Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕྱི་གླིང་དུ་ཕ་མ་གསར་པ་ཚོར་འཕྲད་བཞིན་པའི་དཀའ་ངལ་གསར་པ།

Posted on 2018-12-112018-12-11 By ཁ་བརྡ No Comments on ཕྱི་གླིང་དུ་ཕ་མ་གསར་པ་ཚོར་འཕྲད་བཞིན་པའི་དཀའ་ངལ་གསར་པ།

རྟ་དབྱངས་ཀྱིས།
 
དེང་སང་ཕྱི་གླིང་གི་ཕ་མ་གསར་པ་ཚོར་དཀའ་ངལ་གསར་པ་འཕྲད་ཀྱིན་པའི་སྐོར་ནས་ཏོག་ཙམ་གླེང་ན། ཕ་མ་གསར་པ་ནི། ད་ལྟའི་སྐབས་སུ་རང་ཉིད་ཚུད་པའི་ཕ་མ་བྱེད་བཞིན་པའི་ཕ་དང་མ་ལ་གོ

ད་ནི་སྐད་ཆའི་བརྒྱུད་རིམ་ཁྲོད་ནས་འདི་ལྟར་གླེང་ན།
དེ་ཡང་མི་ཞིག་ཡིན་ཕྱིན་དཀའ་ངལ་མེད་པ་གཅིག་ཀྱང་མེད། སྐྱེ་རྒ་ན་འཆིའི་དཀའ་ངལ་ཕར་ཞོག དཀའ་ངལ་ཆེ་འབྲིང་ཆུང་གསུམ་དང་། འདྲ་མིན་སྣ་ཚོགས་ཡོད་པ་མཐོང་གསལ་རེད།

དེ་རིང་བདག་གིས་བརྗོད་འདོད་པའི་གླེང་གཞི་ནི་ཕྱི་གླིང་དུ་ཕ་མ་གསར་པ་ཚོར་དཀའ་ངལ་གསར་པ་འཕྲད་བཞིན་པ་ཟེར་བ་དེ་ཡིན། དེ་ལ་ཕ་མས་རང་གི་བུ་ཕྲུག་ལ་སྔོན་དུ་བྱུང་མྱོང་མེད་པའི་སེམས་ཁུར་དང་དཀའ་ངལ་གསར་པ་ཞིག་ཡིན་པ་རེད།

དེ་ཡང་ལྟོ་གོས་དང་འཕྲོད་བསྟེན། སློབ་གྲྭ་བཅས་ཀྱི་ཕྱོགས་ནས་དངངས་འཚབ་དང་སེམས་ཁྲལ་ཅང་ཆེན་པོ་མེད།
དེས་ན། སེམས་འཚབ་དང་སེམས་ཁུར། ཕྱི་གླིང་གི་ཕ་མ་གསར་པའི་དཀའ་ངལ་ཆེ་ཤོས་དེ་གང་རེད་ཟེར་ན། གཤམ་དུ་དཀའ་ངལ་གསར་པ་དེ་དག་དངོས་པོ་གསུམ་དང་འབྲེལ་ནས་བརྗོད་ན་ཤེས་ངེས་རེད་ལ།
དེ་ཡང་དངོས་པོ་དེ་གསུམ་ནི། བརྙན་འཕྲིན། ཨ་ཡེ་ཕད་ཌིའམ་ཨ་ཕད་དང་། ལག་འཛིན་ཁ་པར་ཀུ་ཤུ་བཅས་ཡིན་ནོ།། (གསལ་བཤད་ཅིག་ལ། ཨ་ཡེ་ཕད་ཌི་ཟེར་བའི་མིང་ཚིག་འདི་བོད་སྐད་ནང་ཇི་ལྟར་གཏན་འབེབས་གནང་ཡོད་མེད་སྐོར་ལ་འདྲི་རྩད་བྱས་ཚེ། བོད་ནང་གི་དགེ་རྒན་ཞིག་ནས་གསུང་བ་ལྟར་ན། སྐད་འཕྲིན་སོགས་ན་མི་མང་པོས་ཨ་ཕད་དམ་གློག་ཀླད་ངོས་ལེབ་ཅེས་བཀོལ་སྤྱོད་བྱེད་ཀྱིན་འདུག་པ་ལས་ཡོངས་ཁྱབ་གཏན་འབེབས་ཅིག་ད་དུང་མེད་པས། ཕྲན་གྱིས་ཀྱང་ཨ་ཕད་ཟེར་བའི་མིང་ཚིག་འདི་བེད་སྤྱོད་བྱས་པ་ཡིན།)
གཤམ་དུ་དཀའ་ངལ་གསར་བ་དེ་དག་རེ་རེ་བཞིན་བརྗོད་པར་བྱ།

དང་པོ། བརྙན་འཕྲིན།

བརྙན་འཕྲིན་ལ་བལྟ་རྒྱུ་མང་དྲགས་ན་གནོད་འཚེ་དང་སྐྱོན་འབྱུང་གི་སྐོར་ནས་སྤྱི་ལོ་ 2016 ལོར་ཨ་རིའི་བྱིས་པའི་འཕྲོད་བསྟེན་དྲ་ཚིགས་ན་འགྲེལ་བཤད་འདི་ལྟར་བརྒྱབ་འདུག དྲག་རྩུབ་ཆེ་བའི་བརྙན་འཕྲིན་མཐོང་རྒྱུ་མང་དྲགས་ན་བཙན་ཤུགས་ཅན་ནམ་གཤིས་ཀ་རྩུབ་པོར་འགྱུར་བ་དང་འཛམ་གླིང་ལ་ཞེད་སྣང་དང་བྱིས་པ་ཁོང་ཚོའི་མགོ་ཐོག་ལ་ཆག་སྒོ་ངན་པ་ཞིག་ཡོང་གི་རེད་བསམ་པའི་འཇིགས་སྐྲག་སྐྱེས་ཟེར།

ནག་ཁུང་ནང་ནས་བརྙན་འཕྲིན་ལ་བལྟ་རྒྱུ་མང་དྲགས་ན་མིག་ལ་གནོད་པ་ཚབས་ཆེན་འབྱུང་བ་མ་ཟད་མགོ་ན་བ།
ན་གཞོན་ཚོས་བརྙན་འཕྲིན་ནང་དུ་Game-རྩེད་མོ་དྲག་རྩུབ་རྩེས་པ་ལ་བརྟེན་ནས།
སྤྱོད་པ་དྲག་རྩུབ་ཆགས་པ།
བརྙན་འཕྲིན་གྱི་ནང་དུ་ཆང་རག་འཐུང་བ་ལ་བརྟེན་ནས།
རང་གཤིས་ཀྱང་དེ་འདྲ་ཆགས་པ།
དེ་འདྲ་ཡིན་པས། བརྙན་འཕྲིན་བལྟ་རྒྱུར་དུས་ཚོད་ཚད་འགོག ལོ་ཚོད་རན་འོས་ཕ་མས་ངེས་པར་དུ་སྟངས་འཛིན་བྱ་དགོས་ཟེར།

དེ་ཡང་ཨ་རིའི་གཙུག་ལག་སློབ་ཁང་གི་བྱིས་ནད་སྨན་པས་སྤྱི་ལོ་2016 ལོའི་ཟླ་བཅུ་གཉིས་པར་དྲ་ངོས་སུ་འདི་ལྟར་བཀོད་འདུག
ཕྲུ་གུ་ལོ་གཅིག་དང་ཟླ་དྲུག་མ་ལོན་པར། བརྙན་འཕྲིན་དང་ཁ་པར་གློག་ཆས་རིགས་རྩ་ནས་བསྟན་རྒྱུ་མེད་པ་བཤད་འདུག
སྔོན་འགྲོ་སློབ་མ་ལ་ཉི་མ་རེར་དུས་ཚོད་གཅིག དེ་ཡང་ཕ་མའམ་ཕྲུ་གུ་ལྟ་མཁན་དང་མཉམ་དུ་སློབ་སྦྱོང་ཁོ་ན་ཡིན་དགོས་པ། དཔེར་ན། ཀ་ཁ་དང་ཨང་ཀི བཟོ་དབྱིབས་དང་ཁ་དོག བྱིས་པའི་ལོ་ཚོད་དང་རན་པའི་སློབ་སྦྱོང་གི་རིགས་སྦྱོང་བ་ལས་གཞན་བསྟན་རྒྱུ་མེད་པ་བཤད་འདུག

ལོ་ལྔ་ནས་བཅོ་བརྒྱད་བར་ཡིན་ན། བརྙན་འཕྲིན་ནང་དུ་རྩེད་མོ་རྩེ་རྒྱུ་དང་། ལྟ་རྒྱུ་གློག་ཆས་ཅི་རིགས་ལ་ཕ་མས་ངེས་པར་དུ་ནན་ཏན་གྱིས་སྟངས་འཛིན་བྱ་དགོས་པའི་སྐོར་ནས་གསུངས་འདུག ལྟད་མོ་སྐྲག་སྣང་ཅན་བལྟས་ནས་གཉིད་མི་ཡོང་བའི་དཀའ་ངལ་དང་། ལོ་བཅོ་བརྒྱད་མ་ལོན་སྔོན་ལ་འཁྲུགས་འཛིངས་ཅན་གྱི་ལྟད་མོར་བལྟས་ན་རང་གཤིས་རྩུབ་པོ་དང་གཤིས་ཀ་ངན་དུ་སོང་ཡོད་པ་གྲུ་གུ་སྟོང་ཕྲག་མང་པོ་ཡོད་ཅེས་ཨ་རིའི་གཙུག་ལག་སློབ་ཁང་གི་བྱིས་པ་ཞིབ་འཇུག་པས་བརྗོད་འདུག དེ་ཡང་ཁོང་ཚོའི་དགའ་སའི་བརྙན་འཕྲིན་ནང་གི་མི་དེས་མི་གཞན་དེ་བསད་པ་ལ་བརྟེན་ནས་བྱུང་གི་ཡོད་པ་དང་། ཁོང་ཚོས་བརྙན་འཕྲིན་ནང་གི་མི་དང་མི་ངོ་མའི་བར་ལ་དབྱེ་འབྱེད་མ་ཤེས་པ་ལས་ཡོང་བ་རེད་ཟེར།

ད་དུང་བརྙན་འཕྲིན་ནང་དུ་འཁྲིག་སྤྱོད་རིགས་བྱིས་པས་མཐོང་བ་ཡིན་ན། ལོ་ཚད་མ་ལོན་སྔོན་ལ་འཁྲིག་སྤྱོད་བྱ་རྒྱུའི་བསམ་བློ་འཁོར་བ་དང་འཁྲིག་སྤྱོད་རིགས་མ་མཐོང་བའི་བྱིས་པ་ལས་ཀྱང་འཁྲིག་སྤྱོད་བྱ་རྒྱུ་སྔ་བ་ཡོད་ཟེར། དེ་མཚུངས་བརྙན་འཕྲིན་ནང་གི་མི་དེས་དུ་བ་འཐེན་པ་དང་། ཆང་རག་འཐུང་བ་དང་ཐ་མག་ནག་པོ་འཐེན་པའང་དེ་བཞིན་ཡིན་ཟེར།
བརྙན་འཕྲིན་ནང་དུ་ཟ་མ་འཕྲོད་བསྟེན་མི་བཟང་བའི་རིགས་ཁྱབ་བསྒྲགས་བྱས་པ་བྱིས་པས་མཐོང་ན་དེ་རིགས་ཟ་ཤོར་བའི་དཀའ་ངལ་དང་། ལོ་དྲུག་ནས་བརྒྱད་བར་གྱི་བྱིས་པས་བརྙན་འཕྲིན་ནང་གི་ཁོང་ཚོའི་དགའ་སའི་མི་སྣས་ཟས་རིགས་སམ། ཅ་དངོས་རིགས་ཁྱབ་བསྒྲགས་གང་བྱས་པ་དེ་ཚོང་དངོས་ཡིན་པ་དང་ཁོ་ཚོ་ལ་བཙོང་རྒྱུ་ཡིན་པ་དེ་ཤེས་མེད་པ་རེད།

དེར་བརྟེན། ཁྱེད་ཀྱིས་བྱིས་པར་དྲི་བ་འདི་ལྟར་འདྲི་དགོས་པའི་སློབ་སྟོན་གནང་ཡོད་དེ། ཅ་ལག་དེར་ག་རེ་དགའ་བ་འདུག ཁྱོད་རང་གིས་མཐོང་བ་ནང་བཞིན་ཡག་པོ་རེད་བསམ་གྱི་འདུག་གམ། ཅ་ལག་དེ་དག་ཉོ་བ་ཡིན་ན་སྐྱིད་དུ་འགྲོའམ། ཞེས་བྱིས་པར་དངོས་ཟོག་ཁྱབ་བསྒྲགས་དེ་དག་ཚོང་དངོས་ཡིན་པའི་གོ་རྟོགས་ཇེ་མཐོར་གཏོང་བ་དང་སློབ་གསོ་གཏོང་དགོས་ཟེར།

གཉིས་པ། ཨ་ཕད།

ཨ་ཕད། དེང་སང་བྱིས་པས་ཉི་མ་རེ་ལ་ཆ་སྙོམས་དུས་ཚོད་ལྔ་ནས་དྲུག་བར་གློག་ཆས་རིགས་ལ་ལྟ་བཞིན་འདུག་ཟེར། དེ་ཡང་བརྙན་འཕྲིན་དང་ཨ་ཕད། ཡང་ན་ཁ་པར་ཀུ་ཤུ། དེ་དག་ལ་རེ་རེ་བཞིན་ལྟ་བའམ་གློག་ཆས་གཉིས་མཉམ་དུ་ལྟ་བ། དཔེར་ན། བརྙན་འཕྲིན་དང་ཨ་ཕད་གཉིས་མཉམ་དུ་ལྟ་བ། ཡང་ན་ཨ་ཕད་ལ་བལྟས་ནས་གློག་ཚར་བ་དང་དེ་མུར་བརྙན་འཕྲིན་ནམ་གློག་ཆས་གཞན་རིགས་ལ་ལྟ་བ་སོགས་ཡོང་གི་ཡོད་པ་རེད།

ང་ཚོའི་བྱིས་པ་ཚོར་ཨ་ཕད་ལས་གནོད་པ་ཚབས་ཆེན་ཞིག་མི་གང་གིས་ཀྱས་ད་ལྟའི་བར་དུ་བྱས་མྱོང་མེད་ཟེར་བ། དབྱིན་ཡུལ་གྱི་གསར་ཤོག་ཆེས་ཤོས་གཉིས་པ་ལོན་ཊོན་ཉིན་རེ་ཚགས་པར་གྱིས་བརྗོད་འདུག་ལ། བྱིས་པ་ཞིབ་འཇུག་པ་གཞན་གྱིས་བརྗོད་པ་སྟེ། བྱིས་པ་ལོ་གཅིག་དང་ཟླ་དྲུག་ཅན་ལ་གློག་ཆས། བརྙན་འཕྲིན་དང་ཨ་ཕད། ཁ་པར་དང་གློག་ཀླད་སོགས་ཅི་རིགས་ལ་ཉི་མ་རེར་དུས་ཚོད་གཉིས་བལྟ་བཅུག་ན་བྱིས་པས་སྐད་ཆ་བཤད་རྒྱུར་འགོར་འགྱངས་ཡོད་ཟེར། དེ་ངོ་མ་ཡིན་པ་འདྲ། བདག་གིས་གྲོགས་པོ་ཞིག་གིས་བརྗོད་པ་ལྟར་ན། ཁོའི་གྲོགས་པོ་ཞིག་ལ་བྱིས་པ་ལོ་གསུམ་ལོན་གྲབས་ཡོད་པ་དེས། སྐད་ཆ་མ་བཤད་པར་ཕ་མས་སྨན་པར་བསྟན་སྐབས། སྨན་པས་ཕ་མར་གློག་ཆས་རིགས། བརྙན་འཕྲིན་དང་ཨ་ཕད་སོགས་ལ་བལྟ་མཚམས་འཇོག་དགོས་པའི་སློབ་གསོ་བཏང་རྗེས། ཕ་མས་དེ་ལྟར་བྱས་པ་ན་བྱིས་པས་ཀྱང་སྐད་ཆ་བཤད་འདུག་པས་ཕ་མའི་སེམས་པ་བདེ་ལ་བབས་འདུག

དེ་མུར་ཚན་རིག་པས་བརྟག་དཔྱད་བྱས་པ་ལྟར་ན། ཀླད་པ་ཡོངས་རྫོགས་འགུལ་སྐྱོད་མི་ཐུབ་པ། ཀླད་པ་ལ་ཡང་རྒྱབ་མདུན་གཉིས་སུ་བྱས་པའི་མདུན་གཅིག་པོ་མ་གཏོགས་ཀླད་པ་རྒྱབ་ཕྱོགས་དེ་འགུལ་སྐྱོད་མི་བྱ་བའི་དོན་རྐྱེན་འདུག་ཟེར། མི་དང་མིའི་བར་དང་། ཕ་མ་དང་བུ་ཕྲུག་བར་ལ་འབྲེལ་འདྲིས་མི་ཤེས་པ་དང་། མཛའ་འབྲེལ་ཆད་པ་དང་ངན་ལོབ་ཤོར་པ། གཉིད་གཅོག་པ་དང་གཤིས་སྤྱོད་མི་བཟང་བ། སྤྱི་ཚོགས་དང་འབྲེལ་འདྲིས་ཞན་པ་དང་། དོན་ཆེན་བསྒྲུབ་པར་ལེགས་འགྲུབ་མི་འབྱུང་བས་ཡིད་བསམ་ཁོ་ཐག་ཆད་པ། གཤམ་དུ་ 2016/7/9 ལ་བྱིས་པ་ཞིབ་འཇུག་པ་དང་ཨ་རིའི་བྱིས་པའི་སྨན་པ་སོགས་ཀྱིས་ཕྱག་ལས་དང་ལས་འགུལ་ཕྱོགས་བསྒྲིགས་སྤེལ་བའི་ནང་དོན་གནད་བསྡུས་ཚིགས་སུ་བཅོས་ན།

ལོ་གཉིས་འོག་གི་བྱིས་པར། །གློག་ཆས་རྩ་ནས་མ་སྟོན།།
ལོ་གསུམ་སྒང་གི་བྱིས་པར། །དུས་ཚོད་གཉིས་ལས་མ་སྟོན།།

གཉིད་གཅོག་གཟུགས་སྟོབས་ཞན་པ། །གཟུགས་པོ་རྒྱགས་པ་ཆགས་པ།།
སྦྱོངས་སྟོབས་ནུས་པ་ཞན་པ། །ལུས་ལ་ན་ཚ་ཡོང་བ།།

གློག་ཆས་མ་བཀོལ་བྱིས་པས། །སེམས་བློ་ཞི་བར་གནས་པ།།
ཁ་ལག་མང་དུ་ཟ་བ། །ལུས་ལ་སྟོབས་ཤུགས་རྒྱས་པ།།

སློབ་སྦྱོང་དོ་སྣང་ཆེ་བ། །ཆགས་སྲེད་དྲག་རྩུབ་ཆུང་བ།།
ལམ་ལྷོངས་གྲུབ་འབྲས་ལྡན་པ། །གཞན་ལ་གུས་བརྩི་ཡོད་པ།།

དཔེ་དེབ་མང་པོ་ཀློག་པ། །གསར་གཏོད་སེམས་བློ་ཡོད་པ།།
ནང་མིར་འབྲེལ་འདྲིས་ཆེ་བ། །གཞན་མིར་སྟུན་ཤེས་ཆེ་འོ།།

གློག་ཆས་ཀུ་ཤུ་གསར་གཏོད་པ་སྭི་ཊེ་ཝི་ཇོབ- Steve Jobs ཀྱིས་ཀྱང་རང་ཉིད་ཀྱི་བྱིས་པར་ངན་ལོབ་ཤོར་ཉན་གྱིས་ཨ་ཕད་བེད་སྤྱོད་བྱེད་དུ་བཅུག་མེད་ལ་ཨ་རིའི་བྱིས་པའི་འཕྲོད་བསྟེན་ཆེད་ལས་པས་ཀྱང་བྱིས་པ་འཚར་ལོང་ལ་ཨ་ཕད་ཧ་ཅང་གནོད་ཚབས་ཆེན་པོ་ཡོད་པ་དང་མི་ཚེ་ངོ་མ་དང་ཁ་ཐག་རིང་དུ་གྱེས་འགྲོ་བས། བྱིས་པའི་འཚར་ལོང་ཡར་རྒྱས་གཏོང་འདོད་ན་ཨ་ཕད་དོར་དགོས་པ་དང་། སེམས་ཁམས་རིགས་པས་ཀྱང་བྱིས་པ་ལ་ཨ་ཕད་སྤྲད་པ་ནི་བྱིས་པ་ལ་(Abuse)-གནོད་སྐྱེལ་བ་དང་ཨ་ན་མ་ན་རེད་ཟེར། ད་རུང་ཞིབ་འཇུག་པ་གཞན་གྱིས་ཤེས་པ་ལྟར་ན། ལོ་གཅིག་འོག་གི་བྱིས་པ་བརྒྱ་ཆ་སུམ་ཅུས་བརྙན་འཕྲིན་དང་གློག་ཆས་རྩེད་རིགས་ལ་ཉི་མ་རེར་ཆ་སྙོམས་སྐར་མ་དགུ་བཅུ་ཙམ་ལ་ལྟ་བཞིན་ཡོད་པ་དང་། ལོ་གཉིས་གོང་གི་བྱིས་པ་བརྒྱ་ཆ་དྲུག་ཅུ་རེ་བཞིས་ཉི་མ་རེར་དུས་ཚོད་གཉིས་ལས་མང་བ་ལྟ་བཞིན་འདུག་ཟེར།

གསུམ་པ། ཨ་ཡེ་ཧྥོན་ནམ་ལག་འཁྱེར་ཁ་པར་ཀུ་ཤུ།

གློག་ཀླད་ཆུང་ཆུང་ཞིག གང་ལ་འཁྱེར་ན་འཁྱེར་ཆོག་ཆོག ག་རེ་ལྟ་ན་ལྟ་ཆོག་ཆོག དཔེར་ན་ཡུ་ཌོབ་དང་གྷོ་གལ། ངོ་དེབ་དང་སྐད་འཕྲིན། དྲ་ཚིགས་དང་རླུང་འཕྲིན་བརྒྱུད་ལམ་གང་འདྲ་ཞིག་ལ་ལྟ་དགོས་ན་ནི། ནང་ཆོས་ནང་ན་གསུང་བ་བཞིན། ཤེས་བྱའི་ཆོས་རྣམས་སྐྱུར་རུ་ར་རློན་པ་ལག་མཐིལ་དུ་བཞག་པ་ལྟར་གསལ་སྒྲིབ་མེད་པར་མཐོང༌ལྟ་བུ་རེད། བྱིས་པ་ཆུང་ཆུང་ཞིག་གིས་དངོས་པོ་འདི་འདྲ་ཆུང་ཆུང་ཞིག་ལ་དུས་ཚོད་མང་པོར་ཅེར་ཏེ་བལྟས་ན་མིག་ལ་ཇི་འདྲ་གནོད་པ་གོང་དུ་རགས་རིམ་ཞིག་བརྙན་འཕྲིན་དང་ཨ་ཕད་སྐོར་ལ་བྲིས་ཡོད་པ་ལས་རྟོགས་སླ། དེ་ན་ཁ་པར་ཀུ་ཤུ་གཅིག་པོའང་མ་ཡིན་པ་ཞོར་ནས་ཤེས་དགོས་པ་ང་ཚོ་ཚང་མས་རང་ཉིད་ཀྱི་མཐོང་ཐོས་མྱོང་གསུམ་ལས་ཤེས་ཐུབ། དཔེར་ན་ཁ་པར་སྤྱོད་རྒྱུ་མང་དྲགས་ན་མིག་ལ་གནོད་ཚབས་ཆེན་པོ་ཡོད་པ་མ་ཟད། ཁ་པར་ནང་ན་ཟེར་དུག་-(rediation)ཡོད་པས་ཀླད་པར་སྐྲན་ནད་ཕོག་ཟེར། ཟེར་དུག་ལ་ཤུགས་ཆེ་ཆུང་སྣ་ཁ་བཞི་ཡོད་པའི་ནང་ནས་ག་མ་ནི་ཉེན་ཁ་ཆེ་ཤོས་དེ་ཡིན་པ་བརྗོད་འདུག་ལ་ཞིབ་རྒྱས་ཚན་རིག་ཤེས་བྱ་ལ་གཟིགས་པར་འཚལ།

དེ་ན་ང་ཚོ། ཁ་པར་ལ་སྐྲག་དོན། ཁ་པར་ནང་ན་འཕྲོ་འོད་དམ་ཟེར་དུག་ཡོད་ལ་ཟེར་དུག་ནང་ན་རྡུལ་ཕྲན་གྱི་རྫས་ཡོད། རྫས་དེ་སྐུད་མེད་ཁ་པར་གྱི་བརྡ་རྟགས་(WiFi)བརྒྱུད་ནས་ང་ཚོའི་གཟུགས་པོ་ལ་ཐད་ཀར་ཕོག་པས། ང་ཚོ་མ་ཉལ་སྔོན་དུ་ཁ་པར་ཉལ་ས་ལས་རིང་དུ་འཇོག་པའམ་གསོད་པ། མི་མང་པོས་གནམ་གྲུའི་རྟགས་དེ་ལ་འཇོག་གི་ཡོད། ལྷག་པར་དུ་ཁ་པར་ནང་གི་གློག་རྫས་རྫོགས་གྲབས་ཡོད་ན། ཟེར་དུག་དེའང་ཤུགས་ཆེ་རུ་འགྲོ་ཡི་ཡོད་ཟེར། ཟེར་དུག་ཁ་ཅིག་ཤོག་བུས་འགོག་ཐུབ་པའམ་ཡོད་འདུག གང་ལྟར་སོ་སྨན་པས་སོ་ལ་པར་གློག་རྒྱག་དུས། གློག་པར་ནང་ན་ཟེར་དུག་སྣ་ཁ་བཞི་པ་X- འཕྲོ་འོད་དེ་ཉུང་ཙམ་ཡོད་པས། པང་གདན་མཐུག་པོ་ཞིག་མདུན་དུ་འཇོག་གི་ཡོད་པ་དེ་འཕྲོ་འོད་འགོག་ཆེད་ཡིན་པ་རེད། ཚན་རིག་པས་བརྗོད་ན། ཟེར་དུག་ཕོན་ཆེན་ཕོག་ན་དུས་ཚོད་གཅིག་གི་ནང་ཚུན་ལ་འཆི་ངེས་ཟེར། དེར་རྟེན་སྐྱེས་མ་ཐག་གི་བྱིས་པའི་རྩར་ཁ་པར་རྩ་ནས་འཇོག་མི་ཉན་པ་བཤད་འདུག

ཨ་རིའི་ནང་དུ་གཏན་གཞི་བྱས་པའི་གེ་སར་ནང་མིའི་ཐེབས་རྩས་2010 ནས་2012/7/18 ལ་ལྟ་ཞིབ་བྱས་པར་གཞིག་ན། ལོ་14 ནས 17 གྱིས་ཁ་པར་བཟུང་ཡོད་པ་བརྒྱ་ཆ་ 85 ཡོད་པ་དང་། བརྒྱ་ཆ་ 69 ལོ་11ནས་14 བར་དང་། ལོ་8 ནས་10 བར་བརྒྱ་ཆ་31 ཡིན་པ་བརྗོད་འདུག་ལ་ཞིབ་འཇུག་པ་གཞན་གྱིས་ཀྱང་འདི་ལྟར་བརྗོད་ཡོད་དེ། སྤྱི་ལོ་2016 ལ་འཛམ་གླིང་སྤྱི་ཡོངས་ཀྱི་མི་འབོར་བརྒྱ་ཆ་ 62.9 ལ་ཁ་པར་ཡོད་འདུག་པའི་ཚོད་དཔོག་དང་ 2019 དགུའི་ནང་འཚུད་ལ་བརྒྱ་ཆ་67 ཙམ་ལ་འཕེལ་རྒྱུའི་སྔོན་དཔོག་བྱེད་ཀྱིན་འདུག
ད་དུང་2015 ལོར་ཨ་རིའི་ཁ་པར་ལས་ཁུངས་དང་མོ་ཊ་ཆག་སྐྱོན་ལས་ཁུངས་ཀྱིས་ཤེས་པ་ལྟར་ན། མི་འབོར་ 3,477 བསད་ཡོད་པ་དང་391,000 རྨས་སྐྱོན་བྱུང་ཡོད་པའི་ནང་ནས་བརྒྱ་ཆ་ལྔ་བཅུ་ལོ་གཞོན་རེད་ཟེར། དེ་ཡང་མོ་ཊ་གཏོང་སྐབས་ཁ་པར་ནང་ནས་ཡི་གེ་གཏོང་རེས་སོགས་ཀྱིས་རྣམ་གཡེང་གིས་ཡིན་པ་བརྗོད་འདུག

ཨ་རིའི་རྒྱལ་ཡོངས་ཀྱི་ལྟ་ཞིབ་གཞན་ཞིག་གིས་ཁ་པར་བཀོལ་སྤྱོད་མང་དྲགས་པའི་འབྲས་བུར། ལོ་གཞོན་བརྒྱ་ཆ་23 གྱིས་རང་སྲོག་གཅོད་རྒྱུའི་འགོ་རྩོམ་ཡོད་པ་དང་། དེ་ལས་དཀའ་ངལ་ཆེས་ཤོས་ཤིག་ལ་ལོ་13 ནས་18 ཡོད་པ་བརྒྱ་ཆ་31 གྱིས་ལྕེབ་པའམ་མཆོང་བ་སོགས་བྱས་ནས་རང་ཤི་བརྒྱབ་ཡོད་པ་དེའང་ལོ་ལྔའི་ནང་ཚུན་ 2010 ནས་2015 ཡིན་པ་དང་། 2017/11/19 ལ་ཨ་རིའི་འཕྲོད་བསྟེན་ཚན་རིག་ཁུངས་ཞིག་གིས་བརྗོད་གསལ་ལྟར་ན། ལོ་ཆུང་གཞོན་པ་མང་པོ་ཞིག་སེམས་པ་མི་སྐྱིད་པ་ཆགས་པ་དང་ཧ་ཅང་སེམས་ཁྲལ་གྱིས་བཟོད་ཐབས་བྲལ་ནས་རེ་བ་བརླག་པ་དང་depression-ཡིད་ཞུམ་སྟེ་སེམས་སྡུག་ནང་ལ་ལྷུང་གི་ཡོད་པ་འདིའང་ཁ་པར་དང་འབྲེལ་ནས་ཡོང་གི་ཡོད་པ་བཤད་ཡོད།

དེ་བས་ཁ་པར་དང་ཁ་འབྲལ་དགོས་ན་ཧ་ཅང་དཀའ་བའི་གནས་སུ་གྱུར་ཡོད། བྱིས་པ་དང་དར་མ་ལ་ཁག་ཅི། མི་རྒན་ཡང་རྩེ་ལང་ཤོར་ན་སྡོད་མི་ཐུབ་པ་ལྟ་བུ་ཡོད། ཁ་པར་འདི་རྩེ་བ་ནི་ནད་ཡམས་གསར་པ་ཞིག་འགོས་པ་དང་མཚུངས་ལ་ནད་ཡམས་གསར་པ་འདི་ང་ཚོ་ཚང་མར་འགོས་དང་འགོ་མུས་ཡིན་པས། བཅོས་ཐབས་གསར་པ་ཞིག་རྙེད་དཀའ། འོན་ཏེ། ཚད་དང་རན་པ། འོས་ཤིང་འཚམས་པ་ཞིག་སྤྱོད་དགོས་པའི་དུས་ལ་བབས་ཡོད་པ་གོང་དུ་ཁ་པར་ལས་ཟེར་དུག་ཕོག་པ་དང་དོན་རྐྱེན་བྱུང་བ་ཡོད་དོ་ཅོག་ཚད་དང་མ་རན་པ་དང་འོས་ཤིང་འཚམས་པ་ཞིག་བེད་སྤྱོད་མ་ཤེས་པ་ལས་བྱུང་བ་ཡིན་པ་གདོན་མི་ཟ། དེ་ན་ནང་ཆོས་ནང་དུ་གསུང་བ་ཇི་བཞིན་བཏང་སྙོམས་ལ་གནས་བར་གྱུར་ཅིག་ཟེར་བའི་ལེགས་བཤད་དུམ་བུ་དེ་ཁ་ཚ་དགོས་གཏུགས་དང་ཁ་པར་ངན་ལོབ་ཤོར་བ་དག་ལ་འགོག་སྨན་གསར་པ་འདི་ལས་མེད་པ་འདྲ།

ད་དུང་ཁ་པར་བེད་སྤྱོད་ལོག་པར་བཏང་ནས་གནོད་ཚབས་དང་དོན་རྐྱེན་དུ་མ་བྱུང་བ་སོ་སོའི་མིག་གིས་མཐོང་ཞིང་རྣ་བས་ཐོས་པ་དུ་མ་ཡོད་མོད། འོན་ཏང་སྐུད་པ་རིང་ན་ཆད་འགྲོ སྐད་ཆ་མང་ན་ཉོག་འགྲོ་ཟེར་བའི་དཔེ་ལྟར། གོང་དུ་དངོས་པོ་གསུམ་དང་འབྲེལ་ནས་ཕྱི་གླིང་ཕ་མའི་དཀའ་ངལ་གསར་པ་ཟེར་བ་དེ་རེ་ཞིག་འབྲི་མཚམས་འཇོག་ན་འདོད། ཕྲ་ཞིང་ཕྲ་བ། ཞིབ་ཅིང་རྒྱས་པ་ཞིག་བྲིས་ན། ཀློག་པ་པོའི་དུས་ཚོད་འཕྲོ་བརླག་དང་ཆུད་ཟོས་གཏོང་བ་མ་གཏོགས་མེད་པ་རེད། ཡིན་ན་ཡང་། ང་ཚོའི་བོད་ཀྱི་ཕ་མ་ཚོར་ཕྱི་གླིང་དུ་ཕ་མ་གསར་པ་ཚོར་འཕྲད་བཞིན་པའི་དཀའ་ངལ་གསར་པ་ཟེར་བའི་སྟེང་ལ། ད་རུང་དཀའ་ངལ་སྣོན་མ་ཞིག་དང་སེམས་ཁུར་འཕར་མ་ཞིག་ཀྱང་ཡོད་པ་དེ་མི་ཞུ་ཀ་མེད་རེད། ང་ཚོའི་བྱིས་པ་ཚོས་ཀྱང་ཕྱི་རྒྱལ་གྱི་བྱིས་པ་ནང་བཞིན། བརྙན་འཕྲིན། ཨ་ཕད་དང་ཀུ་ཤུ་ཁ་པར་སོགས་ལ་མང་དུ་མ་བལྟས་ནའང་འདྲ་འདྲ་ལྟ་བཞིན་ཡོད། ཡིན་ན་ཡང་། བོད་ཀྱི་ཕ་མའི་དཀའ་ངལ་སྣོན་མ་དང་སེམས་ཁུར་འཕར་མ་དེ་གང་རེད་ཟེར་ན། ཁོང་ཚོས་གློག་ཆས་རྩེ་བ། ལྟད་མོ་ལྟ་བ་སོགས་གང་ཡིན་ནའང་དེ་དག་ཚང་མ་དབྱིན་ཡིག ཡང་ན་སྐད་ཡིག་གཞན་དག་ནང་དུ་ཡོད་པས། མ་འོངས་པར་རང་གི་བྱིས་པས་རང་གི་ཡི་གེ་ཕར་ཞོག རང་སྐད་བཤད་མི་ཐུབ་པའི་དུས་ལ་བསླེབ་ཡོང་གི་རེད་བསམ་ནས་སེམས་ཁུར་སྣོན་མ་ཞིག་དང་དཀའ་ངལ་འཕར་མ་ཞིག་ངམ་ངམ་ཤུགས་ཀྱིས་ཡོང་གི་ཡོད་པ་དེའོ།།

2018/11/18 ཉིན།

བསམ་ཚུལ།

Post navigation

Previous Post: ཐལ་དྲག་པའི་ཕེབས་བསུ།
Next Post: བོད་རྒྱ་ཞི་མོལ་གྱི་བཀག་རྡོ། སྲིད་སྐྱོང་བློ་བཟང་སེང་གེ 


Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme