Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕན་དུ་རེ་བའི་བསླབ་བྱ།

Posted on 2014-10-312014-10-31 By ཁ་བརྡ་ No Comments on ཕན་དུ་རེ་བའི་བསླབ་བྱ།

སྐྱོ་བྲག་དགའ་དབང་།

 

མཁྱེན་བརྩེ་ནུས་པའི་ཡོན་ཏན་གྱིས།།
རིས་མེད་འགྲོ་བའི་ཚོགས་རྣམས་ལ།།
བདེ་ནས་བདེ་བའི་ལམ་སྟོན་པ།།
དོན་ཀུན་གྲུབ་ལ་ཕྱག་འཚལ་ལོ།།

གྲོགས་པོ་ལགས། འགྲོ་བ་མིའི་ལུས་རྟེན་བཟང་ངན་གང་ཡིན་ནའང་འདྲ། རང་རང་སོ་སོའི་འཚོ་ཐབས་ལ་འབད་ཀྱིན་ཡོད་པ་ནི་མངོན་གསལ་དོད་པོ་རེད། ང་ཚོས་ཀྱང་རང་ཉིད་འཚོ་ཐབས་དམིགས་འདུན་གཙོ་བོར་བཟུང་དགོས་ཀྱི་ཡོད། ཕྱི་ཡུལ་ནུབ་ཕྱོགས་སུ་བསྐྱོད་པའང་རང་ཉིད་འཚོ་ཐབས་ཀྱི་ཆེད་དུ་ཡིན་པ་ནི་རང་སེམས་སུ་གསལ་བ་དེ་ཀ་ལགས།

ད་ནི་ཆ་རྒྱུས་མེད་པའི་གཞན་ཡུལ་དུ་བསླེབས་ཏེ་མི་ཚེ་སྐྱེལ་བ་ན་རང་མགོ་རང་ཐོན་ལས་སྐྱབས་ཀྱི་ཕ་དང། མགོན་གྱི་མ་གང་ཡང་མེད་ནས་རང་བསམ་གཏོང་ཤེས་དགོས་ཀྱི་ཡོད་ཕྱིར། རྒྱུན་གཏན་བསམ་སྤྱོད་གང་ཞིག་དགོས་པའི་སྐོར་ལ་ཚིག་ཁ་ཤས་ཞུས་ན་བསམ་པ་ཡིན། འོན་ཏེ་འདི་དག་ནི་ང་ཤར་ཕྱོགས་སུ་ཡོད་པའི་མི་ཞིག་ཁང་པ་ཆུང་ངུ་ཞིག་གི་ནང་དུ་འཛུལ་བསྡད་པ་ན་བྱ་བ་འདི་རིགས་སྤོང་ལེན་བྱས་ན་བཟང་བར་སྙམ་པ་ཙམ་ཡིན་ཕྱིར། ཕྱི་ཡུལ་ནུབ་ཕྱོགས་པའི་སྤྱི་ཚོགས་ཀྱི་གནས་དུས་དང་མཐུན་པ་ཡིན་ངེས་མེད་པས་ན་ལག་ལེན་དུ་བསྟར་ཐུབ་པ་དགོས་རབས་བཤད་ཀྱི་མེད། ཕན་པ་ཡོད་མེད་དཔྱད་དེ་སྤོང་ལེན་ཤེས་པ་མཛོད།

unnamed

གྲོགས་པོ་ལགས། ཞུ་བར་འདོད་པའི་བསླབ་བྱ་དག་ནི་གོ་སྟབས་དང་བློ་འཛིན་བདེ་བས་ན་ཚིག་ཐོ་ཞིག་རྩ་བར་བཞག་སྟེ་འགྲེལ་བཤད་ཀྱིས་གསལ་པོར་བྱེད་ཀྱི་ཡིན།
རྒྱུན་ཤེས། རྒྱུན་གཏན་གྱི་ཤེས་བྱ་གལ་པོ་ཆེ་ནི། རང་གི་ལུས་སེམས་ཀྱི་བདེ་ཐང་རྩ་བར་བཞག །དྲང་བདེན་གྱིས་གཞུང་བསྲངས། ཤེས་ཡོན་གྱིས་ཁོག་ཕུབ། ལས་ཀར་ཤུགས་ཕྱུངས་ཏེ། མི་ཚེར་གྲུབ་འབྲས་ཡོད་པ་ཞིག་བྱེད་པ་དེ་ཡིན།

ལྟ་བ། ང་ཚོའི་ཤེས་རབ་ཀྱིས་ཚུར་རོལ་གྱི་གནས་ཚུལ་ཕྲན་བུ་ཙམ་ལས་ཅི་ཡང་ཤེས་ཀྱི་མེད་ཀྱང་། འཁོར་འདས་ཡོད་དོ་ཅོག་ཤེས་པའི་རློམ་སེམས་ལྟ་བུས། ཐམས་ཅད་མཁྱེན་པ་སངས་རྒྱས་ཚུན་གྱི་དམ་པའི་སྐྱེས་བུ་ཐམས་ཅད་ནོར་བ་དང་འཁྲུལ་བར་མཐོང་ནས། རང་གི་ཉེར་མཁོ་ཕྲན་བུ་ལས་བསམ་མནོ་ཅི་ཡང་གཏོང་མི་ཤེས་པའི་ཅོལ་ཆུང་དགེ་མེད་སྡིག་མེད་ཀྱི་ལྟ་ངན་ཅན་ལ་མིང་རྟོག་སད་པ་བཏགས་པ་གང་མང་ཞིག་དིང་གི་དུས་ན་བོད་པའི་སྤྱི་ཚོགས་ནང་ཡོང་གི་འདུག་པ་ཚོའི་ཁ་ཕྱོགས་ཀྱི་རྗེས་སུ་ཅལ་འདྲོགས་ནམ་ཡང་མ་བྱེད། དེས་རང་ཉིད་ཀྱི་འདི་ཕྱི་ཕུང་དུ་སྦྱོར་བ་ལས་གཞན་པའི་ཕན་གནོད་ཅི་ཡང་མེད་པ་ཁོ་ཚོའི་གནས་བབས་ཀྱིས་ཤེས་ཀྱི་གདའ། སྐྱེ་བ་སྔ་ཕྱི་དང་ལས་རྒྱུ་འབྲས་སོགས་ནི་ང་ཚོས་མེད་བསམ་པ་ཙམ་གྱིས་མེད་འགྲོ་བ་ཞིག་མིན་པར་ཆོས་ཉིད་ཀྱི་གནས་ཚུལ་སངས་རྒྱས་ཀྱིས་འགྲོ་ལ་བསྟན་པ་ཙམ་ཡིན་ཕྱིར། ཡང་དག་གི་ལྟ་བ་སྙིང་པོར་བཟུང་བ་ནི་བདག་གི་ལེགས་ཚོགས་ཀྱི་གཞི་མ་སྟེ། ཆེད་དུ་བརྗོད་པའི་ཚོམས་ལས། འཇིག་རྟེན་པ་ཡི་ཡང་དག་ལྟ། །ཆེན་པོ་སུ་ལ་ཡོད་གྱུར་པ། །དེ་ནི་ཚེ་རབས་སྟོང་དུ་ཡང་། །ངན་འགྲོར་འགྲོ་བར་མི་འགྱུར་རོ། །ཞེས་སོ། །

གུ་ཡངས། འགྲོ་བ་རྣམས་བདེ་བ་འདོད་ལ་སྡུག་བསྔལ་མི་འདོད་པ་མཉམ་ཡང་། སྣང་ཚུལ་དང་མོས་པ་དང་གོམས་གཤིས་སོགས་མི་འདྲ་བའི་དབང་གིས་གནས་ཚུལ་བཟང་ངན་གྱི་མཐོང་ཐོས་མཐའ་ཡས་པ་ཞིག་ཡོང་བ་འཇིག་རྟེན་གྱི་ཆོས་ཉིད་ཡིན་ཅིང་། སྤྱོད་འཇུག་ལས། ཉེས་པ་ཇི་སྙེད་ཐམས་ཅད་དང་། །སྡིག་པ་རྣམ་པ་སྣ་ཚོགས་པ། །དེ་ཀུན་རྐྱེན་གྱི་སྟོབས་ལས་བྱུང་། །རང་དབང་ཡོད་པ་མ་ཡིན་ནོ། །ཞེས་པས་རང་ལའང་རྒྱུ་རྐྱེན་སྣ་ཚོགས་པས་ལེགས་ཉེས་ཀྱི་གནས་ཚུལ་འདི་འབྱུང་དང་འདི་མི་འབྱུང་གི་ངེས་པ་མེད་ལ། ཐམས་ཅད་རང་གི་འདོད་པའི་ཕྱོགས་སུ་སྒྱུར་དུ་ནི་མི་བཏུབ་པ་ཡིན་ཕྱིར། གང་ལའང་དགའ་སྡང་མེད་པ་རྨི་ལམ་གྱི་སྣ་བ་ལྟ་བུས་བཟང་ངན་གྱི་མཐོང་ཐོས་དང་ལེགས་ཉེས་ཀྱི་གནས་ཚུལ་ག་རེ་ཡིན་ནའང་ཤོང་ཐུབ་པའི་ཁོག་རྒྱ་ཡངས་ཙམ་བྱས་ན་ལུས་སེམས་ཀྱི་དཀའ་ངལ་མང་པོ་ཞིག་མི་འབྱུང་བའི་ཕན་ཐོགས་ཡོད་པ་རེད།

འགན་ཁུར། རང་གི་སློབ་དཔོན་དང་རང་གི་ཁྲིམས་པ་ཆ་ཚང་རང་ཉིད་བགྱིས་པས་རང་གི་ལེགས་སྤེལ་ཉེས་འགོག་རང་གིས་བྱ་བ་སྟེ། མདོ་ལས། བདག་ཉིད་བདག་གི་མགོན་ཡིན་ཏེ། །བདག་ཉིད་བདག་གི་དགྲ་ཡང་ཡིན། །ལེགས་དང་ངན་པ་བྱས་པ་ལ། །བདག་ཉིད་བདག་གི་དཔང་པོ་ཡིན། །ཞེས་གསུང་ཡོད། ས་མཐར་འཁྱམས་པའི་དམིགས་ཡུལ་གཞན་ཞིག་ནི་རང་གི་ཕ་མ་སྤུན་མཆེད་སོགས་ལ་རྒྱུ་འབྱོར་གྱིས་ཕན་པ་སྒྲུབ་ཆེད་ཡིན་ཕྱིར་དམིགས་ཡུལ་འགྲུབ་པའི་འགན་ཀྱང་ཡོད་པ་ཡིན།

སློབ་སྦྱོང་། སྨྲ་ཤེས་ཤིང་དོན་གོ་བ་ནི་མིའི་ཁྱད་ཆོས་གཙོ་བོ་ཡིན་ཕྱིར་སྐད་རིགས་ཤེས་གལ་ཆེ་བ་ལས། རང་ཉིད་བོད་པ་ཡིན་པའི་ངོས་ནས་བོད་ཀྱི་སྐད་ཡིག་ནམ་ཡང་བརྗེད་དུ་མི་རུང་ལ། ཡུལ་གཞན་ནས་གཞན་དུ་འགྲོ་བསྐྱོད་བྱེད་པ་ལ་གལ་ཆེ་བ་དབྱིན་ཇིའི་སྐད་ཡིག་དང་། རང་གི་མི་ཚེའི་ལྷག་མ་སྐྱེལ་ཡུལ་གྱི་སྐད་ཡིག་དག་ལ་ཅི་ནུས་སུ་སྦྱོང་དགོས། ཡུལ་སྐད་སོ་སོའི་སྒྲ་རིག་པ་དང་སྙན་ངག་གང་འཚམ་ཤེས་པ་ན་ཡུལ་མི་དེའི་སྨྲ་ཤེས་དོན་གོ་ཆགས་པ་ཡིན། གཞན་ལས་ཀ་འཐོབ་བྱེད་ཀྱི་ཤེས་ཡོན་ཡུལ་དུས་ཀྱི་གནས་སྟངས་དང་རང་གི་ནུས་ཚོད་སྦྱར་བ་འགའ་ཤས་ཤིག་ལས་ཤེས་བྱ་ཡོད་ཚད་ཤེས་ཐབས་མེད་པས་ན་གདམ་ང་མ་ནོར་བ་བགྱིས་ཏེ་སྦྱོང་དགོས་པའི་ཚུལ། ཇོ་བོ་རྗེས། ཚེ་ནི་ཡུན་ཐུང་ཤེས་བྱའི་རྣམ་པ་མང༌། །ཚེ་ཡི་ཚད་ཀྱང་འདི་ཙམ་མི་ཤེས་པས། །ངང་པས་ཆུ་ལས་འོ་མ་ལེན་པ་ལྟར། །འདོད་པའི་དངོས་པོ་དང་པོར་བླང་བར་བྱ། །ཞེས་གསུང་ཡོད།

ཟས་གོས། ང་ཚོ་འཚོ་གནས་ཡོང་བ་ལ་མེད་དུ་མི་རུང་བ་ནི་ཟས་གོས་ཡིན་ཕྱིར། རང་གི་ཟས་གོས་ཀྱི་ཆེད་དུ་ལྷོད་གཡེང་ནམ་དུའང་བྱེད་མི་རུང་། འོན་ཏེ་ནོམ་ཆེན་དང་གྲངས་མང་གི་འདོད་ཆེན་མ་བྱེད། ཟས་གོས་ནི་འཚོ་ཆས་ཡིན་ཕྱིར་རང་ཉིད་ཀྱི་འཚོ་ཕན་ཙམ་བྱུང་ན་འགྲིག་པ་རེད། ཟས་གོས་ཀྱི་འགྲོ་སོང་ཐེ་བ་དག་དབུ་མ་འཇུག་པ་ལས། སྐྱེ་བོ་འདི་ཀུན་བདེ་བ་མངོན་འདོད་ཅིང༌། །མི་རྣམས་བདེ་བའང་ལོངས་སྤྱོད་མེད་མིན་ལ། །ལོངས་སྤྱོད་ཀྱང་ནི་སྦྱིན་ལས་འབྱུང་མཁྱེན་ནས། །ཐུབ་པས་དང་པོར་སྦྱིན་པའི་གཏམ་མཛད་དོ། །ཞེས་པ་ཡར་མཆོད་མར་སྦྱིན་གྱི་ཆེད་དུ་ཐོངས་དང་འདི་བདེ་ཕྱི་སྐྱིད་ཟེར་བ་དེ་ཡོང་གི་རེད།

ཁང་པ། རང་ཉིད་ཁ་ཐབས་སྐྱོ་བོའི་གནས་བབས་ཐོག་ལུས་མེད་པའི་ཕྱིར་ན་རང་ལ་སྡོད་ཁང་ཞིག་ངེས་པར་དགོས་ཀྱི་ཡོད། ཁང་པ་ལ་ཟླ་རེ་བཞིན་གླ་ཆ་སྤྲོད་པའི་ཁང་གླ་དང་། ཟླ་རེ་བཞིན་ཁང་རིན་སྤྲོད་པའི་ཉོས་ཁང་གཉིས་ཀར་སྒོར་མོ་རིམ་སྤྲོད་དགོས་པ་ནི་གཅིག་པ་ཡིན་པས། རང་དང་ཡུལ་དུས་ཀྱི་གནས་བབས་ལ་དཔགས་པའི་ཁང་པ་འོས་མཚམས་ཤིག་ཉོ་སྒྲུབ་ཀྱི་ལས་སུ་ཐོག་མ་ནས་ཞུགས་ན་མ་འོངས་པར་ཁེ་ཕན་ཆེ་བ་ཡིན།

མཛའ་གྲོགས། འགྲོ་བ་མིའི་སེམས་ཁམས་ལ་དགའ་འདྲིས་ཀྱི་གྲོགས་པོ་ཡོད་དགོས་ཤིང་། རང་ཉིད་ཁེར་རྐྱང་གི་འཚོ་བར་རོལ་བ་ནི་མི་སྐྱིད་པའི་གནས་བབས་ལྟ་བུ་ཡིན་ནའང་། གང་ཟག་སོ་སོའི་སེམས་ཁམས་དང་གནས་ཚུལ་གྱི་དབང་གིས། སྤྱོད་འཇུག་ལས། སྐད་ཅིག་གཅིག་གིས་མཛའ་འགྱུར་ལ། །ཡུད་ཙམ་གྱིས་ནི་དགྲར་ཡང་འགྱུར། །ཞེས་པ་བཞིན་སྐད་ཅིག་གིས་དགྲ་གྲོགས་སུ་འགྱུར་བ་ཟློས་གར་འཁྲབ་པ་འདྲ་བ་ལས་བཟང་མཐའ་འཁྱོལ་བ་ཆེས་དཀའ་ཞིང་། དིང་གི་དུས་ན་རོགས་པས་མི་ཚེ་ཕུང་ལ་སྦྱོར་བ་ཆེས་མང་བས་ན་མཛའ་གྲོགས་ལ་དྭང་འདོད་དང་དགའ་ཞེན་ཆེ་མ་དྲགས། ལྷག་ཏུ་ཕོ་མོའི་འབྲེལ་བ་ཐད་གཟབ་གཟབ་ངེས་པར་དུ་གནང་དགོས་པ་ཡིན།
འཇུ་མི་ཕམ་པས། གང་ཞིག་བལྟ་བར་འདོད་ལས་སྨྲ་བར་འདོད། །སྨྲས་ཤིང་སྨྲས་ནས་རེག་པའི་དུག་གིས་འཆིངས། །ཡུན་ཙམ་གློག་ལྟར་འགྱུར་གྱི་བདེ་བ་ལས། །འབུམ་ཕྲག་འགྱུར་གྱི་སྡུག་བསྔལ་རྗེས་སུ་ལྡང་། །ཞེས་གསུངས་པ་ལྟར། ཆེས་ཡ་ང་བའི་ནད་ངན་བཅོས་ཐབས་བྲལ་བ་མང་པོ་ཞིག་ལུས་འབྲེལ་གྱི་བརྒྱུད་ནས་ཡོང་གི་ཡོད་ལ། དིང་གི་ཁྱོ་ཤུག་ནི་ལུས་འབྲེལ་ཙམ་གྱི་ཆེད་ལས་གནའ་བོའི་སྐྱིད་སྡུག་མཉམ་མྱོང་གི་བཟའ་ཚང་ལྟ་བུ་ནི་མིན་པས་འཚོལ་དགོས་དོན་ཅང་མེད། ལུས་འབྲེལ་ཡང་འགྲོ་བ་མིའི་རིགས་རྒྱུད་སྤེལ་བའི་ཆ་རྐྱེན་སྐྱེ་དངོས་ཀྱི་གྲུབ་ཚུལ་ཙམ་ཞིག་ལས། མིའི་འགྲོ་བ་འཚོ་གནས་བྱ་བར་ངེས་པར་དུ་ཡོད་དགོས་པ་ཞིག་ནི་མིན་པ་ད་ལྟའི་རྒྱ་གར་གྱི་སྲིད་བློན་སོགས་ཆབ་སྲིད་མི་སྣ་གྲགས་ཅན་གྱི་ཕོ་མོ་གང་མང་ཞིག་གི་མི་ཚེ་མི་རྐྱང་ཡིན་པས་ཀྱང་ཤེས་ཀྱི་ཡོད།

འཕྲོད་བསྟེན། གཟུགས་པོ་འཚོ་གནས་ཡོང་བའི་ཟས་སྤྱོད་ལ་ཅི་ནུས་སུ་འབད་དགོས་ཤིང་། ཟས་སྤྱོད་ངན་པར་བསྟེན་པ་ནི་རང་དགྲ་རང་གཤེད་དུ་འགྱུར་བས། ལུས་སེམས་རྣལ་དུ་གནས་པའི་མི་བུ་ཞིག་ཡིན་ནས་བཟུང་རང་གི་དགྲ་གཤེད་རང་ཉིད་ནམ་ཡང་བྱེད་ཉེན་གྱི་མ་རེད། རང་གི་དོན་ལ་རང་འབད་ཀྱང་། །རང་གི་འདོད་པ་རང་ག་བས། །རང་གི་བདེ་ཐང་རང་བརླག་པ། །རང་གི་དགྲ་བོ་རང་གྱུར་ཏོ། །གཉིད་དང་ངལ་གསོ་ཡང་འུ་ཚོ་འཚོ་གནས་ལ་རང་བྱུང་གཤིས་ཀྱིས་གྲུབ་པའི་དགོས་པ་ཞིག་ཡིན་ཕྱིར། དུས་ཐོག་ཏུ་ཡོད་པ་ངེས་པར་དུ་བྱ་དགོས་ཀྱི་སྒོར་མོར་རྔམ་པའི་ལས་ཀ་སོགས་ལ་གཡེངས་དྲགས་ན་ལུས་སེམས་གཅོང་ཅན་དུ་འགྱུར་གྱིན་ཡོད། མདོར་ན་རང་ཕུང་གི་ཉེན་ཁ་མཐོང་བཞིན་ཟས་སྤྱོད་ངན་པར་འཇུག་པ་ནི་དོན་དུ་སྨྱོ་འདྲ་ཡིན་པ་ཤེས་པར་མཛོད།

ལས་ཀ། སྤྱི་སྒེར་གཉི་གའི་ཡར་རྒྱས་ནི་ལས་ཀ་ལ་ལྟོས་པས། ལས་ཀ་ཐབས་འཚོལ་བྱས་པར་ལྷག་བསམ་རྣམ་དག་གིས་ཧུར་བརྩོན་བྱ་དགོས། འོན་ཏེ་སྒོར་མོ་ལ་བརྔམས་ནས་ལས་ཀ་ཚོད་མེད་དང་ལས་ཀ་ཉེན་ཁ་ཅན་ནམ་ཡང་བྱ་མི་རུང། འུ་ཚོ་འཚོ་གནས་ཀྱི་ཆེད་དུ་སྒོར་མོ་དགོས་པ་ལས། སྒོར་མོའི་ཆེད་དུ་འུ་ཚོ་བློས་གཏོང་དགོས་པ་ཞིག་མ་རེད། ང་ཚོ་ནང་མི་ལའང་ཁྱོད་དགོས་པ་ཡིན་གྱི་ཁྱོད་མེད་པའི་སྒོར་མོའི་རེ་བ་ནི་ནམ་དུའང་བྱ་མི་སྲིད་པ་ཡིན།

གཞུང་ཁྲལ། རྒྱལ་ཁབ་གཞུང་གིས་མི་དམངས་ནས་གཞུང་ཁྲལ་བསྡུ་བ་ནི། གཞུང་འཛིན་སྐྱོང་ཐུབ་པ་དང་། རྒྱལ་ཁབ་ཡར་རྒྱས་གཏོང་བ། གཉོམ་ཆུང་ལ་རོགས་ཕན་ལྟ་བུ་གར་མཁོའི་ལྷན་པ་བྱ་ཆེད་ཡིན་ཕྱིར། ངེས་པར་དུ་ཁྲལ་བསྡུ་འཇལ་དགོས་ཀྱི་ཡོད་ལ། བདག་ཅག་ཐོག་མར་སྐྱབས་བཅོལ་དུ་སླེབ་པ་ན་སྐྱོབ་གསོ་གང་མང་གནང་སྦྱིན་བྱས་པའི་བུ་ལོན་ཀྱང་འཇལ་སྤྲོད་དགོས་པ་ཡིད་ལ་བཞག་ནས་རང་བབས་ཀྱི་ཁྲལ་ནས་གཡོལ་ཐབས་ནམ་ཡང་མ་བྱེད།

ཚོགས་པ། སྤྱིར་ཚོགས་པ་ནི་འཚོ་གནས་དང་སྟོབས་ཤུགས་ཀྱི་གོང་བུ་སྟེ་རྒྱལ་ཁབ་དང་དགེ་འདུན་འདུས་པའི་སྡེ་ཡང་དོན་ལ་ཚོགས་པ་རེད། སྤྱིའི་ཚོགས་པར་ནི་གནས་སྟངས་ལ་བརྟེན་ནས་རང་བཞིན་གྱིས་ཚུད་འགྲོ་ལ། སྒེར་གྱི་ཚོགས་པ་བཟང་པོས་ནི་རང་གཞན་ལ་ཕན་ཆེན་པོ་ཐོགས་པ་དང་། འབྲིང་པོ་ནི་ཡོད་མེད་ཀྱི་ཁྱད་པར་ཆེར་མེད་པ་དང་། ཐ་མས་ནི་རང་གཞན་ཚང་མ་ཕུང་ལ་སྦྱོར་བ་སྟེ་དྲག་སྤྱོད་པའི་ཚོགས་སྡེ་ཆེ་ཆུང་དག་གིས་འཛམ་གླིང་སྤྱི་ཡོངས་ལ་དཀའ་ངལ་སྤྲད་ཀྱིན་པ་འདི་ཚོས་ཤེས་ཀྱི་འདུག །དེས་ན་བདག་ཉིད་བདེ་བ་ལ་འདོད་ལ་སྡུག་བསྔལ་མི་འདོད་པའི་གང་ཟག་ཅིག་ཡིན་པའི་ཆ་ནས་ཚོགས་པ་ངན་པར་ནམ་ཡང་འཛུལ་དུ་མི་རུང་ལ་འཛུགས་ཀྱང་མི་རུང་། འབྲིང་པོ་ནི་ལས་ཀའི་ཁུར་པོ་ཙམ་ཡིན་ཕྱིར་མེད་ན་ལེགས། བཟང་པོར་འཛུལ་བ་དང་གསར་འཛུགས་ཐུབ་ན་ཡག་པོ་རེད། ཡིན་ནའང་། ཚོགས་པའི་ནང་དུ་སྡོད་མཁན་གྱི་མི་དེས་རབ་ན་གཞན་གྱི་འགོ་ཁྲིད་ཐུབ་དགོས་ལ། མིན་ན་གཞན་པའི་ལམ་སྟོན་འོག་ཤར་བསྐྱོད་ཐུབ་དགོས་ཀྱི། རང་གིས་མ་འཇོན། རོགས་ལ་མ་མགུ་ན་སྤྱི་དོན་འགྲུབ་ཐབས་མེད་པ་ཡིན། དོན་ཧྲིལ་གྱིས་དྲིལ་ན་ཚོགས་པར་འཛུལ་འཛུགས་བྱ་མིན་ནི་རང་གི་ཤེས་འཇོན་དང་དགོས་དམིགས་ལ་དཔགས་པ་ལས་བཟང་ངན་མཐའ་གཅིག་པ་ཞིག་མེད་པས། རང་གི་ཤེས་འཇོན་དང་དགོས་དམིགས་གཞི་ལ་བཞག་ནས་ཐག་གཅོད་ཤེས་པར་བྱ་དགོས།

རྒྱལ་ཁྲིམས། རྒྱལ་ཁབ་འཚོ་གནས་དང་རྒྱལ་འབངས་མཉམ་གནས་ཡོང་ཆེད་དུ་རྒྱལ་ཁྲིམས་གཏན་ལ་ཕབ་པ་ཡིན་ཕྱིར་མི་རེ་ངོ་རེ་ནས་སྲུང་བརྩི་བྱ་དགོས་ཀྱི་ཡོད་པས། ཁྱོད་ཀྱིས་ཀྱང་རྒྱལ་ཁྲིམས་ནི་རང་སྲུང་གི་ཐབས་ལམ་ཡག་ཤོས་ཡིན་པར་ཤེས་པས་དགའ་མོས་ཀྱིས་སྲུང་བརྩི་བྱ་དགོས་པ་ལས་རང་གཅུན་གྱི་གཉའ་གནོན་ཡིན་པའི་འདུ་ཤེས་ཀྱིས་གཡོལ་ཐབས་མ་བྱེད། ནམ་ཞིག་རྒྱལ་ཁྲིམས་སྲུང་བརྩི་མེད་པའི་གནས་སྐབས་ཤིག་ཤར་བ་ཡིན་ན། རྒྱལ་ཁབ་འཚོ་གནས་དང་རྒྱལ་འབངས་མཉམ་གནས་ཡོང་ཐུབ་ཀྱི་མ་རེད།

ཉམས་ལེན། འཕགས་མ་རྗེ་བཙུན་སྒྲོལ་མའི་ཉམས་ལེན་སོགས་ལ་ཞུགས་ན། ལུགས་ཀྱི་བསྟན་བཅོས་ལས། གང་ལ་ལྷ་ཡིས་མགོན་བྱས་པའི། །མི་དེ་གཅིག་པུར་གྱུར་ན་ཡང་། །སྟོང་ཕྲག་དུ་མའི་མི་དག་དང་། །ནུས་པ་ཀུན་ནས་མཉམ་པ་ཡིན། །ཞེས་པ་ལྟར། རྐྱེན་ངན་བར་ཆད་ཞི་ཞིང་། ལུས་སེམས་བདེ་དགར་གནས་པ་དང་། བྱ་བ་ལམ་འགྲོ་ཡོང་བ་ནི་གནའ་ནས་ད་བར་གྱི་གང་ཟག་མང་པོའི་ཉམས་མྱོང་ཡིན་ཕྱིར། སྔོན་མ་སློབ་སྦྱོང་བྱས་པའི་ཉམས་ལེན་དག་རྒྱུན་མ་ཆད་པ་གྱིས། ཆོས་ཉམས་སུ་བླངས་པའི་འབྲས་བུ་ནི་ནམ་ཡང་བསླུ་བ་མེད་པ་ཡིན། ཆོས་ཤེས་ཀྱང་ཉམས་སུ་མ་བླངས་ན་མི་ཕན་པ་ནི། སྤྱོད་འཇུག་ལས། ལུས་ཀྱིས་འདི་དག་སྤྱད་པར་བྱ། །ཚིག་ཙམ་བརྗོད་པས་ཅི་ཞིག་འགྲུབ། །སྨན་དཔྱད་བཀླགས་པ་ཙམ་གྱིས་ནི། །ནད་པ་དག་ལ་ཕན་འགྱུར་རམ། །ཞེས་སོ། །རང་ཉིད་འབྲེལ་འདྲིས་ཡོད་པའི་ཆོས་དང་བླ་མ་ཡང་དག་ལ་བསྟེན་གཏུག་བྱ་དགོས་ཀྱི་གོ་རིག་བྱུང་ཚད་ཀྱི་རྗེས་སུ་རྒྱུག་པ་ནི་ཅོལ་ཆུང་གི་བྱ་བ་ཐ་མ་ལམ་ལོག་པར་འཁྱར་བའི་གཡང་ས་ཡིན།

ཚོད་ཡོད། སྣང་བ་ལ་འཛད་མཐའ་མེད་ཅིང་། དགོས་པ་ལ་གྲུབ་དུས་མེད་པས། བསམ་སྤྱོད་གང་ཞིག་ཡིན་ནའང་རང་ཚོད་ཟིན་པ་གལ་ཆེ་བ་སྟེ། ཟས་གོས་ཉེར་སྤྱོད་ལྟ་བུ་ཡིན་ནའང་བཟང་ངན་གྱི་མཐའ་ལ་མ་ལྷུང་བ་ཞིག་དགོས་ཀྱི་ཡོད། གལ་ཏེ་སྟོང་བསམ་དང་འདོད་ཆེན་གྱི་དབང་གིས་བསམ་སྤྱོད་ཐལ་ཆ་ཆེ་བར་སོང་ན་དོན་མེད་ཀྱི་དཀའ་ཚེགས་མང་པོ་ཞིག་རང་ཐོག་ཏུ་ལྷུང་ཡོང་གི་རེད།

གྲོགས་པོ་ལགས། གཞན་ལ་ལམ་སྟོན་བྱ་བ་ན་རང་ལ་ངེས་པར་དུ་ཡོད་དགོས་པ་ནི་མཁྱེན་བརྩེ་གཉིས་ཡིན། བརྩེ་བའི་ཆ་ནས་འུ་གཉིས་ཁྱིམ་ཚང་གཅིག་གི་བུ་ཕྲུག་ཡིན་ཅིང་ཕན་ཚུན་དགའ་ཞེན་ཆེ་བས་ངས་ཁྱོད་ལ་ཚད་དུ་ལོངས་པ་ཞིག་ཡོད་ངེས་ནའང་། མཁྱེན་པའི་ཆ་ནས་ང་ཡི་མི་ཚེ་འདིར་ཆོས་དང་འཇིག་རྟེན་གྱི་ཤེས་བྱ་མཐའ་ཆོད་པ་གཅིག་ཀྱང་མེད་ཕྱིར་ངའི་ཤེས་རབ་ཀྱི་མིག་བུ་ནི་ཤིན་ཏུ་ཕྲ་བས་ན། ངས་གྱིས་ལབ་སོང་བས། ད་ངེས་པར་དུ་བྱ་དགོས་ཀྱི་རེད། སྙམ་པའི་ལྐུགས་པ་ཨུ་ཚུགས་མ་བྱེད། བདག་ཅག་གི་སྟོན་པ་ཤཱཀྱའི་དབང་པོས་ཀྱང་། སྟོབས་པོ་ཆེའི་རྒྱུད་ལས། བསྲེགས་བཅད་བདར་བའི་གསེར་བཞིན་དུ། །ཡོངས་སུ་བརྟགས་ནས་ང་ཡི་བཀའ། །བླང་བར་བྱ་ཡི་མོས་པ་འམ། །གཞན་གྱིས་མཁས་པ་འཇུག་མི་བྱ། །ཞེས་གསུང་ཡོད། དེས་ན་ནམ་རྒྱུན་སྔོན་གྱི་མཁས་པ་རྣམས་ཀྱིས་བརྩམས་པའི་ལེགས་བཤད་དག་ལ་བལྟ་རྟོག་གིས་རང་གི་ཤེས་འཇོན་དང་ཡུལ་དུས་གནས་སྐབས་ལ་དཔགས་པའི་སྤང་བླང་ཤེས་པར་བྱ་དགོས་པ་ཡིན་ནོ། །

སྨོན་པ། དཀར་ཕྱོགས་སྐྱོང་བའི་ལྷ་ཡིས་མགོན་བྱས་ཏེ། །ལུས་སེམས་བདེ་ལ་བསམ་སྤྱོད་བཟང་བ་ཡིས། །རང་དང་གཞན་ལ་ཕན་པའི་བྱ་བ་དག །གེགས་མེད་ཡིད་བཞིན་འགྲུབ་པའི་བཀྲ་ཤིས་ཤོག །ཅེས་པ་ཤར་གླིང་གི་རི་བོ་གྲགས་ཅན་ཧི་ལ་མ་ཡའི་རི་སུལ་ཉུལ་བའི་རྒྱལ་ཁམས་པ་སྐྱོ་བྲག་དགའ་དབང་གིས། ནུབ་གླིང་འབྱོར་ལྡན་རྒྱལ་ཁབ་ཏུ་གྱར་བའི་གཅུང་པོ་ཀརྨ་ལྷུན་གྲུབ་ལ་ཕུལ་བ་སྟེ་སརྦ་མངྒ་ལཾ།

སྣ་ཚོགས།

Post navigation

Previous Post: ང་ཚོའི་བོད་ཀྱི་ལོ་རྒྱུས།
Next Post: ༧གོང་ས་མཆོག་གིས་ཨ་རིའི་སྦོ་སི་ཊོན་དུ་བཀའ་ཆོས་གནང་བ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme