིས་ཤེས་གསལ་བཞིན་སྔ་ལོར་ངས་རང་དགོན་གྱི་གྲྭ་རིགས་འདོན་བཟང་ཁ་ཤས་བསྡུས་ཏེ་དུས་འཁོར་ཚོགས་པ་ཞིག་བཙུགས་ཡོད།ངས་ཐོས་པ་ལྟར་ན་ཁྱེད་རང་དགོན་འདིའི་གྲྭ་རིགས་འདོན་བཟང་རིགས་ཡག་རྩེ་གྲས་ཤིག་རེད་ཟེར་བས། ཁྱེད་དུས་འཁོར་བའི་ནང་དུ་ཞུགས་ན་ཇི་འདྲ་འདུག ཁྱེད་གྲྭ་རྐྱང་ཡིན་པས་དུས་འཁོར་བ་བྱས་ན་ཆོས་ཉམས་ལེན་གཅིག་པོ་མ་ཡིན་པར་ཟང་ཟིང་གི་ཕྱོགས་ནས་ཀྱང་ཕན་ཐོགས་ཡོད་པ་རེད། ཅེས་གསུངས་སོང་། རྗེ་འདི་བའི་ཞལ་རས་ནམ་རྒྱུན་འཛམ་གྱིས་ཁེངས་ཤིང་ཐུགས་གཤིས་ཧ་ཅང་འཇམ། མདོ་སྔགས་གསོ་རིག་སྒྲ་སྙན་ངག་རྩིས་ས་དཔྱད་སོགས་ལ་མངའ་བརྙེས་ཀྱང་རྟག་པར་དམན་ས་འཛིན། རིག་གསར་སྐབས་ཁོང་གིས་བརྩམས་པའི་དབྱངས་ཅན་མའི་བསྟོད་པ་སྙན་པའི་ཚད་དུ་ཕྱིན་པ་ཞིག་ཀྱང་བཞུགས།

དེ་ནས་བཟུང་སྟེ་བདག་དུས་འཁོར་བ་ཞིག་ཆགས་སོང་། ཡིན་ཡང་དུས་འཁོར་གྱི་ཤོག་ལྡེབས་ལྔ་བརྒྱར་ཉེ་བའི་ཆོ་ག་དེ་བློ་ལ་འཛིན་མི་དགོས་པར་ཤར་ཤར་འདོན་ཐུབ་པ་ཞིག་དགོས། སྔགས་ཡིག་མང་པོ་བརྩེགས་མར་ཡོད་པ་ཙམ་ལས་ཀློག་མི་ཤེས་པ་ཅང་མི་འདུག ལོ་རེར་ཚར་གཅིག་རེ་ཙམ་ལས་འདོན་ཡང་མི་དགོས། གྲོང་པ་རེ་ཟུང་སྦྱིན་བདག་བྱས་ཚེ་གྲོང་དེར་སོང་ནས་སྤྱི་ཁང་ངམ་ཁྱིམ་ཚང་རེའི་ཁང་པར་བསྡད་དེ་འདོན་དགོས། དེ་ཡང་ཞོགས་པའི་ཆུ་ཚོད་བཞི་པ་ཙམ་ལ་ཡར་ལངས་ནས་བཏོན་ན་དགུང་མོའི་ཆུ་ཚོད་དགུ་པ་ཙམ་ལ་དུས་འཁོར་གྱི་ཕྱག་དཔེ་ཆ་ཚང་ཚར་ཐུབ། དུས་འཁོར་འདོན་དུས་རྒྱ་གླིང་འབུད་མཁན་གཉིས་དགོས་པས་བདག་གིས་རྒྱ་གླིང་འབུད་སྟངས་ཀྱང་ལེགས་པར་སྦྱངས།
སྐབས་མང་པོར་གློག་མེད་པས་ཡང་ལའི་འོག་ཏུ་ཀློག་དགོས། ཤོག་ལྡེབས་སྣ་རིང་དྲུག་ཅུ་ཙམ་རེ་ག་ལེར་བཏོན་ཚར་རྗེས་གཞི་ནས་ནམ་ལངས་ཡོང་གི་ཡོད། དེ་དུས་དགེ་བཤེས་ཚང་གིས། དབང་ཕྱོགས་མཁའ་མཐའ་སྔོ་སྐྱར་གྱུར་པ་ན། །སྐྱ་རེངས་དང་པོ་ཤར་ཞེས་མི་དག་གླེང་། །ཞེས་པའི་ཚིག་བཅད་གཉིས་ཡང་ཡང་སྐྱོར་གནང་གི་རེད། ལོ་ཤས་རྗེས་ངས་ཚིག་དེ་བླ་བྲང་དགོན་པའི་སྙན་ངག་མཁན་གྲགས་ཅན་ཞང་སྟོན་བསྟན་པ་རྒྱ་མཚོའམ་ཨ་ཁུ་ཐབས་མཁས་ཚང་གིས་བརྩམས་པའི་རྗེ་བཙུན་སྒྲོལ་མའི་ལོ་རྒྱུས་བསྟོད་པ་གཡུ་ལོ་བཀོད་པའི་དགའ་ཚལ་ཞེས་པའི་སྙན་གྲགས་ཅན་དེ་ལས་མཇལ། དགེ་བཤེས་ཚང་གིས་གསུངས་པ་བཞིན་དུས་འཁོར་འདོན་རྒྱུ་ཅུང་ཟད་ཁག་པོ་ཡོད་ཀྱང་ལོ་ཆུང་ཞིང་རིགས་པ་རྣོ་བས་དེ་ཙམ་དཀའ་ངལ་མ་འཕྲད་པའི་ཁར་ཟང་ཟིང་གི་རྙེད་པ་ཡང་གང་འཚམ་རེ་ཐོབ།
སྤྱི་ལོ་ ༡༩༨༩ ལོའི་ཟླ་བརྒྱད་པའི་ཚེས་བཅུ་བཞི་ནས་རྗེ་བླ་མ་ལྰ་མོའི་ཡོངས་འཛིན་རྡོ་རྗེ་འཆང་ཆེན་པོས་དགུང་གྲངས་གྱ་གཉིས་བཞེས་དུས་ལྰ་མོ་བདེ་ཆེན་ཆོས་འཁོར་གླིང་དུ་དུས་འཁོར་དབང་ཆེན་གསུངས། འདི་དུས་ངེད་ཅག་དགོན་པའི་གྲྭ་དམངས་སྤྱི་དང་འདྲ་བར་དུས་འཁོར་བ་ཚོ་དམིགས་བསལ་གྱི་སྔོན་ཙམ་ལ་བདེ་ཆེན་དགོན་པར་ཕྱིན། རྫོང་ཐོག་ནས་སྤྱི་འཁོར་ལ་བསྡད་དེ་ཟི་ལིང་དུ་ཞག་གཅིག་དང་། ཕྱི་ཉིན་གཅན་ཚ་བརྒྱུད་བདེ་ཆེན་དགོན་པར་བསླེབས། བདེ་ཆེན་ལ་མ་བསླེབས་ཙམ་གྱི་རི་ལམ་ཀྱག་ཀྱོག་དེ་དྲན་ན་ད་དུང་ཤ་འདར་རྒྱག ལོ་མང་རྗེས་སུ་ཞབས་དྲུང་དཀར་པོའི་ཞབས་ཞུ་བ་དང་ཨ་ལགས་འཕྲིན་ལས་རྣམ་གཉིས་རི་ལམ་གཟར་བོ་དེ་ནས་རླངས་འཁོར་དང་མཉམ་དུ་འགྲིལ་ནས་འདས་གྲོངས་ཤོར་ལུགས་ཐོས། རྗེ་བླ་མས་གསོལ་ཚིགས་ཤིག་གི་སྐབས་སུ་བཞུགས་གདན་འོག་ནས་རྒྱ་སྒོར་བརྒྱ་བླངས་ཏེ་གནང་ཞོར་ཁྱོད་ད་དུང་གྲྭ་རྐྱང་ཡིན་གསུངས། བདེ་ཆེན་དགོན་པ་ཧ་ཅང་ཆེ་སྣང་ཤར། ཉི་མ་དེ་ཚོར་སྐྱིད་པོ་དཔེ་མེད་བྱུང་། མི་ཁྲི་བཞི་ཙམ་འདུས། དུས་དབང་གི་སྦྱིན་བདག་སྣང་རའི་གྲོང་བརྒྱད་རེད། དེ་དུས་གཅན་ཚའི་རྫོང་ཐོག་གི་དཔེ་ཁང་ཞིག་ནས་བཀྲ་ཤིས་ཚེ་རིང་གིས་བརྩམས་པའི་དབྱིན་བོད་ཤར་སྦྱར་གྱི་ཚིག་མཛོད་རྒྱབ་ཤོག་སྔོན་པོ་ཅན་དེ་ཐོག་མར་མཐོང་།
སྤྱི་ལོ་ ༡༩༩༠ ལོའི་དབྱར་ཁར་སྤྱི་ཐར་ཤུལ་ཚོ་གསུམ་གྱིས་ཞུས་ངོར་རྗེ་བླ་མས་མང་རའི་བཞུགས་ཁྲི་གོང་མར་དུས་འཁོར་དབང་ཆེན་གསུངས། འདི་སྐབས་ངེད་ཅག་དུས་འཁོར་བ་ཚོས་ཟླ་ཕྱེད་ཅིག་གི་རིང་ལ་ཉིན་རྒྱུན་རས་གུར་ཞིག་གི་ནང་རྡུལ་ཚོན་དཀྱིལ་འཁོར་བཞེངས། སྔ་དྲོ་རྟག་པར་རྗེ་བླ་མ་དགོན་པ་ནས་ཚུར་ཕེབས་ཏེ་དུས་འཁོར་བ་ཚོ་དང་ལྷན་དུ་དུས་འཁོར་ཆོ་ག་བསྡུས་པ་འཇམ་དཔལ་དགོངས་རྒྱན་གསུངས། ནམ་ཟླ་དང་ཟ་མ། ཆོས་གྲོགས་དང་མི་ཚོགས་ཀྱི་འདུ་ལོང་སོགས་སྦྲེལ་བས་སྐྱིད་པོ་བྱུང་། བླ་བྲང་ནས་ཨ་ཁུ་བཛྲ་ཞེས་པའི་སོག་པོའི་དུས་འཁོར་བ་རིག་གནས་ཀུན་ལ་མཁས་པའི་སྐད་གྲགས་ཅན་དེ་བྱོན་ནས་ངེད་ཅག་ལ་མཛུབ་ཁྲིད་ཀྱང་ལན་མང་གནང་།
ཟླ་ལྔ་པའི་ཚེས་བརྒྱད་ནས་བཅོ་བརྒྱད་བར་རྗེ་བླ་མས་དུས་འཁོར་དབང་ཆེན་གསུངས་ཤིང་མི་འབུམ་གཅིག་དང་ཁྲི་གཅིག་ཙམ་འདུས། དུས་དབང་འདི་མ་གསུང་སྔོན་ཙམ་ལ་དུས་དབང་གྲ་སྒྲིག་གི་ཆེད་དུ་གང་སར་ཕེབ་བཞིན་པའི་བདག་གི་བཤེས་གཉེན་བྱམས་པ་འཕྲིན་ལས་ཚང་གློ་བུར་དུ་སྐུ་གཤེགས། ངེད་ཅག་དུས་འཁོར་ཚོས་ཁོང་གི་གཟིམ་ཤག་ཏུ་དགོངས་རྫོགས་ཆེད་དུས་འཁོར་གསུང་བཞིན་པའི་སྐབས་སུ་གློ་བུར་དུ་ས་ཡོམ་ཆེན་པོ་ཞིག་བརྒྱབ། དེ་ནི་ཆབ་ཆའི་ས་འགུལ་ཞེས་པའི་སྐད་གྲགས་ཅན་དེ་རེད།
ཤེལ་ལུང་བཞུགས་ཁྲི་ཞེས་པའི་ཐང་ཆེན་པོ་དེར་དད་ལྡན་ཚོའི་རས་གུར་ནམ་མཁའི་སྐར་ཚོགས་བཞིན་བཀྲ། ཞབས་དྲུང་དཀར་པོ་དང་གཡེར་གཤོང་ཚང་སོགས་བླ་ཆེན་མང་པོ་ཡང་ཕེབས། ཧོ་ཐོག་མཚམས་པ་ཞེས་པའི་རྙིང་མའི་ཨ་ལགས་ཤིག་དང་ཨ་ལགས་གཡུང་དྲུང་ལྷུན་གྲུབ་ཅེས་པའི་བོན་པོའི་བླ་མ་ཞིག་ཀྱང་དུས་དབང་ལ་བཅར། ར་རྒྱ་དང་གཙང་དགོན་པ་སོགས་ཀྱི་གྲྭ་པ་སྟོབས་ཆེན་ཀོ་ལྷམ་ལྗིད་ཁོག་ཆེན་པོ་ཅན་མནབས་པ་མང་པོ་ཞིག་དུས་འདི་ཙམ་ནས་རྗེ་བླ་མའི་དྲུང་དུ་གསུང་ཆོས་ལ་བཅར་མགོ་བརྩམས། དུས་དབང་གི་མཇུག་གྲུབ་པའི་གཏང་རག་གི་སྐབས་སུ་བདག་གི་སློབ་དཔོན་དགེ་བཤེས་བསྟན་འཛིན་ཚང་གིས་མཎཌལ་བཤད་པ་ཕུལ་ཅིང་བདག་གིས་ཁོང་གི་འཁྲིས་སུ་མཎ་བཤད་ཤོག་ལྷེ་དེ་ཚོ་སློག་རོགས་ཞུས། ངེད་ཅག་དུས་འཁོར་བ་ཚོར་རྙེད་པ་ཡང་མང་པོ་ཐོབ།
རྗེ་བླ་མའི་རྣམ་ཐར་ནང་ཨ་ལགས་བླ་ཁོ་ཚང་གིས་ཁོང་ལ་དགོན་པ་གསར་པའི་ནང་བདེ་གསང་འཇིགས་གསུམ་གྱི་ཆོ་ག་འཛུག་དགོས། དུས་འཁོར་མ་འོངས་པར་ས་དར་རྡོ་དར་ཆགས་ཡོང་ཞེས་གསུངས་ཚུལ་འདུག
དེ་རྗེས་བདག་རི་བོ་ཧི་མ་ལ་ཡ་བརྒལ་ནས་རྒྱ་གར་དུ་འབྱོར། ལྷོ་ཕྱོགས་སྙན་ངག་མཁན་རྣམས་ཀྱི་ཕ་སར་ཡོད་དུས། སྤྱི་ལོ་ ༡༩༩༥ ལོའི་སྤྱི་ཟླ་དང་པོའི་ནང་གོང་ས་མཆོག་གིས་དུས་འཁོར་དབང་ཆེན་ཐེངས་ཉི་ཤུ་བ་དེ་གསུངས། སྤྱིར་ན་ཆར་དུས་མིན་ཡང་། མགོན་པོ་མཆོག་ས་གནས་སུ་ཆིབས་སྒྱུར་སྐྱོང་སྐབས་གློ་བུར་དུ་ཆུ་སྤྲིན་ལང་ལོང་དུ་འཁྲིགས་ནས་སྦྲང་ཆར་ཟིལ་མ་དལ་བུས་བབས་པ་ནི་གདུལ་བའི་ཞིང་སར་ཉམས་རྟོགས་ཀྱི་མྱུ་གུ་འབུས་པའི་སྔ་ལྟས་སུ་གླེང་། མགོན་པོ་མཆོག་གིས་དུས་དབང་གི་སྔོན་འགྲོའི་གསུང་ཆོས་ལ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བ་གསུངས། འདི་དུས་ཁོང་གི་གསུང་ཐོས་པ་ཐོག་མ་ཡིན་པས་ཚིག་ལ་ལ་མ་གོ་བའི་དཀའ་ངལ་བྱུང་ཡང་མང་ཤོས་གོ་ཐུབ་པས་སྐལ་བ་བཟང་པོ་བྱུང་། མི་གྲངས་ཁྲི་ལྔ་ཙམ་འདུས། ཟང་ཟིང་གི་རྙེད་པ་མང་པོ་ཐོབ། གྲྭ་རྐྱང་མང་པོའི་ཁ་ནང་ལ་མར་ཁུ་འཁྱིལ།
སྤྱི་ལོ་ ༡༩༩༦ ལོའི་ཟླ་བཅུ་གཉིས་པའི་ནང་རྒྱ་གར་ཤར་ཕྱོགས་ས་ལུ་སྒར་དུ་གོང་ས་མཆོག་གིས་དུས་དབང་ཐེངས་ཉེར་བཞི་པ་དེ་གནང་། དེ་དུས་བདག་བལ་ཡུལ་དུ་ཡོད་པས་ཆོས་གྲོགས་འགའ་དང་ལྷན་དུ་སྤྱི་འཁོར་ལ་བསྡད་ནས་རྒྱ་བལ་ས་མཚམས་སུ་བསྐྱོད། ནམ་རྒྱུན་དང་མི་འདྲ་བར་ས་མཚམས་སུ་བཀག་འགོག་དེ་ཙམ་མེད་པར་བལ་ཡུལ་ཧི་མ་ལ་ཡའི་མི་རིགས་ནང་ཆོས་ལ་དད་པ་ཡོད་མཁན་ཧ་ཅང་མང་པོ་ཞིག་དུས་དབང་ཞུ་བར་བཅར། འབྲུག་པ་སྟོང་ཕྲག་མང་པོ་ཡང་བསླེབས་འདུག་ཅིང་། དགོང་མོར་འབྲུག་པ་མང་པོ་ཤིང་སྡོང་གི་འོག་ཏུ་ཉལ་ནས་བསྡད། འབྲུག་མོ་ཚོས་ཆུར་བ་དམར་པོ་ཞིག་མུར་ཏེ་སོ་ཚང་མ་དམར་ཉོག་གེར་ཡོད་པ་དེ་ཡ་མཚན་འདྲ་ཞིག་ཏུ་སྣང་། དེ་དུས་རྒྱ་གར་ལྷོ་ཕྱོགས་ནས་ཕེབས་པའི་རང་གི་ཕ་ཡུལ་གྲྭ་ཚང་གཅིག་པ་དང་ཕ་ཡུལ་གཅིག་པ་མང་པོར་ཐུག་སྟེ་ཉིན་མང་པོར་ལྷན་དུ་སྡོད་རྒྱུ་བྱུང་། མི་ཚོགས་མང་དྲགས་པས་ས་རྡུལ་འཐིབས་ཤིང་འགྲོ་ལམ་མི་རྙེད་པའི་ཚོད་དུ་འདུག མི་འབུམ་གཉིས་ཙམ་འདུས། སྔོན་འགྲོའི་གསུང་ཆོས་གང་གནང་མི་དྲན།
དེ་རྗེས་ལོ་མང་རིང་དུས་འཁོར་དབང་ཆེན་ཞུ་མ་ཐུབ།
ཁོ་བོ་ཨ་རི་སྡེ་མང་གཅིག་སྒྲིལ་རྒྱལ་ཁབ་ཏུ་འབྱོར་ནས་ཡུན་རིང་ཕྱིན་པའི་རྗེས་ཏེ། སྤྱི་ལོ་ ༢༠༡༡ ལོའི་ཟླ་བདུན་པའི་ནང་གོང་ས་མཆོག་གི་རྒྱལ་ས་ཝ་ཤིང་ཁྲོན་དུ་དུས་དབང་ཐེངས་སོ་གཅིག་པ་དེ་བསྩལ། དེ་དུས་བདག་ཀྱང་སྦྱིན་བདག་ཅིག་གིས་འགྲོ་སོང་བཏང་བའི་ཉེར་ལེན་གྱིས་བཅར་ཐུབ་ཙམ་བྱུང་བ་དང་། ཉི་མ་རེ་རེར་ཉིན་ཐོ་བྲིས་ཏེ་ཁ་བརྡ་དྲ་རྒྱའི་སྟེང་སྤེལ། དུས་དབང་གསུང་ས་རྩེད་འགྲན་ཁང་ཆེན་པོ་ཞིག་ཡིན་པས་ཕྱི་རོལ་གྱི་ཨང་གྲངས་བརྒྱ་དང་ལྔ་དྲུག་ལ་བསླེབས་པའི་ཚ་གདུང་དྲག་པོ་དེ་ལས་གཡོལ་ས་ཡག་ཤོས་ཤིག་ཏུ་གྱུར།
འདི་དུས་སྔོན་འགྲོའི་གསུང་ཆོས་གང་གནང་ད་ལྟ་མི་དྲན་ཡང་། ས་དགེ་བཀའ་རྙིང་བཞིའི་ལྟ་བ་དང་དུས་འཁོར་གྱི་བསྐྱེད་རྫོགས་སྦྱར་ཏེ་གསུང་བཤད་ཧ་ལས་པ་ཞིག་གནང་བ་ད་དུང་དྲན་ངོས་སུ་བསྡད་འདུག འདིའི་སྐབས་སུ་ཕ་ཡུལ་གཅིག་པ་དང་ཡུན་རིང་གི་གྲོགས་པོ་དཀོན་མཆོག་སྦྱིན་པ་དང་བསོད་ནམས་ཡེ་ཤེས་སོགས་ལ་འཕྲད་དེ་སྐྱིད་པོ་དཔེ་མེད་བྱུང་། ཕུག་རོན་ནད་པ་ཞིག་ལ་འཕྲད་དེ་སྙིང་རྗེ་ཡོད་ཁུལ་གྱི་ཟློས་གར་ཞིག་ཀྱང་འཁྲབས།
འདི་ལྟར་དུས་འཁོར་དབང་ཆེན་ཚར་ལྔ་ཐོབ་ཀྱང་ཕ་ཡུལ་ནས་དུས་འཁོར་བ་ཡིན་སྐབས་མ་གཏོགས་དུས་འཁོར་ཞེས་པའི་རྒྱུད་སྡེ་གྲགས་པ་ཅན་འདི་ནམ་ཡང་བདག་གི་ཉིན་རེའི་ཁ་འདོན་དུ་འགྱུར་མ་ཐུབ། དེང་སང་དུས་འཁོར་དབང་ཆེན་ཞེས་པའི་དབང་འདི་ལ་མི་ཕལ་མོ་ཆེ་རྒྱུག་བཞིན་འདུག དབང་ཆེན་འདི་འདྲའི་དཀྱིལ་འཁོར་ལན་གཅིག་མཇལ་ན་ཡང་ཚེ་རབས་འབུམ་ཕྲག་གི་སྡིག་པ་འདག་ངེས་རེད། དབང་དོན་ངོ་མ་འཕྲོད་ཀྱང་དབང་གསུང་མཁན་གྱི་བླ་མ་གོང་ས་མཆོག་དང་ས་སྐྱ་གོང་མ་ལྟ་བུའི་སྐྱེས་བུ་དམ་པ་ཚོའི་ཞལ་མཇལ་བ་ཙམ་གྱིས་ཀྱང་ཐར་པའི་ས་བོན་རྒྱུད་ལ་འདེབ་ཐུབ་ངེས་རེད། ཡིན་ཡང་། དུས་འཁོར་དབང་ཆེན་ཞུས་རྗེས་མ་མཐའ་ཡང་དུས་འཁོར་གྱི་བསྟོད་པ།
ཕྲ་རབ་རྡུལ་གྱི་ཆོས་ཉིད་འདས། །
པྲ་ཕབ་པ་ཡི་རང་བཞིན་ཅན། །
རྣམ་པ་ཀུན་གྱི་མཆོག་ལྡན་པའི། །
དུས་ཀྱི་འཁོར་ལོ་དེ་ལ་འདུད། །
ཨོཾ་ཨྰ་ཧྰུྃ་ཧོ་ཧྐྵྨླྺྼྻྻྻྃ་ཧྰུྃ་ཕཊ།
དགེ་བ་འདི་ཡིས་མྱུར་དུ་བདག །
དུས་ཀྱི་འཁོར་ལོ་འགྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །
དེ་ཡི་ས་ལ་འགོད་པར་ཤོག །
ཅེས་པ་ལྟ་བུ་རེ་འདོན་དགོས་པར་སྣང་ངོ་།། །།

དྲན་ཐོ།

Post navigation

Previous Post: བྱིས་པ་ལད་ཟློས་ལ་དགའ། ལད་ཟློས་བྱེད་ཡུལ་གཙོ་བོ་དེ་ཕ་མ་གཉིས་རེད།
Next Post: མཁའ་འགྲོ་མ།

Comments (24) on “ཕྱི་མིག་ཀློང་གི་དུས་འཁོར་དབང་ཆེན་ཚར་ལྔ།”

  1. རང་བྱུང་རིག་པའི་རྡོ་རྗེ says:
    2016-12-25 at 12:30 am

    དེང་དུས་ཀྱི་དགེ་ལུགས་པ་ཚོས་དུས་འཁོར་དབང་ཆེན་རེ་སྐུར་རྒྱུ་མ་གཏོགས་གཞན་ཅི་ཡང་བྱེད་ཤེས་ཀྱི་མ་རེད། ཐ་ན་ཞག་བརྒྱ་ཞིག་ལའང་མཚམས་ལ་འདུག་གི་མ་རེད། དུས་འཁོར་ནི་དགེ་ལུགས་པ་ཚོས་གཞན་ལ་མགོ་སྐོར་གཏོང་བྱེད་ཀྱི་ལག་ཅ་ལྟ་བུ་ཆག་ཡོད་པ་རེད། ཐབས་སྐྱོ་བ་ལ། དེང་དུས་ཀྱི་དགེ་ལུགས་པའི་བསྟན་པ་འདི་ལྷ་སྐུ་ཞིག་ལ་གཟུངས་བཞུགས་མེད་པ་ལྟ་བུ་རེད། ཕྱི་ནས་ལྟོས་ན་སྙིང་རྗེ་བོ་འདྲ་ཡོད་པ་རེད། ནང་སྙིང་སྟོང་བ་རེད་ད།
    དགེ་ལུགས་ཚོས་ངེས་པར་དུ་གཟབ་དགོས་འདུག །

  2. རང་བྱུང་རིག་པའི་རྡོ་རྗེ says:
    2016-12-25 at 12:39 am

    གོ་ཐོས་ལྟར་ན་མ་འོངས་པར་རིགས་ལྡན་ཉེར་ལྔ་བ་ཁྲི་ལ་འགོད་ནས་ཀླ་ཀློ་མ་ལུས་པ་ཚར་གཅོད་ཀི་རེད་ཟེར། དུས་འཁོར་དབང་ཆེན་ཐོབ་ན་དེ་དུས་ཤམ་བྷ་ལ་ནས་སྐྱེ་རྒྱུ་ཡིན་སྐད། ང་ལ་མཚོན་ན་དམག་འཁྲུགས་ཡོད་ས་ཞིག་ནས་ནམ་ཡང་སྐྱེ་འདོད་མེད། དེས་ཕྱིར་དུས་འཁོར་དབང་ཆེན་ཐོབ་དགོས་ཀྱི་མེད། ཤམ་བྷ་ལ་ན་ཀླ་ཀློ་དེ་ཙམ་མང་བོ་ཡོད་ན་དེ་ནི་གདུག་རྩུབ་ཅན་ཀྱི་ཞིང་ཁམས་ཤིག་རེད་མ་གཏོགས་དག་པའི་ཞིང་ཞིག་ག་ལ་ཡིན། །

  3. ནུབ་ཕྱོགས་གངས་ཕྲུག says:
    2016-12-25 at 1:49 am

    ང་རང་ཆོས་བརྒྱུད་ཀམ་ཚང་ཡིན་ཡང་ཇོ་ནང་པའི་ལུགས་ཀྱིས་དུས་འཁོར་འདོན་མྱོང་ཡོད། དུས་འཁོར་གྱི་མཚམས་ཡང་བསྡད་མྱོང་ཡོད། དུས་འཁོར་གྱི་ཆོ་ག་སྒྲུབ་་ཐབས་དང་དཀྱིལ་མཆོག་མཛད་པ་པོ་ཇོ་ནང་རྗེ་བཙུན་ཏཱ་ར་ནཱ་ཐ་རེད་འདུག སྔགས་ཡིག་བརྩེགས་མ་མང་པོ་འདུག ཆོ་གའི་གདངས་དབྱངས་སྙན་པོ་ཡོད། དུས་ཚོད་སྔ་དྲོ་ཆུ་ཚོད་༤ ནས་དགོང་དྲོ་ཆུ་ཚོད་༦ ཙམ་ལ་འཇུག་རྫོགས་ཀྱི་ཡོད། དུས་འཁོར་གྱི་སྔོན་འགྲོའི་ཁྲིད་ཡིག་དེ་སི་ཏུ་དགུ་པ་པདྨ་ཉིན་བྱེད་་གསུངས་པ་རེད་འདུག ཀརྨ་བཀའ་བརྒྱུད་ལ་དུས་འཁོར་བྱུང་ཚུལ་དུས་ཕྱིས་འཇམ་མགོན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་དུས་ནས་དར་བ་ཡིན་པ་འདྲ། ཀམ་ཚང་གི་གདན་ས་དཔལ་སྤུངས་དགོན་པ་དུས་འཁོར་འདོན་པའི་སྲོལ་ཡོད་པ་མ་གཏོགས་མཚུར་ཕུ་ལ་བྱུང་མེད་པ་འདྲ།

  4. ཀརྡོ་རབ་འབྱམས་པ་ says:
    2016-12-25 at 1:54 am

    ་་་་་་་་་་ དུས་འཁོར་ནི་དགེ་ལུགས་པ་ཚོས་གཞན་ལ་མགོ་སྐོར་གཏོང་བྱེད་ཀྱི་ལག་ཅ་ལྟ་བུ་ཆག་ཡོད་པ་རེད། ་་་་་་་་་ ཟེར།

  5. ཀརྡོ་རབ་འབྱམས་པ་ says:
    2016-12-25 at 2:07 am

    #1 རང་བྱུང་རིག་པའི་རྡོ་རྗེ ་ལགས་ཀྱིས་སྤེལ་དོན།:
    ཁྱོད།
    རང་བྱུང་མ་རེད་གཞན་བྱུང་རེད། །
    རིག་པ་མ་རེད་མ་རིག་རེད། །
    རྡོ་རྗེ་མ་རེད་དྲིལ་ཀྱོག་རེད། །
    ནང་པ་མ་རེད་དམ་ཉམས་རེད། །
    ཁ་སྡིག་མ་གསོག་དྲ་གྲོགས་ཁྱོད། །
    དག་སྣང་མ་ཆུང་འཐེན་འཁྱེར་ཁྱོད། །
    ཁྱོད་ཀྱིས་དུས་འཁོར་ཉམས་ལེན་ཤོད། །
    དེ་ཡང་མི་ཤེས་མི་ཐུབ་ན། །
    མིག་ལ་དམར་ཚ་བླུགས་ནས་ཉོལ། །

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-12-25 at 2:25 am

    ཁམས་གསུམ་སེམས་ཅན་བསད་ལས་སྡིག་ཆེ་བ་།
    བྱང་ཆུབ་སེམས་པ་རྣམས་ལ་བཀུར་བ་བཏབ་།
    དོན་མེད་སྡིག་ཆེན་བསགས་པ་མཐོ་ལོ་བཤགས་།
    ཨོམ་སྦ་རྫ་ས་ཏོ་ཧུང་།

  7. ཀརྡོ་རབ་འབྱམས་པ་ says:
    2016-12-25 at 2:31 am

    ་་་་་བཛྲ ས ཏྭ་་་་་

  8. ཀརྡོ་རབ་འབྱམས་པ་ says:
    2016-12-25 at 2:41 am

    ཨོཾ་ཨྰ་ཧྰུྃ་ཧོ་ཧྐྵྨླྺྼྻྻྻྃ་ཧྰུྃ་ཕཊ།

  9. ཀརྡོ་རབ་འབྱམས་པ་ says:
    2016-12-25 at 2:45 am

    ཨོཾ་ཨྰ་ཧྰུྃ་ཧོ་ཧང་ཀmཥ་མ་ལ་ཝ་ར་་ཧྰུྃ་ཕཊ།

  10. ཀརྡོ་རབ་འབྱམས་པ་ says:
    2016-12-25 at 2:46 am

    ཨོཾ་བཛྲ་སཏྭ་ཧྰུྃ།

  11. ཀརྡོ་རབ་འབྱམས་པ་ says:
    2016-12-25 at 3:07 am

    ན་མོ་གུ་རུ་ཀྰ་ལ་ཙཀྲྰ་ཡ།
    ན་མོ་གུ་རུ་ཀྰ་ལ་ཙཀྲྰ་ཡ།
    ན་མོ་གུ་རུ་ཀྰ་ལ་ཙཀྲྰ་ཡ།

  12. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-12-25 at 4:06 am

    ཁྱེད་ཀྱི་གསུང་པ་ལ་མངོན་པར་བསྟོད་དོ་།

  13. རང་བྱུང་རིག་པའི་རྡོ་རྗེ says:
    2016-12-25 at 4:38 am

    དྲ་ཐོག་འདིར་ཆེ་སུན་སྐྱེད་བཟོ་མཁན་ཀརྡོ་རེད། ཁོས་ནང་དོན་དབེན་པའི་མཆན་ཉོག་མང་བོ་འདེབས་ཀི་རེད། དྲ་གྲོགས་ཚང་མའི་ཡིད་སུན་ཡོད་པ་ད་དུང་ཁོས་ཤེས་ཀྱི་མེད་པ་འདྲ། །

  14. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-12-25 at 5:05 am

    ཧཧཧཧཧ་་་་་དུས་འཁོར་ནི་དགེ་ལུགས་ཚང་གི་གཞན་མགོ་བསྐོར་བྱེད་ཀྱི་ལག་ཆ་རེད་ཟེར་ལུགས་ལ་ལྟོས་ན་སེམས་པ་ཐང་པོ་མེད་མཁན་ཅིག་གི་བཀའ་མོལ་རེད། དེང་སང་ཟེར་རྗེས་གཡམ་རྒྱུགས་བྱ་མཁན་ཉུང་ཉུང་རེད་གདའ། དེ་དང་དགེ་ལུགས་ལྷ་སྐུ་ལ་ཕྱི་རྫིག་ལས་ནང་གཟུགས་ཡོད་མ་རེད་ཟེར་ན་མངོན་སུམ་ལ་སྙོན་གདིང་མཁན་ཁྱོད་ལ་གསལ་བཤད་དགོས་གལ་མ་ཆེ། མདོར་ན་ཁྱོད་ཀྱིས་སྐད་ཅ་འདིས་ཆོས་ལུགས་ཕན་ཚུན་མཐུན་ལམ་ལ་འབར་རྫས་འཇོག་འདོད་ཡོད་འདྲ་བས་ངན་སོང་དུ་འགྲོ་བྱེད་ཀྱི་རྒྱུ་མ་བསགས་ན་དགའ་རེད་་་་་་་གོ་ཨེ་ཐལ་་་་་་་འདི་འདྲ་ཐད་ལ་བགྲོ་གླེང་འདོད་ན་རང་གཟུགས་མངོན་སུམ་ཐོན་ཤོག་དང་བརྡར་ཤ་བཅད་འདོད་གྲ་སྒྲིགས་ཨང་གསར་ཡོད་ལགས།

  15. ཀརྡོ་རབ་འབྱམས་པ་ says:
    2016-12-25 at 5:43 am

    ་་་་་་་་#13 རང་བྱུང་རིག་པའི་རྡོ་རྗེ ་ལགས་ཀྱིས་སྤེལ་དོན།:
    December 25th, 2016 at 4:38 am
    དྲ་ཐོག་འདིར་ཆེ་སུན་སྐྱེད་བཟོ་མཁན་ཀརྡོ་རེད། ཁོས་ནང་དོན་དབེན་པའི་མཆན་ཉོག་མང་བོ་འདེབས་ཀི་རེད། དྲ་གྲོགས་ཚང་མའི་ཡིད་སུན་ཡོད་པ་ད་དུང་ཁོས་ཤེས་ཀྱི་མེད་པ་འདྲ། ། ་་་་་་་་ ཟེར།

  16. ཀརྡོ་རབ་འབྱམས་པ་ says:
    2016-12-25 at 5:52 am

    རང་བྱུང་ཁོ་རེ།
    ་་་་་མང་བོ་འདེབས་ཀི་རེད།་་་་་་
    མང་བོ་མ་རེད། མང་པོ་རེད། འདེབས་ཀི་མ་རེད། འདེབས་བགྱིད་རེད།

  17. རང་བྱུང་རིག་པའི་རྡོ་རྗེ says:
    2016-12-25 at 2:14 pm

    ཏྲེ་ཧོར་ལགས། ཤ་ཚ་བའི་གཏམ་ལ་སྙན་མོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད་ཟེར་བ་དེ་ཐོས་ཨེ་མྱོང་། དགེ་ལུགས་པ་ཚོ་འཆད་རྩོད་གཅིག་པོར་དབུ་འཁོར་ནས་ཉམས་ལེན་བྱེད་ཀྱིན་མི་འདུག་ཟེར་བ་དེ་ཡིན། སྔོན་བཀའ་གདམས་གོང་མ་དང་རྗེ་རིན་པོ་ནས་མི་རབས་ཁ་ཤས་ཤིག་ལ་དགེ་ལུགས་པའི་བླ་མ་ཕལ་མོ་ཆེ་ལུང་རྟོགས་གཉིས་ལྡན་གྱི་བླ་མ་ཤ་སྟག་རེད། དེང་དུས་ཀྱི་དགེ་ལུགས་པའི་བླ་མ་ཕལ་མོ་ཆེ་ལྷ་སྐུ་གཟུངས་བཞུགས་མེད་པ་ལྟ་བུ་རེད། འདི་ནི་དངོས་གནས་ཡིན། ཆགས་སྡང་གི་གཏམ་མིན། ལྷག་པར་དུ་དབང་སྐུར་ཀྱིན་སྐུར་ཀྱིན་ཡི་དམ་དེའི་བསྙེན་པ་ཚད་ལྡན་ཞིག་ཀྱང་ཡོད་ས་མ་རེད་ཀྱི་ཡོད། །

  18. ཀརྡོ་རབ་འབྱམས་པ་ says:
    2016-12-25 at 2:25 pm

    གསང་སྔགས་ཀྱི་ཆོས་ཀྱི་ཉམས་ལེན་ལ། བསྙེན་པ་གྲངས་གསོག་གལ་ཆེ་བ་ཡིན་ནམ། ངེས་འབྱུང་། བྱང་སེམས། ཡང་དག་པའི་ལྟ་བ་གསུམ་གལ་ཆེ་བ་རེད། དགེ་ལུགས་པར་ཕྲག་པ་དོག་པ་རིག་འབྱུང་ལགས། ལགས།། །།

  19. ཀརྡོ་རབ་འབྱམས་པ་ says:
    2016-12-25 at 2:28 pm

    ངེས་འབྱུང་མེད་པའི་དགེ་བསྙེན་དང་གཅིག བྱང་སེམས་མེད་པའི་སྔགས་པ་དང་གསུམ། ལྟ་བ་མེད་པའི་དབང་བསྐུར་པ་དང་གསུམ་ནི། གང་དང་གང་རེད་དམ། ལགས། རིག་འབྱུང་ལགས།། །།

  20. རང་བྱུང་རིག་པའི་རྡོ་རྗེ says:
    2016-12-25 at 3:44 pm

    ཡི་དམ་གྱི་བསྙེན་པ་འགྲོ་མཁན་ཞིག་ལ་བྱང་ཆུབ་ཀྱི་སེམས་དང་ཡང་དག་པའི་ལྟ་བ་ནི་དེའི་རྨིང་གཞི་ལྟ་བུ་རེད། །

  21. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2016-12-25 at 4:36 pm

    རང་བྱུང་རིག་རྡོ་ལགས། དེང་སང་དགེ་ལུགས་ནང་ཉམས་ལེན་མེད་པ་རང་གིས་ཁ་ཚོན་བཅད་པ་ཧམ་པ་ཆེ་དྲགས་རེད་མ་གཏོགས་གདན་གསུམ་ན་ཉམས་ལེན་པ་ག་ཚོད་ཡོད་མེད་ཨེ་ཤེས་སམ། ཅིག་བྱས་ན་ཁྱོད་ལ་གཞན་སེམས་ཤེས་པའི་མངོན་ཤེས་ཡོད་འདྲ། ཧཧཧཧ་་་་་དགེ་ལུགས་ཆོས་རྒྱུད་འཛིན་མཁན་ཚོ་ལ་ཁྱོད་ཀྱིས་ཤ་ཚ་བའི་སྙིང་གཏམ་ཨེ་་་་་་དེ་ཧ་གོ་ན་སྙིང་གཏམ་གོ་ལོག་རེད་གདའ། ཡིད་དམ་གྱི་བསྙེན་པ་ཚད་ལྡན་སྐོར་ལ་བཤད་ཁུལ་ཨང་་་་་རང་མིང་དངོས་སུ་འདོན་སྤོབས་མེད་མཁན་ནག་ཁུང་ནས་ངུ་འབོད་བྱ་མཁན་་་་་་ཡིད་དམ་སྐོར་མ་བཤད་ཅིག་་་་་

  22. གཡུ་ཐོག says:
    2016-12-26 at 4:45 am

    གང་ལྟར་དུས་འཁོར་དབང་ཆེན་ཐོབ་པའི་སྐལ་བ་ནི་ཚེ་གཅིག་ལུས་གཅིག་ཡིན་ལ་དོན་དངོས་ཉམས་ལེན་གང་ལེགས་དགོས་པ་༸རྒྱལ་བས་བཀའ་སློབ་གནང་བཞིན་ཡོད། གང་ཟག་སོ་སོས་དེའི་དོན་སྙིང་དང་དགོས་པ། བྱིན་རླབས་ཕན་ཡོན་སོགས་མི་ཤེས་པར་ཚོང་གི་རྣམ་པ་ཞིག་མཐོང་བ་ནི་སོ་སོའི་ལས་རེད། གཙོ་བོ་དུས་འཁོར་དབང་ཆེན་ནི་ཆོས་ཞུ་བའི་གནས་རེད་མ་ཏོག་ཚོང་ལས་བྱ་ཡུལ་མིན་ཀྱང་དེང་སང་སྤྱི་ཚོགས་ནང་ཚོང་འབྲེལ་དང་ཟང་ཟིང་བྱ་ཡུལ་གྱི་སྡིངས་ཆ་ལྟ་བུར་འགྱུར་ཡོད། གང་ལྟར་བློ་སེང་ལྟ་བུ་དུས་འཁོར་དབང་ཆེན་ཐེངས་བཅོ་བརྒྱ་བཅུ་དགུ་ཞུ་ཐུབ་ཐབས་མེད། ཧཧཧ

  23. བེ་རེ་གདོང་ནག says:
    2016-12-26 at 6:28 am

    རང་བྱུང་རིག་རྡོར་་་་བསམ་བློ་བཏང་ནས་བཤད་རོགས། དཔལ་ཉམས་མེད་རི་བོ་དགེ་ལུགས་པ་ནི་དངོས་གནས་དོན་དམ་པའི་ཎ་ལེན་དྲའི་ལྟ་གྲུབ་གཙང་མ་འཛིན་མཁན་ཁྱད་དུ་འཕགས་པ་ཞིག་ཡིན། ཡིད་དམ་དང་གསང་སྔགས་ལ་ཁ་གཡར་ནས་འཆལ་སྤྱོད་ཀྱི་སྤྱོད་ངན་དང་ཤར་ནུབ་ཀྱི་མགོ་སེར་ནག་ནང་དུ་སྒོར་དོན་རྐྱང་པ་སྒྲུབ་ནས་་བསྟན་པ་རིན་པོ་ཆེའི་དྲྭི་མ་ཅན་དུ་བྱེད་མཁན་ཧ་ཅང་ཉུང་བའི་གྲས་ཡིན། དགེ་ལུགས་ལ་སྡང་དགོས་པའི་རྒྱུ་མཚན་ཅི་ཡོད། འཇིག་རྟེན་ཐོག་ནས་ཡིན་ནའང་བོད་མི་དམངས་ལ་དགེ་ལུགས་པ་བཀའ་དྲིན་ཆེས་ཤོས་ཡིན་ཟེར་ཆོག དགེ་ལུགས་ལ་སྡང་མཁན་ཚོ་དོལ་ཚོགས་དང་དོལ་ཚོགས་ཀྱི་སྐྱབས་བཅོལ་སའི་ཨ་ཞང་ཚང་གི་ངན་ཤུགས་ཐེབས་ཡོད་པའི་རྟགས་ཡང་དག་ཡིན།

  24. ཁ་ཞེ་གཉིས་མེད་ says:
    2016-12-29 at 12:20 pm

    བར་ལམ་ནས་བོད་ཀྱི་དུས་བབ་དང་ཁ་བརྡ་བེད་སྤྱད་ནས་རང་རེའི་ཆོས་བརྒྱུད་དང་བླ་ཆེན་རྣམས་ལ་མཚན་སྨད་དང་ཟུར་ཟ་གནང་མཁན་རེ་ཟུང་ཡོང་གི་འདུག་པ་ཁྱེད་རྣམས་ཀྱིས་ཁ་ན་མ་མཐོ་བའི་ཉེས་པ་ཚབས་ཆེན་པོ་གསོག་གི་ཡོད་ན་དེ་རིགས་མི་གནང་བར་ཞུ་ཞེས་ལག་གཉིས་ཐལ་མོ་སྦྱར་བ་ལགས། གཞན་ཡང་གི་གུ་དགོས་སར་ཞབས་ཀྱུ་དང་། ཞབས་ཀྱུ་དགོས་སར་ན་རོ་བྲིས་པ་སོགས་ཡི་གེ་མ་དག་པ་མང་དྲགས་ནས་མ་དག་རྒྱུན་འབྱམས་སོང་ན་དག་པ་ཡང་མ་དག་པ་ཆགས་པའི་ཉེན་ཁ་འདུག་ན་འབྲེལ་ཆགས་ཚང་མས་ཐུགས་སྣང་གནང་རོགས་ཞེས་རེ་འདུན་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme