Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕོ་རྒོད་རིག་དགའ།

Posted on 2014-10-102014-10-10 By ཁ་བརྡ་ 8 Comments on ཕོ་རྒོད་རིག་དགའ།

རྭ གངས། (བསྟན་འཇམ་གྱིས་འོས་སྦྱོར་བྱས།)
——-ནམ་ཡང་ཁྱེད་རང་ལ་རྒྱབ་སྐྱོར་ཡོད།

 
འཛམ་གླིང་ས་མཐོའི་རྒྱལ་ཁབ་བོད་ཡུལ་གྱི།།
མདོ་སྨད་གསེར་མོ་ལྗོངས་ཀྱི་ཞིང་ཁམས་སུ།།
མཚན་དཔེའི་མེ་ཏོག་བཞད་པའི་ཕོ་རྒོད་ཅིག།
རིགས་ཞེན་གླུ་བ་རིག་དགའ་ཨེ་མ་རྨད།།

སྐུ་གཟུགས་མཛེས་པས་མོ་བརྒྱའི་ཡིད་སེམས་ཕྲོགས།།
སྐད་ངག་སྙན་པ་ཁུ་བྱུག་སྔོན་མོའི་ཟླ།།
བརྡུང་ལེན་མཁས་པ་དཔལ་མགོན་གཉིས་པ་ཁྱེད།།
གངས་ལྗོངས་མི་བུའི་སེམས་ཀྱི་གླུ་བ་ཡིན།།

རིགས་ཞེན་ཆེ་བས་བོད་གླུའི་གཏེར་མཛོད་རྡོལ།།
རིགས་ལ་དུང་བས་བོད་ཆས་གཙང་མ་མནབས།།
རིགས་ལ་བརྩེ་བས་རོགས་སྐྱོར་བྱེད་ལ་བྲེལ།།
རིག་དགའ་གངས་ལྗོངས་རིགས་སྐྱོབས་ཕོ་རྒོད་ལགས།།

ཉིད་ཀྱི་སྣང་བ་སྐྱིད་པའི་བརྡུང་ལེན་དང་།།
སྙན་འཇེབས་ཡིད་དུ་འོང་བའི་གླུ་དབྱངས་དེ།།
མ་བཅོས་གཤིས་བབ་གསོན་པོའི་ཞིང་ས་རུ།།
བདུད་རྩིའི་གྲུ་ཆར་ཞིག་དང་དབྱེར་མེད་སྣང་།།

དེ་རིང་མདོ་མེད་གླང་རྒན་ཁྱུ་ཞིག་གིས།།
ཉིད་ཀྱི་ཕྱོགས་སུ་རྡུང་བར་བསྙེགས་ན་ཡང་།།
སྨྲ་ཤེས་དོན་གོ་མི་ཡི་སྐྱེས་བུ་ལ།།
བླུན་མོངས་དུད་འགྲོའི་གནོད་པ་ག་ནས་ཡོང་།།

ཉིད་ཀྱི་སྐད་གསང་མཐོན་པོས་དུད་འགྲོ་ལ།།
སྙིང་རྗེས་མ་བཟོད་མི་སྐད་སྨྲ་ན་ཡང་།།
དུད་འགྲོ་དེ་དག་རྣམས་ཀྱི་མི་གོ་བས།།
རྗེས་སུ་གང་ཅིའི་ཐད་ལ་ཐུགས་གཟབ་གནོངས།།

གངས་ལྗོངས་ཕོ་རྒོད་པི་ཝང་དཀར་པོ་ལ།།
ཀླད་མེད་ནང་རུལ་འགའ་ཡིས་སྡང་བའི་ཚེ།།
གངས་ལྗོངས་ཡུལ་དང་རིང་བའི་ས་མཐའ་ནས།།
བདེན་པའི་རྒྱབ་སྐྱོར་ཆེད་དུ་འདི་ཕུལ་ལོ།།

ཅེས་པ་འདི་ཡང་གླུ་བ་རིག་དགའ་ལ་རང་རིགས་སྤུན་གྲོགས་འགའ་ཡིས་གུས་ཞབས་མེད་པར་དུད་འགྲོའི་ཀུན་སྤྱོད་མཚུངས་པའི་ངང་སྦུ་ཆང་གི་ལྕགས་ཀྲིང་གིས་ཞུ་བའི་བརྙན་ཐུང་དེ་མཐོང་བ་དང་གླུ་བ་ཁོང་ལ་བདེན་པའི་རྒྱབ་སྐྱོར་ཆེད་དུ་སྤྱི་ལོ་ཉིས་སྟོང་བཅུ་བཞིའི་སྤྱི་ཟླ་བཅུ་པའི་ཚེས་དགུའི་ཞོགས་པར་བལ་ཡུལ་ནས་སྤྲོ་ཚེས་སོ།།

སྙན་ངག

Post navigation

Previous Post: སྲིད་སྐྱོང་དང་ཤེས་རིག་བཀའ་བློན་རྣམ་གཉིས་ཀྱི་གསུང་བཤད།
Next Post: གླུ་བ་རིག་དགའ་ལ་སེམས་གསོ་ནོར་བུ་བསམ་འཕེལ།

Comments (8) on “ཕོ་རྒོད་རིག་དགའ།”

  1. ཁ་བའི་ཡུལ་གྱར་བ། says:
    2014-10-10 at 12:22 pm

    རྒྱབ་སྐྱོར་ཡོང་བདེན་པ་ཟེར་བ་དེ་ག་རེ་རེད། གཞན་གྱི་མི་རིགས་དང་ཆོས་ལུགས་ལ་གཞི་མེད་སྨ་འབེབས་བྱས་ན་དེ་བདེན་པ་དང་དྲང་བདེན་རེད་བས། དེང་སང་ཚང་མ་རང་དབང་ཇེ་ཆེར་ཡིན་དུས་སྔོན་བོད་རྙིང་པའི་སྲིད་དབང་སྐབས་ཀྱི་ཆོས་ལུགས་སྨ་འབེབས་ཀྱི་སྐད་ཆ་དེ་ཚོ་ད་ལྟ་བད་སྤྱོད་བྱས་ན་རྙོག་དྲ་ཡོང་ཡོང་མ་རེད། ད་དུས་ཚོད་དེ་རྫོགས་ཚར་བ་རེད་ཆོས་ལུགས་ཚང་མ་འདྲ་མཉམ་རེད་ལ་ཕན་ཚུན་སྨ་འབེབས་བྱེད་ཡ་དེ་བས་ཡོད་མ་རེད། ལྟས་ངན་ད་རུང་བོད་པ་ཚང་ལ་འགོས་ནད་དེ་རྒྱུན་འཇམས་སུ་ལྷག་འདུག།

  2. བཀྲ་ཡེ་ཚང་། says:
    2014-10-10 at 1:18 pm

    ཆོས་ལུག་དང་མི་རིགས་ལ་དམའ་འབེབ་བྱེད་མཁན་ཚོར་མཐའ་གཅིག་ཏུ་ངོ་རྒོལ་ཡོད། རིག་དགའ་ཡིན་ན་ཧ་ལས་རྒྱུ་མེད།

  3. ཆོས་འཕེལ་དར་རྒྱས་ says:
    2014-10-10 at 1:35 pm

    གང་བྱུང་། ཅི་བྱས།

  4. ཀློང་ཆུང་ says:
    2014-10-10 at 4:20 pm

    # 2 ཀློང་ཆུང་་ལགས་ཀྱིས་མཆན་བཏབ་པ།:
    October 10th, 2014 at 4:15 PM
    རིག་དགའ་ཡིས་གེ་སར་གྱི་བསྟོད་གཞས་བཏང་བ་དེར། དགོངས་ཚོགས་ནང་ལ་ཕེབས་པའི་བོན་པོའི་ཆོས་རྒྱུད་པ་རྣམས་དགོངས་པ་འཚོམས་ནས་ཁོང་ལ་དམ་བི་སོགས་འཕངས་པ་རེད་ཟེར། ཅིའི་ཕྱིར་བོན་པོ་རྣམས་གེ་སར་གྱི་སྒྲུང་ལ་མི་དགའ་བ་འདི་འདྲ་རེད་དམ། དེ་མཁྱེན་མཁན་ནས་འགྲེལ་བཤད་གནང་རོགས།

    རིག་དགས་གཞས་གཏོས་ས་དེ་ནོར་བ་འདྲ།

    ངས་ནགས་ཆུའི་དྲ་གྲོགས་ཚོར་སྐད་ཆ་དྲིས་པ་ཡིན། ཁོང་ཚོས་ནགས་ཆུའི་ཁུལ་ལ་བོན་པོ་མང་པོ་ཡོད་པས་དེ་ཡིན་སྲིད་ཟེར།

  5. ཁ་བའི་ཡུལ་གྱར་བ། says:
    2014-10-10 at 7:24 pm

    གེ་སར་སྒྲུང་ནང་དུ་སེར་པོ་ཧོར་ལ་གཉའ་ལྒ་བཏོད་ཟེར་ན་ཧོར་བདུད་དང་འདྲེ་ཡིན་ས་ལབ་ཡོད་ས་རེད། ནག་ཆུའི་མངའ་ཁོང་ཧོར་ཚོ་སུམ་བཅུ་སོ་གཉིས་ཟེར། དེར་འགྲོ་ནས་ཧོར་བདུད་ཡིན་ས་ལབ་ན་ཁོང་ཚོ་ཁོང་ཁྲོ་ལོངས་ཡ་ཡིན་ཡིན་པ་རེད་བ། གཞན་ཞིག་ལ་དངོས་ཡོད་མ་ཡིན་པའི་ཕྱོགས་ལྷུང་གི་སྔོན་སྒྲུང་ཡིག་ནང་དུ་བོན་པའི་ལྷ་དང་སྲུང་མ་མང་པོ་ཞིག་བདུད་དང་འདྲེ་ཡིན་ས་ལབ་ཡོད།
    དེང་སང་དུས་རབ་ཉེར་གཅིག་ནང་དུ་ད་དེ་འདྲ་ལབ་ས་ཡོད་ཚོད་མི་འདུག། མི་རིགས་དང་ཆོས་ལུགས་ཚང་མ་འདྲ་མཉམ་རེད་ཚར་དུས།

  6. ཀློང་ཆུང་ says:
    2014-10-10 at 11:22 pm

    ཁ་བའི་ཡུལ་གྱར་ལགས། ཐུགས་རྗེ་ཆེ།

  7. ཁྱུང་སེ། says:
    2014-10-10 at 11:32 pm

    དང་ཐོག་གླུ་བ་རིག་དགའི་དོན་རྐྱེན་བཤད་དགོས་དོན་ནི་གཅིག་ནས་གུས་པ་རང་ཉིད་དེ་དགོང་གནས་དེར་ཡོད་པས་དོན་རྐྱེན་གྱི་ཐོག་མཐའ་བར་གསུམ་མཐོང་ཐོས་བྱུང་བས་དྲྭ་གྲོགས་མང་པོས་དྲྭ་ལམ་དང་འཕྲིན་ལམ་ཁ་པར་བརྒྱུད་ནས་དེ་དོན་འདྲི་མཁན་མང་བས་དེང་སྐབས་ལས་དོན་གྱིས་བྲེལ་བས་རེ་རེ་བཞིན་ལན་འབུལ་མ་ཐུབ་བས་དྲི་ལན་གྱི་དོད་དུ་དང་། གཉིས་ནས་ཉེ་ཆར་དྲྭ་ལམ་ཁག་ཏུ་འཁྱོག་བཤད་དང་འཆལ་གཏམ་མང་པོ་སྤེལ་ཞིང་དོན་དངོས་ལས་ལྡོག་པའི་གནས་ཚུལ་གླེང་བཞིན་པ་དེ་ལ་གསལ་བཤད་ཀྱི་ཚུལ་དུ་བྲིས་པ་ལགས
    སྤྱིར་ན་གླུ་བ་རིག་དགའ་ཞེས་ཕོ་ཉམས་དོད་ལ་སྐད་ངག་སྙན་ཞིང་གླུ་ཚིག་བཟང་བའི་ཆེས་ཕུལ་བྱུང་གི་མི་སྣ་ཞིག་ཡིན་པས་ཆུང་བྱིས་པའི་དུས་ནས་གླུ་བ་ཁོང་གིས་བདག་སེམས་ལ་བག་ཆགས་ཟབ་མོ་ཞིག་འཇོག་མྱོང་བས་ཁོང་མཇལ་འདོད་ཀྱི་རེ་བ་ཤིན་ཏུ་ཆེ། དེར་བརྟེན་༢༠༡༤༡༠༦ཉིན་གུས་པ་ནག་ཆུར་སླེབས་ནས་ཟ་ཁང་ཞིག་ཏུ་ཟ་མ་བཟའ་བཞིན་འཕྲིན་ཕྲན་གྲོགས་ཚོམས་ཁ་ཕྱེས་ནས་བལྟས་པས་གྲོགས་པོ་ཞིག་གི་བར་སྟོང་ནང་ལ་གླུ་བ་རིག་དགའ་ནག་ཆུ༼སྦྲ་ནག་མི་རིགས་གླུ་གར་གླིང་༽(黑帐篷民族大演艺宫)དུ་གདན་འདྲེན་ཞུས་ནས་གླུ་གཞས་འཁྲབ་སྟོན་བྱེད་རྒྱུ་ཡིན་ཞེས་པའི་བརྡ་སྦྱོར་ཞིག་མཐོང་བྱུང་བས་གྲོགས་ཁ་ཤས་ལ་གླེང་ནས་མཉམ་དུ་ལྟད་མོར་འགྲོ་རྒྱུར་གྲོས་མཐུན་བྱུང་། དེ་བཞིན་དགོང་མོ་དུས་ཚོད་བཅུ་པ་ཡོལ་ཙམ་ཞིག་ལ་དངོས་སུ་གླུ་གར་ཁང་དུ་ཕྱིན་པས་གནས་དེར་མི་ཚོགས་མང་ལ་ཡར་མར་འཚང་ཁ་ཤིག་ཤིག་གི་ངང་ནས་བསྡད་ས་ཚང་མ་ཁེངས་ཚར་བས་མ་ཚད།སྡོད་ས་གསར་པ་མང་པོ་བཟོས་ནས་ནང་མའི་སྟེང་འོག་གཉིས་ཀར་རྒས་མགོ་དཀར་ལག་རྟེན་བཟུང་བ་དང་ཆུང་བྱིས་པ་ནུ་མ་འཇིབ་པ་ཡན་གྱི་མི་ཚོགས་མང་པོས་ཁེངས་འདུག དེ་ནས་ང་ཚོ་འགྲོ་ལམ་ནང་དུ་བསྡད་ས་གསར་པ་ཞིག་བཟོ་རོགས་ལབ་ནས་ལྟད་མོ་ལ་རོལ་བཞིན་གླུ་བ་རིག་དགའ་ནམ་ཐོན་ཡོང་བསམ་ནས་རེ་སྒུག་བྱེད་བཞིན་བསྡད་པ་ཡིན
    འོན་ཀྱང་དུས་ཚོད་གཅིག་སོང་གཉིས་འདས་ཡུན་རིང་ཞིག་ལ་སྒུག་མཐར་དུས་ཚོད་གསུམ་པ་ཙམ་ཞིག་ལ་མདོ་འཛིན་པས་འཚམས་སྦྱོར་གྱི་ལམ་ནས་ཆེ་བཤད་དང་བསྟོད་བསྔགས་གང་མང་ཞིག་ཕུལ་མཐར་གངས་ལྗོངས་པི་ཝང་དཀར་པོའི་མཚན་སྙན་ཐོབ་པའི་གླུ་བ་དེ་སུ་རེད་ཅེས་དྲི་བ་ཞིག་བཏང་བས་ལྟད་མོ་བ་རྣམས་ཀྱིས་རིག་དགའ་རེད་ཅེས་ལན་འདེབས་གནང་སོང་།
    གླུ་བ་རིག་དགའ་གར་སྟེགས་སུ་ཕེབས་པའི་རྣམ་པ།

    དེ་ནས་སྐྱེས་པ་ཕོ་ཡི་ཉམས་ལ་ཟ་མ་མོ་ཡི་འཛུམ་ཡོད་པ་བོད་ལྭ་དག་མའི་རྒྱན་གྱིས་སྤྲས་པའི་གླུ་བ་ཁོང་དངོས་སུ་གར་སྟེགས་སྟེང་དུ་ཐོན་ནས་དང་ཐོག་ཁམས་བདེའི་འཚམས་འདྲི་དང་འབྲེལ་ནས་༼དཔའ་བོའི་བསྟོད་གླུ་༽ནང་གི༼མངག་བཅོལ༽(格萨尔王的嘱托)ཞེས་པའི་གླུ་གཞས་དེ་ལྟད་མོ་བ་རྣམས་ལ་གྱེར་གནང་སོང་།དེ་འཁྲབ་སྟོན་བྱེད་བཞིན་ལྟད་མོ་བ་རྣམས་ཀྱིས་མཇལ་དར་འབུལ་ཞིང་ལག་འཇུ་གནང་བ་དང་པར་བརྒྱག་ཅིང་བརྙན་ལེན་པ་སོགས་གར་སྟེགས་སྟེང་དུ་མི་ཚོགས་ཀྱིས་ཁེངས་ནས་གླུ་བ་ཁོང་མི་མཐོང་བས།འོག་ཏུ་བསྡད་པའི་ལྟད་མོ་བ་རྣམས་ཀྱིས་སྐད་ཅོར་རྒྱག་བཞིན་ཤེལ་དམ་དང་འགྱིག་དམ་སྟོང་བ་ཁ་ཤས་གར་སྟེགས་སྟེང་དུ་གཡུགས་སོང་།དེས་རྐྱེན་པས་བལྟ་མོ་བ་ཕན་ཚུན་བར་ལ་གང་ཡིན་འདི་ཡིན་མེད་པར་ཤེལ་ཕོར་དང་ཨར་དམ་མང་པོ་ཕར་འཕེན་ཚུར་གཡུག་བྱས་ནས་བསྡད་བཟོད་མི་བདེ་བ་བཟོས་ནས་གླུ་གཞས་དེ་གྱེར་ཚར་ནས་གླུ་བ་ཁོང་ཡར་ནང་དུ་འཛུལ་སོང་།ལྟད་མོ་བ་རྣམས་ཀྱང་ཟང་ཟིང་ལོང་ལོང་མང་པོ་བྱས་ནས་གར་སྟེགས་སྟེང་དུ་ཤེལ་ཕོར་དང་ཨར་དམ་མང་པོ་གཡུགས་གནང་སོང་།

    དེ་ནས་མདོ་འཛིན་པས་མཐུན་སྒྲིལ་དགོས་ལུགས་དང་ནང་འཛིང་བྱེད་མི་འོས་པའི་སྐད་ཆ་མང་པོ་ཞིག་བཤད་ནས་ཏོག་ཙམ་ལྷིང་འཇགས་ལྟ་བུའི་ངང་ནས་ཞབས་ཞུ་བ་རྣམས་ཀྱིས་གར་སྟེགས་གད་བདར་གཙང་ཕྱགས་བྱས་ནས་གླུ་བ་རིག་དགའ་ཡང་བསྐྱར་གར་སྟེགས་སྟེང་ལ་ཐོན་གི་ཡོད་པའི་གསལ་བསྒྲག་གནང་བ་དང་ལྷན་དུ་ང་ཚོ་ལངས་ཡོད་པའི་གར་སྟེགས་གཡས་ཕྱོགས་ཀྱི་འཁྲིས་སུ་ཕོ་གསར་རྒན་མིན་གཞོན་ཁ་ཤས་ཤིག་གིས་ཆོས་ལུགས་ལ་ཕྱོགས་རིས་དང་དབྱེ་འབྱེད་བྱེད་གི་འདུག་པ་མ་ཟད་དམའ་འབེབས་དང་ངན་སྨྲས་བྱེད་གི་འདུག་པས་ད་ཐོན་ཤོག་ལྟད་མོ་ལྟོས་ཨ་ཟེར་ནས་ཤེལ་ཕོར་དང་ཨར་དམ་མང་པོ་ལག་ཏུ་བཟུང་ནས་བསྡད་འདུག
    དེ་ནས་སྔར་བཞིན་གླུ་བ་རིག་དགའ་སྐད་སྦུགས་ལག་ཏུ་བཟུང་ཞིང་གར་སྟེགས་སྟེང་དུ་ཐོན་ནས་དཀྱིལ་ཙམ་དུ་སླེབས་པ་དང་ཁོང་གིས་༼རྒྱ་ཆེ་བའི་བོད་རིགས་སྤུན་ཟླ་རྣམ་པ་ཁྱེད་རྣམས་བཀྲིས་བདེ་ལེགས༽ཞེས་བརྗོད་མ་ཐག་གར་སྟེགས་ཀྱི་གཡས་ཕྱོགས་ན་ཡོད་པའི་ཕོ་གསར་དེ་ཚོས་ཁོང་གི་གདོང་ལ་དམིགས་ནས་ཤེལ་ཕོར་ཞིག་འཕངས་གནང་སོང་
    གར་སྟེགས་སུ་ཤེལ་དམ་གཡུག་པའི་ངང་ཚུལ།

    དེ་ནས་གོང་དུ་གྲ་བསྒྲིགས་བྱས་པའི་ཨར་དམ་དང་འགྱིག་དམ་མང་པོ་ཞིག་འཕངས་ཤིང་ཀི་སྒྲ་དང་བཅས་ཁོང་ལ་ངོ་རྒོལ་བྱས་ནས་ཁོང་གར་སྟེགས་སྟེང་ནས་བྲོས་དགོས་འཁེལ་སོང་།དེང་སང་དྲྭ་ལམ་ཁག་ཏུ་སྤེལ་བཞིན་པའི་བརྙན་ཐུང་དེ་ནི་ཁོང་ཐེངས་གཉིས་པར་གར་སྟེགས་སྟེང་དུ་ཐོན་དུས་དངོས་སུ་ངོ་རྒོལ་བྱེད་བཞིན་པའི་རྣམ་པ་རེད།གླུ་བ་རིག་དགའ་གར་སྟེགས་ལས་བུད་པའི་རྣམ་པ།

    དེ་ནས་གཡོན་ཕྱོགས་ན་བཞུགས་པའི་ལྟད་མོ་བ་རྣམས་ཀྱིས་གཡས་ཕྱོགས་སུ་ཨར་དམ་དང་ཤེལ་དམ་མང་པོ་གཡུགས་བྱུང་ལ་གཡས་ཕྱོགས་ན་ཡོད་པའི་ཕོ་གསར་དེ་ཚོ་གཙོ་བྱས་པའི་མི་ཁ་ཤས་ཀྱིས་ཀྱང་ཕར་ལ་མང་པོ་འཕངས་གནང་བས།ནང་འཁྲུག་ལངས་ནས་ནང་མའི་ནང་དུ་འཁྲུག་འཁྲུག་ལོང་ལོང་ངང་ནས་ཡར་བྲོས་མར་འབྲོས་མང་པོ་བྱེད་དགོས་བྱུང་བས་རྒས་འཁོག་དེ་ཚོ་དང་བྱིས་པའི་ཕ་མ་དེ་ཚོ་ངོ་མ་ཁག་པོ་བཟོས་སོང་། དེ་འདྲའི་ངང་ནས་མདོ་འཛིན་པས་དགོང་འཚོགས་མཚམས་འཇོག་གནང་གི་ཡིན་ཟེར་ནས་གསལ་བརྡ་གནང་བ་དང་ཆབས་ཅིག་ཉེན་རྟོག་པ་མང་པོ་སླེབས་ནས་ནང་མའི་ཕྱི་ནང་ཚང་མར་ཉེན་རྟོག་པས་ཁེངས་སོང་ལ།ནང་མའི་ནང་དུ་ཡང་མི་ཉུང་ཤས་ལས་མི་འདུག་པས་གུས་པ་གླུ་གར་ཁང་དང་ཁ་བྲལ་ནས་མགྲོན་ཁང་དུ་ལོག་པ་ཡིན།
    དེ་ནས་དེ་དགོང་གི་མཐོང་ཐོས་ངོ་མ་ལས་རྟོག་བཟོ་དང་སྦས་གསང་གང་ཡང་བྱས་པ་མེད་པར་དྲྭ་གྲོགས་དེ་དོན་དྲི་མཁན་ཡོངས་ལ་དྲི་ལན་གྱི་ཚུལ་དུ་དང་ཕྱི་ནང་གང་སར་བཞུགས་པའི་སྤུན་ཟླ་རྣམས་ལ་དོན་རྐྱེན་གསལ་བཤད་ཀྱི་ཚུལ་དུ་ཕུལ་བ་ཡིན་པས་དེ་གོ་ཆོད་པར་སྨོནདེང་སང་དྲྭ་ལམ་གང་སར་དོན་རྐྱེན་དེ་དང་འབྲེལ་བའི་བརྙན་རིས་དང་ཁ་བརྡ་དེ་བཞིན་བཅད་རྩོམ་དང་ལྷུག་མ་མང་པོ་སྤེལ་ཞིང་དོན་རྐྱེན་དེའི་རྒྱུ་རྐྱེན་ཐད་ལ་བཤད་ཚུལ་འདྲ་མིན་མང་པོ་གླེང་བཞིན་དོན་དངོས་ལས་ལྡོག་པའི་འཁྱོག་བཤད་དང་འཆལ་གཏམ་གྱིས་དྲྭ་ལམ་ཁྱབ་འདུག་པས་དེ་ལ་གསལ་བཤད་ཀྱི་ཚབ་དུ་དོན་དངོས་དང་མཐུན་པའི་འགྲེལ་བཤད་ཅིག་མི་ཞུ་ཀ་མེད་བྱུང་སོང་།
    སྤྱིར་ན་གནས་ཚུལ་གང་ཡིན་ཡང་ལྷག་ཆོག་ལ་ཡོད་ཀྱང་དགོས་སྲིད་པ་འཇིག་རྟེན་འདི་ན་མི་སྲིད་པ་ཞིག་གང་ཡང་མེད་མོད། འོན་ཀྱང་དོན་རྐྱེན་དེའི་རྒྱུ་རྐྱེན་ངོ་མ་ནི་ཆོས་ལུགས་ལ་ཕྱོགས་ཞེན་གྱི་དབང་གིས་བྱུང་བ་ཞིག་ཡིན་པ་ལས་གཞན་གང་གི་ཆེད་དུ་མ་ཡིན་པ་གསལ་པོ་མངོན། རྒྱུ་མཚན་ནི་སྦྲ་ཆེན་དང་གཉན་རོང་ཕྱོགས་ཀྱི་བོན་ལུགས་འཛིན་པ་རྣམས་ཀྱིས་གེ་སར་གླིང་སྒྲུང་ལ་མི་དགའ་བར་མ་ཟད་དེ་ལ་འཛེམ་མངའ་བྱེད་པའི་ལུགས་སྲོལ་ཡོད་པ་དང་།དེ་ནས་གཙོ་བོ་ཧོར་གུར་དཀར་ལ་གཉའ་སྒ་སྤྲད་པ་སོགས་རྒྱུ་མཚན་དུ་བྱས་ནས་གེ་སར་གླིང་སྒྲུང་ལ་མི་དགའ་བ་ལས་གཞན་བོན་པོ་ཡོངས་ཀྱི་དེ་འདྲའི་བལྟ་སྟངས་ཡོད་མིན་ཆ་མ་འཚལ།

    རྒྱུ་གེ་སར་གླིང་སྒྲུང་ལ་ཐུག་ཡོད་ཅིང་རྐྱེན་རིག་དགའ་ཁོ་རང་གི་གྱེར་བཞིན་པའི་གླུ་ཚིག་ནང༼སེར་པོ་ཧོར༽ཟེར་བ་སོགས་ཀྱི་ཐ་སྙད་ཀྱིས་རྐྱེན་པས་དོན་རྐྱེན་དེ་ལྷག་པ་རེད། དེང་སང་དེ་ལས་ལྡོག་པའི་བཤད་ཚུལ་མང་པོ་ཞིག་གི་ནང་ནས་གླེང་མང་ཤོས་ནི་དོར་ཚོགས་དང་འབྲེལ་བ་ཡོད་བསྐོར་བརྗོད་པ་ནི་དོན་རྐྱེན་དེ་ལ་རྒྱུས་མངའ་མེད་པ་དང་དངོས་སུ་མ་མཐོང་བའི་ལོག་བཤད་གཅིག་རེད།རྒྱུ་མཚན་ནི་གླུ་བ་རིག་དགས་དེ་དགོང་གོ་ས་མཆོག་ལ་བསྟོད་གླུ་བླངས་པས་ཤུགས་ལྡན་ཚོགས་པ་མ་དགའ་བར་ངོ་རྒོལ་བྱས་པ་རེད་ཟེར་བ་དང་རིག་དགའ་ནི་རིགས་ཞེན་ལྷག་བསམ་ཅན་ཞིག་ཡིན་པས་སྐྱོན་བརྗོད་དང་དམའ་འབེབས་བྱས་པ་རེད་ཟེར་བ་སོགས་རྫུན་གཏམ་ངོ་མ་ལས་མ་འདས།
    གང་གི་ཕྱིར་ཞེ་ན་གླུ་བ་རིག་དགས་དེ་དགོང་བསྟོད་གླུ་ཚིག་གཅིག་གྱེར་མ་སོང་ལ་དེ་དང་འབྲེལ་བའི་ཁ་བརྡ་ཙམ་ཡང་གླེང་མ་སོང་། ཁ་གཞན་ལ་གཡར་ནས་དེ་འདྲའི་ངོ་རྒོལ་ཡིན་ན་མ་གཏོགས་དེ་མིན་ནས་དེ་འདྲའི་རྣམ་པ་ཙམ་ཡང་མི་འདུག་པས་ལྷ་འདྲེ་སུ་ཞིག་གིས་དྲྭ་འབུ་དེ་ཚོའི་རྣ་ལམ་ལ་བླུགས་པ་ཡིན་ནམ།
    བོད་པ་ནང་ཚུན་ལ་ངོ་རྒོལ་དང་ནང་འཁྲུགས་ཡོད་ཚད་ཤུགས་ལྡན་ཚོགས་པས་བསླངས་པ་རེད་ཟེར་ན་ངོ་མ་ཁྱོད་མིག་ཡ་གཅིག་ལོང་ཚར་བ་ཡིན་པས་ཁྱོད་ཀྱིས་ཕྱོགས་གཅིག་མ་གཏོགས་མཐོང་མི་ཐུབ་བས་ཁྱོད་ལ་ཐུགས་ཁག་ལར་ནས་མེད། འདས་པའི་ལོ་རྒྱུས་ལ་གཟིགས་ཙམ་གནང་དང་ང་ཚོ་བོད་པ་ཚོའི་གདོང་རིས་ངོ་མ་དམར་རྗེན་དུ་མངོན་ཡོང་ལ་ད་ལྟའི་གནས་བབས་ལ་ལྟོས་དང་ང་ཚོ་གདོང་དམར་ཚང་གི་མི་གཞིའི་ཀུན་སྤྱོད་དང་སློབ་གསོའི་རིན་ཐང་མཐོང་ཐུབ། དེ་ནས་རིག་དགའ་དང་འབྲེལ་བའི་དོན་རྐྱེན་དེ་ཆེས་སྤྱིར་བཏང་བ་ཞིག་དང་རྒྱུན་ལྡན་ཅན་ཞིག་ཡིན་པ་ལས་ཧ་ལས་ཧང་སང་དགོས་པ་གང་ཡང་མ་ཡིན་མོད། དེ་ནས་སློབ་གསོའི་གོ་སྐབས་ཐོབ་མ་མྱོང་པར་ནང་མ་དང་ཨར་ཁང་ནང་དུ་མི་ཚེ་བསྐྱལ་ཞིང་དུ་ཆང་དང་རྒྱན་འཇོག་ལ་རོལ་བའི་ལུགས་གཉིས་ཀྱི་བླངས་དོར་ལ་རྨོངས་ཤིང་ལྦུ་སུབ་ཀྱིས་ལ་རྒྱ་འཛིན་པའི་མི་བུ་དཀྱུས་མ་རྣམས་ཀྱི་བྱ་སྤྱོད་རྒྱུན་ལྡན་ཅན་ཞིག་ཡིན་པ་སྨོས་མ་དགོས།
    འོན་ཀྱང་དེ་ལས་མཚར་བ་ནི་མཁས་པའི་ཆོ་ལོ་ཐོབ་ཅིང་མི་རིགས་ཉམས་ཆུང་འདིའི་སྣེ་ཁྲིད་དུ་རློམ་པའི་སྨྱུག་འཛིན་པ་རྣམས་ཀྱིས་དོན་རྐྱེན་དེ་ལ་བརྟག་དཔྱད་གང་ཡང་མེད་པར་ལོག་བཤད་དང་འཆལ་གཏམ་སྤེལ་བས་མ་ཚད་ངོ་རྒོལ་བྱེད་མཁན་དང་མི་བྱེད་མཁན་གྱི་དབྱེ་མཚམས་མེད་པར་ནག་ཆུའི་ཀླ་ཀློ་དང་དམུ་རྒོད་ཅེས་མི་གཞི་ལ་དམའ་འབེབས་དང་ཁྱད་གསོད་བྱས་ནས་ད་དུང་མཁས་མདོག་དང་འཇོན་མདོག་སྟོན་པ་ནི་ངོ་མ་ཅི་འདྲའི་ཐབས་སྐྱོ་ལ།
    དེ་དང་འདྲ་བའི་དོན་རྐྱེན་མང་པོ་ཞིག་ལ་ཅི་འདྲའི་ལོག་བཤད་ཅིག་དང་རྫུན་གཏམ་ག་ཚོད་སྤེལ་ཡོད་ན། དོན་རྐྱེན་དེ་ནི་ཆོས་ལུགས་དང་འབྲེལ་བའི་གནད་དོན་ཞིག་ཡིན་པས་མང་ཚོགས་ནང་ཐོན་མི་ཆོག་པའི་རྒྱུ་མཚན་ཅི་ཡིན། ཚེ་འདི་ཕྱིའི་ལམ་སྟོན་གནང་མཁན་བླ་སྤྲུལ་མཁན་གསུམ་གྱིས་ཆོས་ལུགས་ཕྱོགས་ཞེན་གྱི་དབང་གིས་དམར་པོ་ཁྲག་གི་འཁོར་ལོ་བསྐོར་བའི་ལོ་རྒྱུས་ཡོད་ལ། གནའ་དེང་རིག་གནས་ལ་མཁྱེན་རྒྱ་ཡངས་ཤིང་མི་མང་གི་བསམ་བློའི་སྲོག་ཤིང་དུ་གྱུར་བའི་མཁས་ཆེན་དཔོན་ཆེན་རྣམས་ཀྱིས་ཆོས་ལུགས་ཕྱོགས་ཞེན་གྱི་དབང་གིས་ཆབ་སྲིད་ལ་ཁ་གཡར་ནས་ཆོས་ལུགས་གྲུབ་མཐའ་ག་ཚོད་བརྩད་མྱོང་ཡོད་ལ་ད་དུང་ག་ཚོད་རྩོད་བཞིན་ཡོད
    དེ་ཚོར་བསམ་ན་རིག་དགའ་དང་འབྲེལ་བའི་དོན་རྐྱེན་དེ་ག་འདྲ་ཞིག་ཡིན་མིན་གཞི་ནས་མཁྱེན་ཡོང་།དེ་མིན་ཁྲོམ་པའི་སྦལ་རྒན་གྱི་ངང་ཚུལ་བཟུང་ནས་བལྟས་ན་ངོ་མ་ཧ་ལས་དགོས་པ་ཞིག་ཀྱང་ཡིན་ཚོད་རེད། འོན་ཀྱང་དེང་སང་དུས་རབས་ཉེར་གཅིག་པ་ནི་སྔར་དང་མི་འདྲ་བར་འཛམ་གླིང་ཤར་ནུབ་ཀྱི་རིག་གནས་སྤེལ་རེས་དང་ལེགས་ཆ་ལེན་རེས།དེ་བཞིན་ཕྱི་ནང་གི་ཆོས་ལུགས་མང་པོ་ལྟ་བ་མཉམ་གནས་སྤྱོད་པ་འཆམ་མཐུན་གྱི་ངང་ནས་མི་བུའི་རང་དབང་འགྲོ་མིའི་ཐོབ་ཐང་སྲོག་ལྡན་ཡོངས་ཀྱི་ཚེ་སྲོག་འདྲ་མཉམ་གྱི་ངང་ནས་གོ་ལར་སྲུང་སྐྱོབས་དང་འཛམ་གླིང་ཞི་བདེར་འབད་བཞིན་པའི་སྒང་འདིར། ང་ཚོ་བོད་པ་ཚང་ད་དུང་དུས་རབས་བར་མའི་སྐབས་ལྟར་ཆོས་ལུགས་ཕྱོགས་ཞེན་གྱི་དབང་གིས་གྲུབ་མཐའ་རྩོད་རེས་དང་ལྟ་བ་ཕྲན་བུ་མི་མཐུན་པ་ཙམ་གྱིས་ཕུ་ནུ་ནང་འཁྲུག་བསླང་པ་དང་།མི་ཡུལ་འདི་མི་བུ་རང་ཉིད་ལ་དབང་བ་མི་ཤེས་པར་ཡོད་ཚད་ལྷ་འདྲེ་ལ་བློ་གཏད་བཅོལ་ཞིང་འདུག་པ་ནི་ངོ་མ་ངོ་ཚ་ཞིང་བློ་ཕམས་དགོས་པའི་གནས་སོ།།

    ༢༠༡༤༡༠༩དགོང་མོ་མགྱོགས་བྲིས་བྱས་ནས་འཕྲལ་མར་དྲྭ་ཐོག་བཀོད་པ་ཡིན་པས་དག་ཕྲད་ནོར་བ་མང་པོ་ཡོད་ངེས་པས་དྲྭ་གྲོགས་རྣམ་པས་དགོངས་འཁྲོལ་གནང་རོགས།

  8. ཁྱུང་སེ། says:
    2014-10-10 at 11:33 pm

    ང་ཡི་སྐད་འཕྲིན་དྲ་གྲོགས་ཞིག་གིས་བསྒྲགས་པ་ལས་འདིར་དྲངས་པ་ཡིན་ཞུ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme