Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕུལླ་ཧ་རི་ཡུལ་དབུས་ན་ཡོད།

Posted on 2014-06-112014-06-11 By ཁ་བརྡ་ 25 Comments on ཕུལླ་ཧ་རི་ཡུལ་དབུས་ན་ཡོད།

གསེར་ས་ལེ་སྦྲམ།

དེ་ཡང་དུས་རབས་བཅུ་བ་དང་བཅུ་གཅིག་པའི་ནང་བྱོན་པར་གྲགས་པའི་འཕགས་ཡུལ་གྱི་པཎྜི་ཏ་ཆེན་པོ་གྲུབ་ཆེན་ནཱ་རོ་བ་མཆོག་གི་བཞུགས་ཡུལ་གནས་མཆོག་ཕུལླ་ཧ་རི་ནི། ད་ལྟའི་ཆར་ཡུལ་ཕྱོགས་གང་དུ་ངེས་འཛིན་བྱེད་མིན་གྱི་ཐད་འདོད་ཚུལ་མི་མཐུན་པ་འགའ་ཤས་བྱུང་དང་འབྱུང་མུས་སུ་ཡོད་གཤིས། དེར་བརྟེན་ཁོ་བོས་ཀྱང་བསམ་ཚུལ་ཐུང་ཙམ་བགྲོའོ།།
༼ཕུལླ་ཧ་རི༽ནི་སྔོན་བྱོན་མཁས་པ་དུ་མས་དཔལ་ནཱ་ལེན་དྲའི་བྱང་ཕྱོགས་སུ་ཡོད་པར་གསུང་བ་འདི་ཁོ་བོས་གཙིགས་སུ་འཛིན་བཞིན་ཡོད། ཡིན་ཡང་། ཕུལླ་ཧ་རི་དང་མིང་མཐུན་པའི་དོད་ཐོབ་རེ་ཡུལ་གྲུ་གཞན་དང་གཞན་དུ་ཡོད་ཀྱང་འགལ་བ་ཆེར་མི་སྣང་སྟེ། དཔེར་ན། ཡུལ་དབུས་ཀྱི་གནས་ཆེན་ཆེ་ཁག་བཞི་པོ་འདིའི་དོད་ཐོབ་རེ་རྒྱ་གར་ཤར་ནུབ་ཀྱི་ཡུལ་དང་། བྷར་མའི་ཡུལ་སོགས་སུ་ཡོད་པ་ལྟ་བུ་ཡིན། གྲུབ་ཆེན་ཏེ་ལོ་བ་དང་ནཱ་རོ་བ་གཉིས་ནི་དུས་ཕྱིས་སུ་གནས་ངེས་མེད་འགྲིམ་པའི་རྣལ་འབྱོར་བ་ཡིན་པས་ཡུལ་གང་དུ་བཞུགས་ལ་གང་དུ་མི་བཞུགས་པའི་ཁ་ཚོན་ནི་སུས་ཀྱང་གཅོད་དཀའ།

འོན་ཀྱང་། ཐོག་མར་དཔལ་ནཱ་ལེན་དྲའི་བྱང་ཕྱོགས་སུ་ཡོད་མེད་ཀྱི་ཐད་ལ་རྨོངས་འཆར་འགའ་ཞུ་འདོད་བྱུང་།
གཅིག༽ པཎ་ཆེན་ནཱ་རོ་བ་ནི་དཔལ་ནཱ་ལེན་དྲའི་གཙུག་ལག་ཁང་དུ་སློབ་གཉེར་གནང་སྟེ་པཎྜི་ཏའི་མཚན་གནས་བཞེས་མཁན་ཞིག་དང་། དཔལ་ནཱ་ལེན་དྲའི་ཕྱོགས་བཞིའི་སྒོ་ཆེན་བཞི་ལས་ནུབ་སྒོ་སྲུང་མཁན་གྱི་མཁས་པ་གྲགས་ཆེན་ཞིག་ཀྱང་ཡིན། དེར་བརྟེན་སྒོ་སྲུང་བ་ཞེས་པའི་མཚན་ཡང་ཐོགས། མར་བ་ལོ་ཙ་བ་རྒྱ་གར་དུ་ཕེབས་ཐེངས་དང་བོ་དང་། གཉིས་པ། གསུམ་པ་བཅས་ཀྱི་སྐབས་སུ་ཐོག་མར་ཤར་གྱི་ཆུ་བོ་གངྒ་བརྒལ་ཏེ་དཔལ་ནཱ་ལེན་དྲ་རུ་ཕེབས། དེ་ནས་འགོ་བཙུགས་ཏེ་རིམ་གྱིས་བླ་མ་ནཱ་རོ་བ་བཙལ་བའི་གོ་རིམས་འདིས་ཀྱང་བླ་མ་ནཱ་རོ་བ་ཁོང་དཔལ་ནཱ་ལེན་དྲ་དང་ཐག་མི་རིང་བའི་་གནས་ཤིག་ཏུ་བཞུགས་ཡོད་པ་གོ་ཐུབ།

གཉིས།༽རུས་པའི་རྒྱན་ཅན་གྱི་མར་པའི་རྣམ་ཐར་ལས་ནཱ་རོ་པ་ཕེབས་སྒུག་གིས་མར་པ་ལོ་ཙ་བ་ནཱ་ལན་ཏྲར་བཞུགས་པ་ན་བང་ཆེན་འབྱོར་བས་དགེ་ཚུལ་ཤེས་རབ་སེང་གེ་དང་བསྡེབས་སྤང་ལྗོངས་མེ་ཏོག་བརྒྱན་པའི་གྲོང་ཁྱེར་རི་བོ་གསེར་གྱི་དགོན་པ་ཕུ་ལ་ཧ་རིར་ནཱ་རོ་པ་མཇལ་བ་ཞེས་གསུང་བས། པཎ་ཆེན་ནཱ་རོ་བ་ལ་ཕེབས་སྒུག་གིས་དཔལ་ནཱ་ལན་དྲ་རུ་བཞུགས་པ་འདིས་ཀྱང་གསལ་བྱེད་ཡང་དག་ཅིག་བྱས་ཡོད།

གསུམ།༽མར་བ་ལོ་ཙ་བའི་རྣམ་ཐར་ལས་པུཥྤ་ཧ་རིར་ནཱ་རོ་པའི་དྲུང་དུ་ཆོས་གསན་ནས་ན་ལེནྡྲར་བྱོན་པས། ཁ་ཆེའི་པཎྜི་ཏ་ཤྲི་བྷ་དྲ་དང་མཇལ་ཞེས་གསུངས་པས། བར་ལམ་གྱི་གནས་ཚུལ་ཅི་ཡང་མེད་པར་ཐད་ཀར་ནཱ་ལེན་དྲར་བྱོན་པ་ལྟ་བུ་ཞིག་མངོན་པས། འདིས་ཀྱང་དཔལ་ནཱ་ལེན་དྲ་དང་ཕུལླ་ཧ་རི་གཉིས་ཀྱི་བར་ཐག་རིང་བོ་མིན་པ་ལྟ་བུར་མངོན།

བཞི།༽ རྣམ་ཐར་ལས་གསུང་བ་ལྟར་གྲུབ་ཆེན་ནཱ་རོ་བ་ལ་མཉེས་པའི་མཆོད་པ་སོགས་ཕུལ་ནས་ལམ་དུ་ཞུགས་ཏེ་མཻ་ཏྲི་པའི་བཞུགས་སར་ཉི་མ་སྔ་ཕྱེད་ཙམ་ལ་ཕེབས་པས། ཤིང་ནྱ་གྲོ་དྷའི་གྲིབ་མ་ལ་བཞུགས་པ་དང་མཇལ། རྟག་ཏུ་ངུས་ཆོས་འཕགས་མཇལ་བ་ལྟ་བུའི་དགའ་བ་སྐྱེས་ཞེས་གསུང་བ་འདིས་ཀྱང་པཎ་ཆེན་ནཱ་རོ་བའི་བཞུགས་གནས་དང་། གྲུབ་ཆེན་མེེ་ཏྲི་བའི་བཞུགས་གནས་གཉིས་ལ་བར་ཐག་རིང་བོ་མེད་པ་གསལ་ཞིང་། གྲུབ་ཆེན་མེེེ་ཏྲི་པའི་བཞུགས་གནས་ནི་ཤར་ཆུ་བོ་གངྒའི་ངོ་ཕྱོགས་ཡིན་པ་རྣམ་ཐར་དེ་ཉིད་དུ་གསལ།

ལྔ།༽ བླ་མ་མར་བའི་རྣམ་ཐར་དུ་གསལ་བ་ལྟར་རྒྱལ་རིགས་ཀྱི་པཎྜི་ཏ་ཞི་དུལ་ཅན་ཞིག་གྲུབ་ཆེན་ནཱ་རོ་བའི་དྲུང་དུ་ཡང་ཡང་ཆོས་ཞུ་བར་འོང་བ་གཟིགས་པ་ཕྱིས་བོད་ཉང་སྟོད་དུ་ཕེབས་དུས་ཁོང་ཇོ་བོ་རྗེ་དཔལ་ལྡན་མར་མེ་མཛད་ཡིན་པར་ངོ་ཤེས་ཞེས་གསུང་བས་ཀྱང་། བིཀྲ་མ་ལ་ཤའི་གཙུག་ལག་ཁང་དང་ཕུ་ལ་ཧ་རི་གཉིས་ཀྱི་བར་ཐག་ཧ་ཅང་རིང་བོ་མེད་པར་ཆོས་ཞུ་སར་ཡང་ཡང་བཅར་ཐུབ་ཀྱི་ཡོད་པ་དང་། ནཱ་རོ་བ་བྱང་ཕྱོགས་ཁ་ཆེའི་ཡུལ་ན་བཞུགས་ཡོད་ཚེ་ཡུལ་ཐག་རིང་བས་རྐྱེན་གྱིས་ཐེངས་འགར་བཅར་ཐུབ་ཀྱང་ཡང་ཡང་ཆོས་ཞུ་སར་ཕེབས་པ་མི་ཐུབ་པ་མངོན་གསལ་ཡིན།

དྲུག༽ རྣམ་ཐར་ལས། བྱང་ཕྱོགས་ཕུ་ལ་ཧ་རིར་བྱོན། །དངོས་གྲུབ་ཅན་གྱི་དགོན་པ་རུ། །སྒོ་སྲུང་ནཱ་རོ་པཎ་ཆེན་ལ།། ཞེས་རྣམ་ཐར་རང་ལས་བྱང་ཕྱོགས་ཟེར་བ་ཙམ་ལས་མ་བྱུང་བས་ནཱ་ལེན་དྲའི་བྱང་དུ་གོ་བ་བླངས་ནའང་མི་འགྲིག་པ་ཆེར་མེད་མོད། ཆོས་འབྱུང་གཞན་འགའ་ལས་བྱང་ཕྱོགས་ཁ་ཆེའི་ཡུལ་ཞེས་འབྱུང་བས། མ་དག་པ་ཡིན་ཞེས་སྨྲ་མི་ནུས་མོད། འོན་ཀྱང་། དཔྱད་གཞི་ཆེ་སྟེ། མར་བ་ལོ་ཙ་བའི་རྣམ་ཐར་དུ་བྱང་ཕྱོགས་ཁ་ཆེའི་ཡུལ་གྱི་ཕུ་ལ་ཧ་རི་ཞེས་པའི་ཚིག་ཟུར་ཙམ་ཡང་མཐོང་དུ་མེད། རྣམ་ཐར་ལས། ༼ཁ་བ་ཅན་ལྗོངས་བྱང་ཕྱོགས་ནས།།རྒྱལ་ཚབ་འཛིན་ཕྱིར་སླེབ་པ་ལེགས།།༽ཞེས་པ་ནི་ཕུ་ལ་ཧ་རི་རྒྱ་གར་གྱི་བྱང་ཕྱོགས་ན་ཡོད་པའི་སྒྲུབ་བྱེད་དུ་གཏན་ནས་མི་འགྲོ་སྟེ། འདིས་ནི་མར་བ་ལོ་ཙ་བ་བྱང་ཕྱོགས་ཁ་བ་ཅན་ནས་ཚུར་རྒྱ་གར་དུ་བྱོན་པ་གསུང་བ་ཡིན་ནོ།།
མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་ཀྱང་ཆག་ལོ་ཙ་བ་ལ་ཁུངས་གཏུགས་ཏེ་ཕུལླ་ཧ་རི་ནི་དཔལ་ནཱ་ལེན་དྲའི་བྱང་ཕྱོགས་སུ་ཡོད་པར་ངོས་འཛིན་གནང་འདུག་པ་དེ་ཁོ་ནའོ།།

དཔྱད་རྩོམ།

Post navigation

Previous Post: མ་ཎིའི་འཁོར་ལོ།
Next Post: ཆེ་ཁིའི་སྲིད་འཛིན་གྱིས་གནའ་བོད་ནི་བཀས་བཀོད་དང་ཞིང་བྲན་ཟུང་འབྲེལ་གྱི་བླ་མའི་རྒྱལ་ཁབ་ཅིག་རེད་ཟེར།

Comments (25) on “ཕུལླ་ཧ་རི་ཡུལ་དབུས་ན་ཡོད།”

  1. གསེར་ས་ལེ་སྦྲམ། says:
    2014-06-11 at 10:17 am

    ༼བྱང་སྒོ་སྲུང་མཁན༽བཅོས

  2. བསམ་ཤེས། says:
    2014-06-11 at 6:04 pm

    བླ་མ་འཇལ་སའི་ས་ཆ་གསལ་པོ་ངེས་ཀྱི་མིན་འདུག་པས། དེའི་ཆོས་ཁུངས་གསལ་པོ་ཤེས་ཀྱི་ཨེ་ཡོད། ཞབས་འདྲེན་རེད་ཁྱོད་ཚོ། ཤར་ལ་རེད་ནུབ་ལ་རེད། ཚང་མ་སྒྲུང་ཤ་སྟག་བཟོས།

  3. དགེ་འདུན་རྒྱ་མཚོ། says:
    2014-06-11 at 10:45 pm

    ཐུགས་རྗེ་ཆེ་ཞུ

  4. གསེར་ས་ལེ་སྦྲམ། says:
    2014-06-11 at 11:57 pm

    བསམ་ཤེས་ལགས། བསམ་ཚུལ་གསུང་བར་དགའ་བསུ་ཞུ། ཡིན་ཡང་། ལོ་ངོ་བརྒྱ་ཕྲག་མང་བོའི་ཡར་སྔོན་གྱི་གནས་ཚུལ་ཡོངས་རྫོགས། མི་རབས་ཕྱི་མ་ཕྱི་མ་རྣམས་སུ་རིམ་པས་གསལ་ལ་མི་གསལ་བའི་རབ་རིབ་ཅིག་ཆགས་འགྲོ་བ་དངོས་པོའི་འགྱུར་འགྲོས་ཀྱི་ཆོས་ཉིད་རེད། ཆོས་དང་ཆབ་སྲིད། ཡུལ་སྲོལ་གོམས་གཤིས་སོགས་གང་ཞིག་ཡིན་ཡང་ཆོས་ཉིད་ཀྱི་རྒྱ་འདི་ལས་བརྒལ་མི་སྲིད། གནས་ལུགས་འདི་སེམས་ལ་ངེས་སུ་བཅུག་ནས་ད་གཟོད་ཆོས་ལུགས་པས་སྒྲུང་བཟོས་ཡོད་མེད་ལ་ཕྱིར་འདང་རྒྱོབས། མནོ་བསམ་ཐོངས།

  5. རྔ་རྒོད says:
    2014-06-12 at 3:21 am

    དཔྱད་གཏོང་དགོས་ཡག་པོ་བྲིས་འདུག་འོན་ཀྱང་ངས་འདི་སྐོར་ཤེས་ཀྱིན་མེད་དོ།

  6. ཀརྡོ་གཉེར་ཕྱག་པ་ says:
    2014-06-12 at 3:39 am

    བཀའ་བརྒྱུད་རང་ཉམས་དྭོགས་པར།

    མར་སྤྲུལ་བསྟན་འཛིན་ཚེ་བརྟན།
    མིར་སྤྲུལ་ཀ་ལུ་རིན་པོ་ཆེ།
    དྭགས་སྤྲུལ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ།
    རས་སྤྲུལ་བླ་མ་ངག་དབང་།༼འདས་ནས་ལོ་འགའ་ཤའ་ཕྱིན་ཟིན་འདུག༽
    མདོར་སྤྲུལ་བསྟན་འཛིན་འཇམ་དབྱངས།

    དཔྱད་གཞིར་ཕུལ། །

  7. ཀརྡོ་གཉེར་ཕྱག་པ་ says:
    2014-06-12 at 3:41 am

    པུཥྤ དེཝི། ཡང་། པུཥྤཧརིའི་ཉེས་སར་འཁྲུངས་འདུག

  8. གསེར་ས་ལེ་སྦྲམ། says:
    2014-06-12 at 5:13 am

    ཀརྡོ་གཉེར་ཕྱག་པ་ལགས། ཐུགས་རྗེ་ཆེ། ང་རང་ཚོ་དང་འབྲེལ་ཡོད་ཀྱི་སྔོན་བྱོན་བླ་མ་སྐྱེས་ཆེན་ཁག་གི་རྣམ་ཐར་དང་མཛད་པ། གནའ་རབས་བོད་ཀྱི་དཔའ་མཛངས་རྟུལ་ཕོད་ཆེ་བའི་བཙན་པོ་དང་རྗེ་བོ། མི་ཆེན་དཔོན་ཆེན་རྣམས་ཀྱི་ལོ་རྒྱུས། དེ་དག་གི་མཁར་ཤུལ་དང་བཞུགས་གནས་སོགས་ལའང་། དད་པ་དག་སྣང་གི་དབང་དུ་མ་སོང་བར་རང་ནུས་ཅི་ལྕོགས་ཀྱིས་དཔྱད་འཇོག་ཉུང་ཙམ་རེ་སྤེལ་ཐུབ་ན་དགེ་མཚན་རེ་འདུག་སྙམ་པ་ཙམ་མོ། བཀའ་དྲིན་ཆེ།

  9. ཀརྡོ་གཉེར་ཕྱག་པ་ says:
    2014-06-12 at 6:49 am

    དྷ་རམ་ལ་དང་། པ་ཕྲང་ཀོཊི་གཉིས་ཀྱི་བར་ལ། བཀའ་བརྒྱུད་པའི་བཙུན་དགོན་ཆགས་སའི་མིང་ལ། ཏིལླུཔརམ། ཏིལོ་པུར་ཞེས་པ་འདི་ཡང་། གྲུབ་ཆེན་ཏི་ལོ་པ་དང་འབྲེལ་བ་ཅིག་ཡོད་ངེས། དེར་གནས་འཇལ་འགྲོ་དུས་ཕོ་རོག་ཕོ་མོ་གཉིས་ཡར་མར་ཕུར་བསྐྱོད་བྱས་པ་དང་། ཕོ་རོག་དེ་གཉིས་ནི་གཟུགས་སྟོབས་ཆེ་ལ། སྤུ་མདོག་སྣུམ་ལ་ལེགས་པ་། སྐད་ཀྱང་ཁ་ཏ་གཞན་ལྟར་ཀོ་ཝ། ཀོ་ཝ་ཟེར་བ་ལྟར་མིན་པར། དེ་གཉིས་ནི་སྐད་སྒྲ་ནི། ཀོ་ལོང་། ཀོ་ལོང་། ཟེར་ནས་ཕར་ཚུར་ཕུར་ནས། དངོས་གནས་རང་། ཕོ་རོག་དེ་གཉིས་མཐོང་དུས། དེ་མ་ཐག་མགོན་པོ་ཕྱག་དྲུག་གི་གསོལ་འདེབས་ཀྱང་། རང་གི་ཁ་ནས་རང་དབང་མེད་པར་ཐོན་འདྲ་བ་ལན་འགའ་ཤས་བྱུང་མྱོང་བས་་་་་་ དཔྱད་པར་མཛོད་ཅིག །

  10. གསེར་ས་ལེ་སྦྲམ། says:
    2014-06-12 at 9:08 am

    ལགས་སོ།། བཙུན་དགོན་ཏཱེ་ལོ་ཕུག་ཡོད་སའི་རི་ངོས་ན་བྲག་ཕུག་གོང་འོག་གཉིས་ཡོད་པ་གྲུབ་ཆེན་ཏེ་ལོ་དང་ནཱ་རོ་བའི་སྒྲུབ་ཕུག་ཡིན་ཟེར་ནས་མཇལ་བ་མང་བོ་འགྲོ་བཞིན་ཡོད། ཕུག་པ་བྲག་ངོས་ཀྱི་མཐོ་ས་ཞིག་ཏུ་ཡོད་པས་ཤིང་གི་སྐས་འཛེག་ཅིག་བརྒྱུད་ནས་ཡར་བྲག་ངོས་ལ་འབྱར་དགོས་ཀྱི་འདུག རྐང་ལག་མི་བདེ་མཁན་དང་རྒན་རྒོན་གྱི་རིགས་ཡིན་ན་ཏོག་ཙམ་ཉེན་ཁ་ཆེ། ཤིང་སྐས་སོགས་བཙུན་དགོན་རང་ནས་མཐུན་རྐྱེན་སྦྱོར་གྱི་འདུག ད་དུང་བོད་ནང་ལོགས་ནའང་ནཱ་རོ་བའི་སྒྲུབ་ཕུག་ཡིན་ཟེར་བ་འགའ་ཤས་ཡོད་པ་གོ་ཐོས་བྱུང་། འདི་དག་ནི་ནཱ་རོ་བའི་མིང་ཅན་འགའ་རེའི་སྒྲུབ་གནས་སམ། ཡང་ན། དད་པ་དག་སྣང་གི་དབང་གིས་མིང་བཏགས་པ་ཙམ་ལས་དོན་དངོས་ཡིན་ཚོད་མེད། ད་རུང་བོད་ཀྱི་དགོན་ཆེན་འགའ་ཤས་ལ་ཤྲི་ནཱ་ལེན་དྲ་གཉིས་པ་དང་ལིམ་བི་ནི་གཉིས་པ་སོགས་ཀྱི་མཚན་འདོགས་གནང་ཡོད་པའང་ཆོས་ཕྱོགས་ཀྱི་རྟེན་འབྲེལ་ཙམ་མམ། ཆེ་མཐོང་ཡོང་ཕྱིར་ཁོ་ན་ལས་གཞན་མིན། འདི་དག་ལའང་མགོ་ཡག་པོ་ཞིག་མ་ཚོས་ཕྱིན་ནཱ་ལེན་དྲ་དང་ལིམ་བི་ནི་ཟེར་བ་བོད་ན་ཡོད་ཞེས་མི་ལབ་པའི་ངེས་པ་མེད།

  11. བསམ་ཤེས། says:
    2014-06-12 at 10:00 am

    གསེར་ས་ལེ་སྦྲམ་ལགས་ཀྱིས་གསེར་རྡོག་གཅིག་སྦྱིན་པ་གནང་བར་ཐུགས་རྗེ་ཆེ།

  12. ནག་ཆུའི་གསེར་སྨྱུག says:
    2014-06-14 at 2:11 pm

    བཀན་ཆེ་ཚར་གཅིག་བཀླགས་པ་ཡིན། ཕན་པོ་བྱུང་།

  13. ནག་ཆུའི་གསེར་སྨྱུག says:
    2014-06-14 at 2:12 pm

    བཀའ་དྲིན་ཆེ་ཚར་གཅིག་བཀླགས་པ་ཡིན་ཕན་པོ་བྱུང་་།

  14. ཀརྡོ་གཉེར་ཕྱག་པ་ says:
    2014-06-14 at 2:35 pm

    མར་པ་ཆོས་ཀྱི་བློ་གྲོས་ནི། གྲུབ་ཆེན་ཌོབ་བྷི་པའི་སྐུ་སྐྱེ་དང་། སྲས་དར་མ་མདོ་སྡེ་དེ། གྲུབ་ཆེན་དྲིལ་བུ་པའི་སྐུ་ཡིན་པ་འདྲ། འདི་ནི་ང་ཡི་དག་སྣང་ལ་ཤར་བ་ཙམ་མོ།། སྐུ་རྩེད་དང་བཅས།། །།

  15. ཀརྡོ་གཉེར་ཕྱག་པ་ says:
    2014-06-14 at 2:43 pm

    རྒྱ་གར་གྱི་གྲུབ་ཆེན་རྣམས་བོད་ནང་འཁྲུངས་ཚུལ་གྱི་གསུང་རྒྱུན་དེ་ཡང་བདེན་པ་ཡིན་ཚོད་འདུག གྲུབ་ཆེན་ཡིན་ཚད་སྔགས་ལུགས་ལ་སངས་རྒྱས་པ་རེད་ཅེས་པ་འདི་ནི་། ཐམས་ཅད་བདེན་མ་རེད། གྲུབ་པ་ཐོབ་དུས་ས་ལམ་མཐོར་བོར་གཤེགས་པ་ཙམ་ལས། སངས་རྒྱས་པའི་ངེས་པ་མེད་པ་འདྲ། འདི་ནི་དད་ལོག་སྐྱེས་ནས་བྲིས་པ་མིན་པར། དད་པ་དོན་དང་ལྡན་ལ། དད་པ་བརྟན་པོ་འོངས་ཕྱིར་བྲིས་པ་ལགས། དགག་བཞག་ལ་དགའ་བསུ་ཡོད་དོ།། །།

  16. གསེར་ས་ལེ་སྦྲམ། says:
    2014-06-14 at 4:10 pm

    ང་ཚོ་བོད་ལའང་གྲུབ་ཐོབ་ཡིན་ཟེར་མཁན་དང་། སྔགས་པ་ཡིན་ཟེར་མཁན་མང་བོ་ཞིག་བྱུང་ཡོད། དེ་དག་གི་ནང་ནས་གྲགས་ཆེ་ཤེས་ར་ལོ་ཙ་བ་དང་། འབྲུག་པ་ཀུན་ལེགས་གཉིས་ཡིན། ར་ལོ་ཙ་བས་ས་ཐོབ་བྱང་ཆུབ་སེམས་དཔའ་བརྒྱ་དང་བརྒྱད་བཀྲོངས་པ་རེད་ལ། སྲས་དར་མ་མདོ་སྡེ་ཡང་ར་ལོ་ཙ་བས་མཐུ་སྔགས་བཏང་ནས་བཀྲོངས་པ་ཡོངས་གྲགས་ཡིན། འབྲུག་པ་ཀུན་ལེགས་ཀྱིས་བུད་མེད་བརྒྱ་ཕྲག་ལྷག་ལ་འཁྲིག་སྤྱོད་བསྟེན་མྱོང་ཡོད་པ་དང་། ཐ་ན་རང་གི་ཨ་མ་ལ་ཡང་སྤྱད་པའི་ལོ་རྒྱུས་ཡོད། ད་ལྟ་འབྲུག་ཡུལ་ན་ཕོ་མཚན་ལ་མཆོད་འབུལ་བྱེད་པའི་གོམས་སྲོལ་ཞིག་ཡོད་པ་དེའང་ཁུངས་འབྲུག་པ་ལེགས་ལ་གཏུགས་ཀྱི་ཡོད་པ་འདྲ། གསལ་བོ་ཞིག་མ་ཤེས། འདི་དག་ནི་གྲུབ་པ་མཐོན་པོར་གཤེགས་པའི་སྐྱེས་ཆེན་དག་གི་མཛད་སྤྱོད་ཡིན་པ་ལས། སོ་སྐྱེས་ཚུར་མཐོང་དག་གིས་དཔྱད་བཟོད་པ་ཞིག་གཏན་ནས་མིན། ཡིན་ནའང་། གསང་སྔགས་ཁ་ལ་ཁྱེར་ཏེ་ངན་པ་རྒྱ་ཡན་དུ་སོང་བའང་མང་དག་ཅིག་བྱུང་ཡོད་ཚོད་འདུག་པས། ལྷ་ཡོད་ས་རུ་བདུད་ཀྱང་ཡོད་པ་ཆོས་ཉིད་ཅིག་ཡིན་པ་འདྲ།

  17. ཀརྡོ་གཉེར་ཕྱག་པ་ says:
    2014-06-14 at 5:45 pm

    ར་ལོ་ཙ་པ་ལག་དམར་ཡིན་པ་དང་། འབྲུག་པ་ཀུན་ལེགས་འཆལ་པོ་ཡིན་པ་ར་འཕྲོད་པ་ཡིན་ནམ། ལགས།

  18. ཚེ་རིང་དོན་འགྲུབ། says:
    2014-06-14 at 9:28 pm

    ར་ལོ་ཙ་པ་ལག་དམར་ཡིན་པ་དང་། འབྲུག་པ་ཀུན་ལེགས་འཆལ་པོ་ཡིན་པ་ར་འཕྲོད་པ་ཡིན་ནམ།

  19. གསེར་ས་ལེ་སྦྲམ། says:
    2014-06-14 at 11:11 pm

    ག་བ་ག་བ། འདོད་ཆགས་ལམ་འཁྱེར་དང་ཞེ་སྡང་འཁྱེར་ལྟ་བུས་མཚོན་གསང་སྔགས་གྲུབ་ཐོབ་མཁན་གྱི་མཛད་སྤྱོད་བསམ་གྱིས་མི་ཁྱབ་པ་དག་ནི་ཐ་མལ་ཚུར་མཐོང་གི་བློ་ཡིས་དཔྱད་བཟོད་པ་ཞིག་མིན་ཞེས་ཁོ་བོས་གོང་དུ་བཤད་ཟིན་པ་དེ་ཡིན། དེ་ལའང་གྲུབ་ཐོབ་ཆེ་འབྲིང་ཆུང་གསུམ་དུ་དབྱེར་ཡོད། ཡིན་ནའང་། འཇིག་རྟེན་ཐུན་མོང་སྣང་ངོ་དང་། ལྷག་པར་དུ་དེང་གི་འགྲོ་བ་མིའི་སྤྱི་ཚོགས་སུ་འདིའི་རིགས་ར་སྤྲོད་བྱེད་རྒྱུ་ནི། རོ་མངར་མོ་དང་སྐྱུར་མོའི་བྲོ་བ་མྱོང་མ་མྱོང་མཁན་ཞིག་ལ། མངར་མོ་དང་སྐྱུར་མོ་ཟེར་བ་འདི་འདྲ་ཞིག་ཡིན་ཞེས་འགྲེལ་བཤད་བྱས་པ་དང་གཅིག་མཚུངས་ཡིན་པས། གོ་བརྡ་འཕྲོད་རྒྱུ་ནི་ཆེས་དཀའ་ཚེགས་ཆེ་བའི་ལས་ཤིག་ཏུ་སེམས།

  20. ཀརྡོ་གཉེར་ཕྱག་པ་ says:
    2014-06-15 at 3:36 am

    ར་ལོ་རྡོ་རྗེས་ཕྲག་དོག་གིས། །
    དར་མ་མདོ་སྡེ་བཀྲོང་པར་གྲག །
    ར་ལོས་མཐུ་ལས་གྲོངས་མིན་གང་། །
    དར་མདོས་གྲོང་འཇུག་སྤེལ་མ་ཐུབ། །

  21. ཀརྡོ་གཉེར་ཕྱག་པ་ says:
    2014-06-15 at 3:39 am

    དུག་གིས་བཀྲོངས་དང་མཚོན་གྱིས་བཀྲོངས། །
    སྔགས་ཀྱིས་བཀྲོངས་སོགས་སྲོག་གཅོད་ལས། །
    སུ་ཡིས་བྱས་ཀྱང་སྡིག་ལས་ལས། །
    ལྷག་ཅིག་ཡོད་མདོག་གཡོ་སྒྱུ་ཙམ། །

  22. ཀརྡོ་གཉེར་ཕྱག་པ་ says:
    2014-06-15 at 5:36 am

    རྗེ་མི་ལ་རས་པའི་ཞལ་ཆེམས།

    བླ་མ་ཡི་དམ་མཁའ་འགྲོ་གསུམ། །
    གཅིག་ཏུ་དྲིལ་ལ་གསོལ་བ་ཐོབ། །

    ལྟ་བ་སྒོམ་པ་སྤྱོད་པ་གསུམ། །
    གཅིག་ཏུ་དྲིལ་ལ་ཉམས་སུ་ལོངས། །

    ཚེ་འདི་དང་ཕྱི་མ་བར་དོ་གསུམ། །
    གཅིག་ཏུ་དྲིལ་ལ་འདྲིས་སུ་ཆུག །

    དེ་གདམས་ངག་ཀུན་གྱི་ཐ་མ་ཡིན། །
    ཁ་ཆེམས་ཀུན་གྱི་མཇུག་མ་ཡིན། །

    དོན་དེ་ལས་མེད་དོ་རས་ཆུང་པ། །
    དེ་ཉམས་སུ་ལོངས་ཤིག་ཕ་ཡི་བུ། །

    རས་ཆུང་རྡོར་གྲགས་ལ།

  23. ཀློང་ཆུང་ says:
    2014-06-15 at 8:24 am

    མཐུ་ལ་ངོ་མ་ནུས་པ་ཡོད་དམ། བོད་པས་རྒྱ་ནག་ལ་མཐུ་རྒྱག་མཁན་བྱུང་ཡོད་དམ།

  24. གསེར་ས་ལེ་སྦྲམ། says:
    2014-06-15 at 10:06 am

    མཐུ་ལ་ནུས་པ་ཡོད་པ་དོན་དངོས་རེད། ཡིད་ཆེས་ཀྱི་གནས་སུ་འཛིན་རིགས། ཡིན་ཡང་། སྔགས་ཀྱི་ནུས་མཐུ་གྲུབ་པའི་གང་ཟག་ཅིག་ཡོད་མེད་རང་གཞན་ཚང་མར་དོགས་པའི་གནས་རེད།

  25. ཀརྡོ་གཉེར་ཕྱག་པ་ says:
    2014-06-16 at 1:19 am

    མཐུ་གཏད་རྦད་གཏོང་ཟེར་བ་དེ། ནང་ཚོས་ཁས་བྔས་མཁན། དད་ཡོད་ནང་ཁུལ་ལ། གནོད་ཐུབ་པ་མ་གཏོགས་ཆོས་མེད། དད་མེད། དོགས་པ་མེད་མཁན་ལ། གནོད་མི་ཐུབ་པའི་རིགས་ཅིག་ཡིན་པ་འདྲ། ད་དུང་དཔྱད་པར་འཚལ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme