Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་དྲོའི་མཛེས་ལྗོངས་མྱུལ་བ།

Posted on 2011-07-18 By དབང་ཕྱུག་ 18 Comments on ཕྱི་དྲོའི་མཛེས་ལྗོངས་མྱུལ་བ།

6006344

བསམ་གླིང་ཚེ་རིང་ལྷ་མོ།

ཨ་སྔོན་ནམ་མཁའ་ཆུ་འཛིན་དགའ་མ་ལ།།
ཡོངས་སུ་ཆགས་པ་སྐབས་ཤིག་དོར་བར་མཛོད།།
དབེན་པའི་ཡིད་ལ་ཅུང་ཟད་ངལ་གསོའི་བཅུད།།
མཛེས་ལྗོངས་ལོངས་སྤྱོད་སྐལ་བཟང་གནང་བ་སྩོལད།།

སྤྲིན་དཀར་ཚོམས་བུས་མཐའ་བཞིའི་རི་བོ་མྱུལ།།
སྔོ་སངས་ནམ་མཁར་སྤྲིན་དཀར་ཐར་ཐོར་འགྱིང་།།
ཡུན་རིང་ཆར་ཆུས་བཀྲུས་པའི་ལྗོན་པའི་ཚོགས།།
དགའ་བདེས་བསུས་པའི་གཡུ་རལ་ཅི་ཡང་གསིག།

ལྷུན་སྟུག་རྩེ་མོའི་རྦ་རླབས་འཁྲུག་པའི་དབུས།།
བྱང་ཤར་རི་རྒྱུད་ཁ་བའི་དར་དཀར་སྒྲོན།།
ཡིད་འདི་གངས་ལྗོངས་དྲན་པས་མནར་བ་ལ།།
བཞུད་ཁའི་ཉི་འོད་དེས་ཀྱང་གསལ་འདེབས་བྱེད།།

དབེན་པར་གནས་པའི་ཕྱི་དྲོའི་ལོ་ལྗང་ཚོགས།།
རང་མལ་གནས་སུ་གཟིམ་པར་བྲེལ་ན་ཡང།།
གཉིས་སྐྱེས་ཚོགས་རྣམས་ཆང་གིས་བཟི་བ་བཞིན།།
རང་རང་གྲེ་འགྱུར་ཅི་ཡང་ངོམས་ཤིང་མཆིས།།

མཚམས་སྤྲིན་དམར་པོ་ནུབ་མཁའི་ཕང་བར་མཛེས།།
སྤང་ལྗོངས་སྣུམ་པོ་དར་གོས་བཀྲམ་པ་ལྟའི།།
ཆར་རྗེས་ཕྱི་དྲོའི་མཐའ་ཡས་མཛེས་ལྗོངས་ནི།།
ལྟ་བས་མི་ངོམས་སུམ་རྩེན་གཉིས་པ་བཞིན།།

རྒྱང་རིང་མཛེས་ལྗོངས་ངོམས་མེད་ལོངས་སྤྱོད་པའི།།
བདག་གི་ཡིད་ནི་རྐུན་པོས་འཁྱེར་བ་བཞིན།།
ལག་པས་འགྲམ་པ་བཏེགས་ནས་ཅེར་བ་ནི།།
མཛའ་བོའི་གྲིབ་གཟུགས་མངོན་ལ་རེ་དང་མཚུངས།།

རྩྭ་ལྗང་ནེ་ཙོའི་གཤོག་པ་བརྐྱངས་པ་ལ།།
ཟིལ་པ་མུ་ཏིག་དོག་པ་མཚར་དུ་དངར།།
དལ་བུར་འགྲོ་བའི་གོམ་སྟབས་གཡོས་གྱུར་ཀྱང་།།
བརྫི་བར་དོགས་ནས་ཡིད་ལ་ཕངས་སེམས་བྱིན།།

གཡའ་དྭངས་ནམ་མཁའ་ཁྱེད་ཉིད་དལ་བར་མཛོད།།
ཡུན་རིང་སྒྲིབ་པའི་རྒྱང་རིང་ལྷུན་པོའི་བརྗིད།།
ལོངས་སུ་སྤྱོད་པར་སྤྲོ་བའི་འདྲེན་བྱེད་ལའང་།།
སར་པ་གསར་པའི་མཛེས་རྒྱན་སྤྲོ་རིགས་སོ།།

བསིལ་བའི་དྲི་བཞོན་ཅོ་འདྲི་བདག་གི་ཡིད།།
ན་བུན་ཚོགས་ཀྱིས་བཏེགས་ནས་དལ་བུར་འགྱིང།།
དངས་གཙང་མཁའ་དབུགས་གསར་པས་ཡིད་ཁམས་མྱུལ།།
སྙན་འཇེབས་གསང་གཏམ་ཡིད་ངོར་ལྷང་ལྷང་གྲག།

སྐྱེ་བོའི་ཚོགས་རྣམས་གོམ་སྒྲ་རིམ་བཞིན་ཡལ།།
དབེན་འཇགས་རི་ཚོགས་མུན་པའི་ཀློང་དུ་གཟིམ།།
ཕྱི་དྲོའི་འཁྱམ་འགྲོས་དལ་བུར་བསྐྱོད་པས་ཀྱང།།
རང་བྱུང་ཁམས་ཀྱིས་སྤྲོ་སྣང་དཔག་མེད་བྱིན།།

སྙན་ངག

Post navigation

Previous Post: གངས་ལྗོངས་གེ་སར་ཚང་གི་འགྲན་རྩོམ་རྩེ་ཕུད་ཉི་ཤུ་རྩ་གཉིས་ཀྱི་གསལ་བསྒྲགས།
Next Post: འུ་ཚང་གི་ཕ་རྒན

Comments (18) on “ཕྱི་དྲོའི་མཛེས་ལྗོངས་མྱུལ་བ།”

  1. རྩམ་དགའ། says:
    2011-07-18 at 5:12 am

    ཡིད་འོང་ཕྱི་རོའི་མཛེས་ལྗོངས་ལ། །
    སྔགས་པའི་སྙན་ཚིག་དུང་གི་སྒྲས། །
    མི་ཆུང་ཞིག་གི་རྣ་བའི་དབང་། །
    ཡོངས་སུ་འཕྲོག་ཐལ་མཛེས་མ་ལགས། །

  2. ལྷོ་མོན་འབྲུག་རིས says:
    2011-07-18 at 5:36 am

    སྙན་ཚིག་དྲི་ཟའི་པི་ཝང་ལ།།
    ཆཌ་པའི་རི་དྭགས་ང་ཡི་སེམས།།
    གཟུཌ་ཀྱི་མཛེས་པའི་ཁྱད་པར་ལ།།
    ཡུད་ཙམ་རོལ་བའི་འདུན་པ་གཡོ།།

  3. དཔལ་དགྱེས་པ་རྡོ་རྗེ says:
    2011-07-18 at 8:16 am

    ཨེ་མ་ཧོ།
    ཕྱི་དྲོའི་མཛེས་ལྗོངས་ཡངས་པའི་དཀྱིལ་འཁོར་ཆེ། །
    ཚེ་སྲོག་ཞི་བསིལ་ཟླ་བའི་བདེ་བ་ཆེ། །
    གསང་ཆེན་སེམས་གནས་མཁྱེན་བརྩེ་ནུས་པ་ཆེ། །
    ཆེ་ཆོས་ཀུན་རྫོགས་ཏིང་འཛིན་རྟག་རོལ་ཤོག །
    ཤྲྰིས་སོ། །

  4. དྲི་མེད་ལྷག་བསམ། says:
    2011-07-18 at 8:42 am

    ཨེ་མ་ཧོ། །ནུབ་ཁའི་ཉི་མ་དམར་པོས་ཁྲག་བྱུག་པའི། །གསར་སྐྱེས་མེ་ཏོག་བཞད་པའི་ས་འཛིན་ནི། །ཁེར་རྐྱང་མཛེས་མའི་ཡིད་ཕྲོག་ཆོམ་པོ་དེ། །གཉིས་སྦྱོར་དུས་སྟོན་འབོད་པའི་གཡབ་མོ་ཉིད། །འདུ་འབྲལ་རྦ་རླབས་སྐྱེན་པའི་འཁོར་མཚོ་རུ། །ཀུན་འབྱུང་ལས་ཉོན་ཆུསྲིན་རྩེན་པ་རུ། །དགའ་ཞིང་ཨ་འཐས་ཕུང་པོའི་མཆོད་སྤྱིན་ལ། །བསམ་ཞིང་བྲེད་པ་གནས་བརྟན་རྒན་པོའི་གཤིས། །ཡིད་བརྟན་མི་ཕེར་སྣ་ཚོགས་སྣང་བ་ཀུན། །ཞེན་མེད་རང་གྲོལ་སྒྱུ་མའི་ལྟད་མོ་བཞིན། །ཆོས་ཉིད་རྒྱན་གྱི་འཁོར་ལོར་རྟག་རོལ་པའི། །རྒྱ་གྲོལ་ནམ་མཁའི་རྣལ་འབྱོར་གར་ཡང་བདེ། །ཞེས་རྨི་ལམ་དབང་ཕྱུག་དང་བསམ་གླིང་ལྷ་མོ་ལ་འཚམ་འདྲིའི་ཤིས་ཚིགས་ཏུ་དྲི་མེད་ལྷག་བསམ་གྱིས་སོ། །

  5. སྤོབས་པ་མཐའ་ཡས། says:
    2011-07-18 at 9:20 am

    རང་བྱུང་ཁམས་འདི་ཁྱོད་ཀྱི་ཡུམ་ཆེན་སྟེ༎
    ཁྱོད་ནི་རང་བྱུང་ཁམས་ཀྱི་གཅེས་ཕྲུག་ཉིད༎
    མ་པང་བུ་འཇུག་ཕྱི་དྲོའི་ཁམས་བསང་དེ༎
    མ་བུ་ལྷན་འཛོམ་དགའ་བའི་དུས་སྟོན་ཡིན༎

    མཚམས་སྤྲིན་དམར་པོའི་ཤམ་བུའི་ཐུ་བ་ཡིས༎
    ནུབ་ཕྱོགས་ས་འཛིན་ནུ་འབུར་བཀབ་པ་ཡི༎
    རང་བྱུང་རི་ཡི་བུ་མོའི་མཛེས་སྡུག་དེས༎
    ཉིན་བྱེད་གཞོན་ནུ་དགའ་བའི་མལ་དུ་དྲངས༎

    བྱང་ཕྱོགས་གངས་རི་རྒན་པོའི་བཞིན་རས་ལ༎
    ཆགས་པའི་དམར་མདངས་ཅི་ཡང་རྒྱས་བཞིན་དུ༎
    ནུབ་རི་བུ་མོའི་རུམ་ན་ངལ་གསོ་བའི༎
    ཉིན་བྱེད་གཞོན་ནུའི་དཔལ་ལ་ཕྲག་དོག་བྱེད༎

    སྨུག་ཞགས་ལང་ལོང་འཁྲིགས་པའི་ཡོལ་བའི་འོག །
    རྡེ་ར་རྡུན་གྱི་གྲོང་ཁྱེར་ཆེན་པོ་ཡང་༎
    རྙིང་ཞིང་རལ་བའི་ཉལ་ཐུལ་སྲབ་མོའི་འོག །
    ཁྱིམ་མེད་གྲོང་མཐའི་སྤྲང་པོ་ཉལ་བ་བཞིན༎

    རང་བྱུང་འབྱུང་ཁམས་ཆེན་དགའ་བའི་མཛའ་གྲོགས་ལ༎
    མི་ཕྱེད་དུང་བས་འཁྱུད་པའི་དཔྱོད་ལྡན་མ༎
    སྙན་ངག་ལྟ་བུའི་བུ་མོ་ཁྱོད་ཉིད་ཀྱིས༎
    བུ་མོ་ལྟ་བུའི་སྙན་ངག་ཡིད་ལ་འཇེབ༎

  6. སྤོབས་པ་མཐའ་ཡས། says:
    2011-07-18 at 9:23 am

    རང་བྱུང་འབྱུང་ཁམས་དགའ་བའི་མཛའ་གྲོགས་ལ༎
    མི་ཕྱེད་དུང་བས་འཁྱུད་པའི་དཔྱོད་ལྡན་མ༎
    སྙན་ངག་ལྟ་བུའི་བུ་མོ་ཁྱོད་ཉིད་ཀྱིས༎
    བུ་མོ་ལྟ་བུའི་སྙན་ངག་ཡིད་ལ་འཇེབ༎

    འདི་ཤོ་ལོ་ཀ་ཐ་མའི་ཆད་ལྷག་བསལ་བ་ཡིན་ལགས།

  7. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-18 at 12:31 pm

    མཛེས་མཛེས་རང་བྱུང་ཁམས་ཀྱི་ཁོར་ཡུག་དང་།།
    ལྷུང་ལྷུང་སྙན་པའི་ཆབ་རྒྱུན་སྒྲ་དབྱངས་བཞིན།།
    དྲ་གྲོགས་དུང་ཟླ་དཀར་པོའི་ཚོགས་རྣམས་ཀྱིས།།
    བདག་ཡིད་མུན་པའི་ཀློང་ནས་འདྲེན་དང་མཚུངས།།

    རྩོམ་རིག་མཛའ་གྲོགས་ཞལ་རས་དཀར་གསལ་ངོགས།།
    དོན་གཉེར་བུང་བའི་མགྲིན་སྒྲ་རྣ་བའི་དཔྱིད།།
    ཁ་མཚར་རྩེད་རྒོད་སྨྱུག་གུའི་གར་སྟབས་ནི།།
    རང་དབང་ལྡུམ་རའི་ལེགས་སྐྱེས་ཅི་ལ་མིན།།

  8. དཔལ་དགྱེས་པ་རྡོ་རྗེ says:
    2011-07-18 at 12:45 pm

    བསམ་ཡས་ཆོས་མཆེད་ལ་ཕུལ་བ་གང་ཤར་སྒྱུ་འཕྲུལ་རོལ་མོ། །
    ཨེ་མ་ཧོ། །
    དབང་ཆེན་དུས་ཀྱི་འཕོ་འགྱུར་ནུབ་རི་ལ་ཉེ་ཡང་། །
    བདེ་ཆེན་གཏན་གྱི་བདེ་བ་བགྲེས་རྒུད་དང་བྲལ་བས། །
    གཉིས་སྦྱོར་ཚོར་བའི་གནས་ལ་ཞེན་ཆགས་རང་མི་དགོས། །
    རང་རིག་ནམ་མཁའི་རྣལ་འབྱོར་གུ་ཡངས་ལ་བཞུགས་སོ། །
    བསམ་ཡས་སྒྱུ་འཕྲུལ་དྲ་བའི་རི་ཤན་གྱི་གླིང་ཀར། །
    ཚེ་རིང་ཉི་མ་སྐྱིད་པའི་ལོངས་སྤྱོད་ཅིག་ཡོད་སྐད། །
    ལྷ་དང་ལྷ་མོ་རྩེན་པའི་ལྔ་ཕུང་གི་འཇའ་ལུས། །
    སྣང་སྲིད་དག་པ་རབ་འབྱམས་རང་རིག་གི་རྣམ་རོལ། །
    འདུ་ཤེས་མི་རྟག་འཇིག་པའི་འཁོར་བ་ལ་མི་ཞེན། །
    དངོས་ཆོས་ལས་ཀྱི་ཕྱག་རྒྱའི་བདེ་བ་ལ་མི་ཆགས། །
    ཕྱོགས་ཞེན་གྲུབ་མཐའི་འཛིན་མཚམས་ལུང་རིགས་ལ་མི་སྡང་། །
    མ་རིག་རྨོངས་པ་སངས་པའི་རིག་འཛིན་ལ་འདུད་དོ། །
    རྒྱ་ཆད་ཕྱོགས་ལྷུང་བྲལ་བའི་དྲི་མེད་ཀྱི་ལྷག་བསམ། །
    བསྟན་དང་འགྲོ་བའི་དོན་ལ་ཞབས་བརྟན་དུ་གསོལ་ན། །
    གང་བསམ་ལྷུན་གྲུབ་འབྱུང་གནས་ཡིད་བཞིན་གྱི་ནོར་བུ། །
    ཞི་བདེ་རང་དབང་འབྱོར་བའི་དངོས་གྲུབ་འདི་ཨ་ཧོ། །
    ཞེས་པ་འདི་ཡང་གང་ཤར་རྩོལ་མེད་དུ་དཔའ་བོ་དྲི་མེད་ལྷག་བསམ་དང་དཔའ་མོ་ཚེ་རིང་ལྷ་མོ་ལ་ཤྲྰིས་སྨྱོ་གཏམ་གླུ་རུ་བླངས་པ་དགེའོ། །

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-07-18 at 5:47 pm

    བསམ་གླིང་ལྷ་མོས་གཙོ་བྱས་གངས་ཅན་པའི།
    བློ་གསལ་བུང་བའི་ཚོགས་ཀྱི་སྙན་དངགས་པས།
    གངས་ཅན་སྐད་ཀྱི་་སྐྱེད་ཚལ་དོ་ར་ཆེར།
    སྣ་ཚོགས་སྙན་ཚིག་རྩེན་པས་ཡིད་དབང་འཕྲོག།
    དུས་མེད་པས་ཚིག་གཅིག་ལ་དཔྱད་པར་བྱ་སྟེ། རྦ་རླབས་པ་ཞེས་པ་དབའ་རླབས་ཞེས་པ་ད་སྔོན་འཇུག་ད་དེ་ཉིད་ར་དང་ས་རུ་འབོད་པ་ལས་བྱུང་བར་སེམས། བོད་ཀྱི་ཡི་གེ་བྱེད་པོ་དག་ལ་གས་ལ་ད་ལོག་འབྲི་བར་མ་མཛད་ཅེས་ཞུ་བ་ཡོད། འདི་ཡིས་བོད་ཡིག་ཀློག་ལེགས་པར་མ་ཤེས་པ་རྣམས་ལ་དཀའ་ངལ་དང་། བོད་དུ་བདག་གི་སློབ་དཔོན་གྱི་ཞལ་སྔ་ནས་བསྡུས་ཡིག་དེ་དག་དག་ཡིག་གི་དགྲ་ཡིན་ཞེས་གསུངས་པ་དྲན་ནོ།།

  10. ཨ་བུ། says:
    2011-07-19 at 4:21 am

    རང་བྱུང་མཛེས་སྡུག་བུ་མོའི་བཞིན་རས་དང་།།
    བསམ་གླིང་འཇོལ་མོའི་སྙན་པའི་འགྱུར་ཁུག་གིས།།
    ངག་གི་རོལ་མཚོའི་རྦ་ཀློང་དཀྲུག་པ་ན།།
    གླིང་འདི་གླིང་གཞན་ལས་ཀྱང་མཛེས་པར་བྱས།།

    ཚེ་ཡི་ཚེ་ཐག་ངེས་པ་མ་མཆིས་ཀྱང་།།
    རིང་ནས་རིང་དུ་གསོན་པའི་རེ་བ་ཡིས།།
    ལྷ་ཡི་ལྷ་མཆོག་ཞབས་ལ་ཕྱག་བྱས་ཏེ།།
    མོ་རབ་མོ་མཆོག་ཁྱེད་ཀྱི་དོན་འགྲུབ་ཤོག།

  11. དྲི་མེད་ལྷག་བསམ། says:
    2011-07-19 at 9:32 am

    ཁ་བརྡ་ཚང་། ངའི་མིང་གཉིས་སླེབས་འདུག གོང་གི་མཆན། (༩)པ་དྲི་མེད་ལྷག་བསམ་ཟེར་བ་དེ་ང་མིན། མཆན་(༤)འདེབས་མཁན་དེ་ཡིན། སྔོན་ཆད་ཀརྨ་པ་ལ་སྐྱོན་བརྗོད་ཛ་དྲག་གནང་བའི་མཆན་གཅིག་ཡང་ངའི་མིང་གཞན་གྱིས་སྤྱད་པ་རེད། ང་ནི་ཁ་བརྡ་ལ་མཆན་ཆུང་མང་པོ་འདེབས་མཁན་ཞིག་ཡིན་པས་ཀ་བརྡའི་གློག་ཀླད་ཀྱི་གསང་བརྡ་ལ་གཟིགས་དང་ཤེས་ངེས་ཡིན།

  12. ཀརྡོ་རབ་འབྱམས་པ་ says:
    2011-07-19 at 12:38 pm

    ཕྱི་ལོགས་མྱུག་གསར་མཛེས་ལྗོངས་ཀྱིས། །
    ནང་ལོགས་བདེ་ཉམས་གཏུ་མོ་འབར། །

  13. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-19 at 4:23 pm

    སྙན་སྙན་དབྱངས་ཀྱི་ལེགས་སྐྱེས།།
    ལྷང་ལྷང་ཡིད་ལ་སིམ་དུས།།
    དྲ་རྒྱ་དུང་ཟླའི་ཞལ་ལ།།
    ཡང་ཡང་ལྟ་བར་ཐལ་སོང།།

  14. dorwang says:
    2011-07-19 at 4:37 pm

    དྲི་མེད་ལྷག་བསམ་ལགས་ལ་ཞུ་བ།

    འདི་ནས་ཁྱེད་རང་གིས་གསལ་བཤད་གནང་དོན་བཞིན། གློག་ཀླད་ཀྱི་གསང་བརྡའི་གནས་ཚུལ་ལ་རྒྱུས་ལོན་ཞུས་པ་ཡིན། ཁྱེད་རང་གི་མིང་འདི་སྤྱད་པའི་མཆན་བུ་ཨང་ ༩༽ པ་དེ་ནམ་རྒྱུན་ཁྱེད་རང་གིས་མཆན་སྤེལ་སའི་རྒྱལ་ཁོངས་དེ་ནས་སྤེལ་བ་ཞིག་རེད་མི་འདུག་སྟབས། གནས་སྐབས་རིང་མིང་གཅིག་ཅིང་། གློག་འཕྲིན་ཁ་བྱང་དང་གཏོང་སའི་ས་གནས་མི་གཅིག་པའི་མཆན་བུ་གཞན་དེ་བཀག་ཡོད།

    ཡིན་ནའང་། འདི་ནས་ཁྱེད་རང་གཉིས་གང་རུང་གི་མིང་གི་སྔ་རྗེས་སུ་རྣམ་གསལ་གྱི་དབྱེ་ཚིག་ཅིག་འགོད་གནང་ཡོང་བའི་རེ་བ་བྱེད་ཀྱིན་ཡོད། སྔར་ཡང་དྲ་ངོས་འདིར་ཆོས་འཕེལ་ཞུ་བ་གཉིས་སླེབས་པར། རྗེས་མ་དེར་མིང་ལ་འགྱུར་བ་གཏོང་བའི་རེ་སྐུལ་ཞུས་དོན་བཞིན། ངོས་ལེན་གནང་སྟེ། ད་ཆ་གཅིག་གིས་ཆོས་འཕེལ་དང་། གཅིག་གིས་དཀོན་མཆོག་ཆོས་འཕེལ་ཞེས་འགྱུར་བ་བཏང་ནས་མཆན་བུ་མུ་མཐུད་སྤེལ་མུས་སུ་ཡོད།

  15. མིག་བརྒྱད་པ། says:
    2011-07-19 at 5:43 pm

    ཉི་མའི་ཆང་གིས་བཟི་བའི་མེ་ཏོག་ལྡེམ།།
    ལྡེམ་ལྡེམ་རླུང་གིས་བསྐྱོད་པའི་འཁྲི་ཤིང་ལ།།
    དཔྱིད་ཀྱི་ཕོ་ཉས་གཏམ་བཟང་སྒྲོག་པའི་ཚེ།།
    ཕ་ས་མཛེས་བའི་རི་ལུང་ཡིད་ལ་འཁོར།།

  16. རྩམ་དགའ། says:
    2011-07-19 at 10:53 pm

    བསིལ་རླུང་འཇམ་པོའི་ལག་པ་ཡིས། །
    དར་བུར་བསྐྱོད་པའི་འདམ་མའི་ཚོགས། །
    བར་གསེང་དག་ན་ཅི་དགའ་རུ། །
    རྩེན་པའི་རི་སྐྱེས་མང་སྙམ་ཤར། །

  17. དྲི་མེད་ལྷག་བསམ། says:
    2011-07-19 at 11:41 pm

    ཁ་བརྡ་ཚང་། ཐུགས་རྗེ་ཆེ། ངའི་མཆན་ཡིན་ན་་་lhakbsam@yahoo.cn འདི་བཏང་ཡོད་ངེས་ཡིན། སྔོན་ངའི་ཀརྨ་པ་རྣམ་གཉིས་སྐོར་ལ་མཆན་ཞིག་བཏབ་པ་ཡིན། དེ་ལས་ཕྲོས་ཏེ་ངའི་མིང་གི་སྟེང་ནས་ཀརྨ་པ་སྐྱོན་བརྗོད་མང་པོ་ཞིག་བཏང་བྱུང་།གསལ་བཤད་ཅིག་བྱེད་བསམ་ནའང་མཆན་སྒོ་བརྒྱབ་པས་བྱ་ཐབས་མ་བྱུང་། ད་རེས་དྲྭ་བས་གཟིགས་རྟོགས་བྱུང་བར་བཀའ་དྲིན་ཆེ། སྤྱིར་བདག་རང་གི་མིང་ལ་རེ་དོགས་དེ་ཙམ་མེད་ཀྱང་། ཕ་རོལ་པོ་ལ་ཞེ་སྡང་བསྐྱེད་པ་དང་། གནོད་པ་ཤུགས་ཆེན་བཟོ་བའི་མཆན་འབྲི་འདོད་མེད་པས་སོ། །ངའི་མིང་དང་པོར་དྲ་ཐོག་ཏུ་སླེབས་པ་ཡིན་པས་དེ་ཀ་རང་ཏུ་འཇོག་པ་དང་། མཆན་གཞན་འགོད་མཁན་ཁོ་རང་ཐུགས་མཉེས་པའི་མཚན་ཞིག་འགོད་རོགས་ཞུ། །

  18. བསམ་གླིང་ཚེ་རིང་ལྷ་མོ། says:
    2011-07-20 at 3:46 pm

    དྲ་གྲོགས་དྲི་མེད་ལྷག་བསམ་ལགས་ཀྱིས་གསལ་བཤད་གནང་བར་ཐུགས་རྗེ་ཆེ། ཉིད་སུ་ཇའི་འཛིན་གྲོགས་ལྷག་བསམ་ལགས་ནི་ཨེ་ཡིན།
    དྲ་རྒྱའི་ཞིང་ཁམས་མཛེས་རྩལ་པིར་གྱིས་བཞེངས།།
    ཁ་དོག་སྣ་ལྔའི་ཚོན་གྱིས་ལེགས་བཀུས་ཤིང།།
    དཔྱོད་ལྡན་བུང་བའི་ཚོགས་རྣམས་དར་ལྡིར་གླུ།
    ེལེན་པའི་སྐལ་བཟང་འདི་ཀོ་ཨེ་མ་མཚར།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme