Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་རྗེ་བཙུན་གཡག་རྭས་བུ་རྗེ་བཙུན་མཆོག་རབ་ལ་སྤྲིངས་པའི་འཕྲིན།

Posted on 2014-10-112014-10-11 By ཁ་བརྡ་ 8 Comments on ཕ་རྗེ་བཙུན་གཡག་རྭས་བུ་རྗེ་བཙུན་མཆོག་རབ་ལ་སྤྲིངས་པའི་འཕྲིན།

རྗེ་བཙུན་གཡག་རྭ། ༼ཨོ་སི་ཁྲི་ལི་ཡ།༽

unnamed༡༽ རྗེ་བཙུན་བླ་མ་མཆོག་གསུམ་སྣང་བའི་དཔལ།།
བསྟན་འཛིན་རྒྱ་མཚོའི་སྡེ་ལ་ཕྱག་འཚལ་ལོ།།
མཆོག་རབ་མིང་གིས་མཛེས་པའི་སྙིང་གི་བུ།།
ཨ་ཕའི་སེམས་ཀྱི་སྙིང་གཏམ་འདི་ལ་ཉོན།།

༢༽ ཁྱོད་ཀྱི་ཨ་མ་རྗེ་བཙུན་དཔལ་སྒྲོན་དང་།།
ཨ་ཕ་ང་ནི་རྗེ་བཙུན་གཡག་རྭ་ཡིན།།
བུ་ཆུང་ཁྱོད་ནི་རྗེ་བཙུན་མཆོག་རབ་རེད།།
ཁྱི་ཆུང་མིང་ལ་རྗེ་བཙུན་ཆེབ་ཧྥུར་འབོད།།

༣༽ ཨ་ཕ་མིང་འདིར་དགའ་བས་འདི་ལྟར་བཏགས།།
བཏགས་དོན་དོན་ལ་གནས་པ་མ་ཡིན་ཡང་།།
ཁྱི་ལ་སེངྒེ་འབོད་པ་མང་ཞིག་མཐོང་།།
མི་འགར་སངས་རྒྱས་ཟེར་བ་དེ་བས་མང་།།

༤༽ བསྐོས་པའི་ལས་ལས་ཐར་བར་དཀའ་བ་བཞིན།།
འདི་ལྟར་ང་དང་ཁྱོད་ཀྱི་ཨ་མ་ཟུང་།།
ཁྱོད་ཀྱི་ཕ་མར་གྱུར་པའི་ཉིན་མོ་ནས།།
ཁྱོད་ལ་བརྩེ་བའི་སེམས་པ་མེ་རུ་འབར།།

༥༽ ཉིན་ཞག་ལོ་ཟླའི་ཁུགས་སོ་རེ་རེ་ནས།།
བུ་ཁྱོད་འཚར་ཞིང་གཉོམ་ལག་ཇེ་རྒྱས་རེད།།
ཚང་མལ་ནང་གི་བྱེའུ་ཕྲུག་ཆུང་ཆུང་ཁྱོད།།
མུ་མེད་ནམ་མཁའི་དབྱིངས་སུ་ནམ་ཞིག་འཕུར།།

༦༽ སེམས་ཀྱི་ནང་ནས་གཅེས་པའི་བརྩེ་བའི་བུ།།
ཨ་ཕས་ཁྱོད་ལ་བཀའ་དྲིན་ལན་མང་ཞུ།།
ཨ་ཕ་ཨ་ཕར་གྱུར་པའི་ཉིན་མོ་ནས།།
ཨ་ཕས་ཕ་མའི་བཀའ་དྲིན་རྗེན་པར་ཤེས།།

༧༽ ཨ་ཕའི་ཨ་ཕ་དེ་ཡང་ཨ་ཕའི་ཆེད།།
ལུས་སེམས་ངལ་བས་བསགས་པའི་ཟས་ནོར་གྱིས།།
ཨ་ཕ་འདི་ལྟར་གཉོར་སྐྱོང་བྱས་པ་ཡི།།
འདས་སོང་ལོ་ངོ་མང་པོའི་དཀའ་ཁག་རྟོགས།།

༨༽ ཨ་ཕའི་ཨ་མ་མོ་ཡང་ཨ་ཕའི་ཆེད།།
ཉིན་མཚན་ངལ་དུབ་མྱོང་བས་མནར་བཞིན་དུ།།
ཡོད་ཚད་བུ་ལ་བྱིན་ཞིང་བྱམས་བརྩེ་ཡིས།།
རང་ལས་གཅེས་པར་བསྐྱངས་པའི་ལོ་ཟླ་མཐོང་།།

༩༽ འདི་ན་ཁྱོད་ཀྱི་ཨ་ཕ་ཨ་མ་ཡང་།།
མི་རྟག་དགའ་སྐྱོའི་འཁོར་བ་ཆུང་ཆུང་ཞིག །
འཁོར་ལོ་བཞིན་དུ་ཕར་ཚུར་བསྐོར་ན་ཡང་།།
ཇི་ལྟར་འདོད་པའི་ཕྱོགས་སུ་འཁོར་བར་དཀའ།།

༡༠༽ ཐེངས་རེར་གཡས་སུ་བསྐོར་ན་གཡོན་ལ་འཁོར།།
ལན་རེར་གཡོན་དུ་བསྐོར་ན་གཡས་སུ་འཁོར།།
སྐབས་རེར་ཤུགས་ཀྱིས་བསྐོར་ན་དལ་གྱིས་འཁོར།།
ཇི་ལྟར་བསྐོར་པ་དེ་ལས་ལྡོག་པར་འཁོར།།

༡༡༽ ཡིན་ཡང་ཨ་ཕས་རང་གི་ཕ་མ་བཞིན།།
དཀའ་ཁག་ལས་ལ་མི་གཟུར་འབད་འབད་ངང་།།
བུ་ཁྱོད་བདེ་ཞིང་སྐྱིད་པའི་འཚོ་བའི་ཆེད།།
ད་དུང་འཁོར་བའི་འཁོར་ལོ་འདི་ལྟར་སྐོར།།

༡༢༽ ཕ་མའི་མི་ཚེ་འདི་ཡང་རྣམ་སྨིན་ཞིག །
བུ་ཕྲུག་གཅེས་སྙོད་དགོས་པ་ལན་ཆགས་ཤིག །
ཤཱཀྱ་ཐུབ་པའི་གསུངས་ལས་བསྟན་པ་བཞིན།།
ལས་འཕྲོའི་འགན་འཁྲིའི་སྣེ་ལ་འཇུས་ནས་ཡོད།།

༡༣༽ ཨ་ཕ་བཟོ་གྲྭ་ཞིག་གི་ལས་བྱེད་ཡིན།།
མཚམས་རེར་ལུས་སེམས་སྦྱོང་བའི་དགེ་རྒན་ཡིན།།
རྒྱུན་དུ་ཨ་ཕ་ཁྱོད་ཀྱི་གཡོག་པོ་ཡིན།།
ཨ་ཕ་གཞན་ཡུལ་འདི་ན་འདི་ལྟར་འཚོ།།

༡༤༽ ཨ་ཕ་སློབ་སྦྱོང་དཔེ་ཀློག་ལ་དགའ་ཡང་།།
ད་ནི་ཨ་ཕའི་ཡོད་ཚད་ཁྱོད་ལ་སྤྲད།།
ཁྱོད་ནི་ཨ་ཕའི་སློབ་དེབ་མཐུག་པོ་ཡིན།།
ཨ་ཕས་ཉིན་མཚན་མེད་པར་ཀློག་གིན་ཡོད།།

༡༥༽ སྙིང་ནས་གཅེས་པའི་བུ་ཁྱོད་ཨ་ཕ་ངའི།།
ས་མཐའི་སེམས་པ་གླན་སའི་ཕ་མ་ཡིན།།
ཨ་ཕས་སྐྱིད་སྡུག་ཞུ་སའི་ལྷ་སྐུ་ཡིན།།
ཨ་ཕའི་སེམས་ཀྱི་ནང་གི་ནོར་བུ་ཡིན།།

༡༦༽ ཨ་ཕ་ཕྱི་ལ་འགྲོ་དུས་དྲན་ཤིང་ཡིན།།
ཨ་ཕ་ནང་ལ་སྡོད་དུས་རྩེ་རོགས་ཡིན།།
ཨ་ཕས་ཕ་མ་དྲན་དུས་སེམས་གསོ་ཡིན།།
ཨ་ཕའི་སྙིང་གི་མཆོད་རྟེན་ཆུང་ཆུང་ཡིན།།

༡༧༽ ཁྱོད་ཀྱི་ལང་ཚོའི་ལྗང་མྱུག་ལྡེམ་པའི་རྩེར།།
ཁྱོད་ཀྱི་འཛུམ་མདངས་མེ་ཏོག་ཆུང་ཆུང་ནི།།
ཨ་ཕའི་སེམས་ནང་ཤར་པའི་ཉི་མ་ཡིན།།
ཨ་ཕའི་འཇིག་རྟེན་ཐམས་ཅད་དྲོ་བར་བྱེད།།

༡༨༽ ཨ་ཕའི་ཕུགས་འདུན་ཨ་ཕའི་རེ་སྒུག་དང་།།
ཨ་ཕའི་རྒྱུད་འཛིན་ཨ་ཕའི་མ་འོངས་པ།།
ཨ་ཕའི་ཡོད་ཚད་ཁྱོད་རང་གཅིག་པུ་ཡིན།།
ཨ་ཕའི་སྐད་ཆའི་དོན་རྣམས་གོ་བར་གྱིས།།

༡༩༽ ཁྱོད་ཀྱི་ལང་ཚོ་དུང་དཀར་ཆུང་ངུ་དང་།།
ཁྱོད་ཀྱི་ངུ་སྒྲ་ཁུ་བྱུག་སྐད་ལས་སྙན།།
ཁྱོད་ཀྱི་སེམས་པ་མེ་ཏོག་སེར་ཆེན་འདྲ།།
ཁྱོད་ཀྱི་ཐམས་ཅད་ཨ་ཕའི་སེམས་ན་མཛེས།།

༢༠༽ རྒྱང་རིང་རྒྱང་རིང་རྒྱ་མཚོའི་ཕ་རོལ་གྱི།།
རི་བོ་ཧི་མ་ལ་ཡའི་ཕར་རྒྱབ་ན།།
གངས་རྒྱལ་ཇོ་མོ་གླང་མའི་འདབས་རོལ་ན།།
ཨ་ཕའི་ཕ་ཡུལ་གངས་ཅན་བོད་ལྗོངས་ཡོད།།

༢༡༽ ཕྱི་ཡི་དཔལ་འབྱོར་ཅུང་ཟད་དབུལ་ན་ཡང་།།
ནང་གི་བསམ་བློའི་འབྱོར་བས་རབ་ཕྱུག་པའི།།
རྒྱུད་དུལ་སྙིང་རྗེ་ཆེ་བའི་མི་སྡེ་ཞིག།
ཨ་ཕའི་རིགས་དང་རུས་རྒྱུད་ཁོ་ཚོ་ཡིན།།

༢༢༽ མི་རིགས་དེ་ལ་རིང་བོའི་ལོ་རྒྱུས་ཡོད།།
ལོ་རྒྱུས་དེ་ལ་འབྲེལ་བའི་རིག་གཞུང་ཡོད།།
རིག་གཞུང་དེ་ཡི་སྙིང་པོའི་སྙིང་པོ་ནི།།
གསེར་གྱིས་བྲིས་པའི་གླེགས་བམ་བརྗིད་པོ་ཞིག།

༢༣༽ ཆོས་སྲིད་ཟུང་དུ་འབྲེལ་བའི་སྲིད་ལུགས་ཡོད།།
སྤྱན་རས་གཟིགས་དབང་རློན་པའི་བླ་མ་ཡོད།།
ཡིག་དྲུག་ཆོས་ཀྱི་རང་སྒྲ་མ་བསླབས་སྒྲོག །
ཁྱོད་རང་ནར་སོན་བྱུང་ན་ཞིབ་ཏུ་བཤད།།

༢༤༽ ཞོལ་ཆེན་གཡག་ནི་བོད་ཀྱི་ཁྱད་ནོར་ཡིན།།
ཨ་ཕའི་ཕ་མེས་འབྲོག་པའི་འཚོ་བ་ཡིན།།
ཨ་ཕ་གཡག་རྭས་གཡག་རྫི་བྱས་ཚུལ་གྱི།།
བྱུང་བ་དེ་ཚོ་གཞུག་མར་ག་ལེར་བཤད།།

༢༥༽ ཕ་མ་སྤུན་སྲིང་མེད་པའི་གཞན་ཡུལ་དུ།།
ཨ་ཕ་འཁྱམས་ནས་ལོ་ངོ་ཉི་ཤུར་ཉེ།།
ཨ་ཕའི་མི་ཚེ་འཚོ་བའི་ཟློས་གར་དག །
ཇི་ལྟར་འཁྲབས་པའི་གནས་ཚུལ་གཞན་དུ་འབྲི།།

༢༦༽ ཨ་ཕ་ཨ་ཕའི་ས་རུ་རྒས་བཞིན་དུ།།
བུ་ཁྱོད་ཨ་ཕའི་རྨི་ལམ་ནང་དུ་འཕུར།།
མེ་ལྕེ་ཆུང་ཆུང་ཐབ་ཀ་ཚ་བོ་ཡི།།
སྟབས་བདེའི་འཚོ་བ་འབྱུང་བའི་སྨོན་ལམ་འདེབས།།

༢༧༽ ཕ་མའི་སེམས་ཀྱི་རེ་འདུན་ཁུར་བོ་དེ།།
གྱེན་དུ་འཁུར་ཞིང་གནམ་ལ་འདེགས་ནུས་པའི།།
ཨ་ཕ་ལས་ལྷག་ཤེས་འཇོན་ལྡན་པ་དང་།།
ཕ་མ་ལས་ལྷག་བྱམས་བརྩེ་ཆེ་བ་དགོས།།

༢༨༽ ཨ་ཕའི་སྙིང་གི་ཚིལ་ལི་ཆུང་ཆུང་ཁྱོད།།
འདི་དག་འདི་ལྟར་ཁྱོད་ལ་སྤྲིངས་པའི་འཕྲིན།།
ཨ་ཕའི་སེམས་ཀྱི་བརྩེ་འདང་རི་མོ་ཡིན།།
ཨ་ཕའི་སྙིང་གི་འཕར་སྒྲ་ངོ་མ་ཡིན།།

༢༩༽ འདི་ཡང་ཨ་ཕས་སྙན་ངག་བྲིས་པ་མིན།།
འདི་ནི་ཨ་ཕས་སྙིང་གཏམ་བཤད་པ་ཡིན།།
འདི་ཡང་ཕ་མ་ཞིག་གི་སྐྱོང་ལུགས་སམ།།
འདི་ཡང་ཨ་ཕ་ཞིག་གི་གཅེས་ཚུལ་ཡིན།།

༣༠༽ རྒྱ་མཚོའི་དཀྱིལ་ལ་ལྷན་པ་བཏབ་འདྲ་བའི།།
ཨོ་གླིང་རྒྱལ་ཁབ་འདི་ཡི་ཤར་འདབས་ན།།
མཛེས་སྡུག་ལྡན་པའི་མེལ་བྷོན་གྲོང་ཁྱེར་ཡོད།།
དེ་ཡི་ཤར་ཕྱོགས་རི་ངོགས་ལྗོན་ཚལ་ན།།

༣༡༽ ཀ་ལོ་ར་མའི་རི་གྲོང་ཐར་ཐོར་ཡོད།།
ནེ་ཙོ་ཤྭ་བ་ལ་སོགས་བག་ཕེབས་གནས།།
དེའི་དབུས་ཚོན་མདོག་སྣ་ལྔའི་རླུང་རྟ་འགའ།།
དལ་གྱིས་ལྷབ་ལྷུབ་གཡོ་བའི་རང་ཁྱིམ་ནས།།

༣༢༽ ལྗོན་པའི་ཚོགས་ཀྱིས་ལྗང་མདོག་གོས་ལྭ་གྱོན།།
ཁམ་བུའི་མེ་ཏོག་གསར་དུ་ཁ་ཕྱེས་པའི།།
དཔྱིད་དང་དབྱར་གྱིས་ལང་ཚོ་འགྲན་པའི་དུས།།
ཨ་ཕས་ཁྱོད་ལ་འདི་ལྟར་བྲིས་ནས་ཕུལ།། །།

༢༠༡༤ ༡༠ ༡༡

སྙན་ངག

Post navigation

Previous Post: མི་ཚེ་ཡིད་བཞིན་ནོར་བུ་ཡིན།
Next Post: དེ་རིང་ཨ་རིའི་དོན་ཁང་ནང་༧གོང་ས་མཆོག་གི་སྐུ་པར་བཀལ་འདུག

Comments (8) on “ཕ་རྗེ་བཙུན་གཡག་རྭས་བུ་རྗེ་བཙུན་མཆོག་རབ་ལ་སྤྲིངས་པའི་འཕྲིན།”

  1. ཅོག་མྱི། says:
    2014-10-11 at 11:58 pm

    ཕ་མ་བུ་ཕྲུག་བར་གྱི་བརྩེ་བ་མཚོན་ཅིང་དོན་ལ་གནས་བའི་སྙིང་ངག་སྐྱིད་པོ་ཞིག་རེད། དགའ་སོང་སྤྲོ་སོང་།

  2. བོད་ཞེན་པ་ནས། says:
    2014-10-12 at 3:44 am

    རྗེ་བཙུན་གཡག་ར་ཟེར་བ་མི་གང་འདྲ་ཞིག་ཡོད་དམ? ང་ཡང་མལ་སྦོན་གྲོང་ཁྱེར་ལ་སྡོད་ཀྱི་ཡོད། ཁ་བདེ་ལག་བདེ་དེ་འདྲ་ཞིག་ཡོད་པ་གོ་མི་འདུག

  3. ཀློང་ཆུང་ says:
    2014-10-12 at 4:06 am

    ཕ་བུ་འཛོམས་པའི་བརྩེ་གླུ་བདེ་མོ་ཞིག་གདའ། ཁ་བྲོ་བཀྲ་ཤིས། བུ་སྟག་ཕྲུག་འདྲ་བ་དེས། བོད་ས་ཡ་དྲུག་གི་དོན་གྲུབ་པར་ཤོག

  4. གནམ says:
    2014-10-12 at 5:51 am

    མཆོག་དང་རབ་གྱི་དབྱེ་བ་མ་ཤེས་ཐལ།།
    མིང་ལ་དོན་ཞིག་ཡོད་པ་ཡིན་ལས་ཆེ།།
    ཕྱི་མིའི་ཁ་ལྕེར་ལྡེམ་མྱུར་མི་འབྱོར་བས།།
    མཚན་འདིར་ཡང་སྤྲུལ་མེད་ན་སྒྲ་ལོག་ཉིད།

    བརྩེ་བའི་བུ་ལ་དགའ་བའི་གླུ་འདི་སྙན།
    ཕ་མའི་རེ་བ་རུམ་པའི་བུ་ཆུང་འདི།
    ཚེ་རིང་ནད་མེད་མཁྱེན་རབ་རྒྱས་བ་ཡི།།
    གླིང་ཆེན་དེ་ནས་མི་ཆེན་ཆགས་པར་ཤོག།

  5. ཀླུ་སྨྱོན། says:
    2014-10-14 at 11:23 am

    འདི་ནི་སྙན་ངག་ཙམ་ལས་བརྒལ་ཏེ་མི་ཞིག་གི་བྲང་ཁ་གྲི་ཡིས་གཤགས་ན་སྙིང་ཁྲག་ས་རུ་ཇི་ལྟར་འཐོར་ཚུལ་བྲིས་འདུག

  6. ཀླུ་སྨྱོན། says:
    2014-10-14 at 11:25 am

    ཁ་བརྡ་དྲ་ཐོག་ན་འདི་འདྲའི་རྩོམ་ཡག་པོ་རྒྱུ་དཀོན། སྲིད་དོན་པ་ཚོས་ཅིག་ཅིག་མུག་མུག་བྱས་ལུགས་བྱེད་ལུགས་ཀྱིས་ཁེངས་ནས་ཁ་བརྡའི་བྲོ་བ་རྦད་དེ་བརླགས་སོང་། རང་ཡིན་ན་ཁ་བརྡ་དྲ་ངོས་སུ་སྲིད་དོན་རྩོམ་ཡག་མེད་ན་བཟང་།

  7. མཚོ་དཀར། says:
    2014-10-17 at 7:41 am

    སྲིད་དོན་ཡོད་ན་འཁྲུག་ཆ་དོད་པོ་ཡོད་པས་ཧ་ཅང་བཟང་། ཨ་ཁུ་ཀླུ་ཡི་དེ་འདྲ་གསུང་ཡ།

  8. བསྟན་འཛིན says:
    2014-10-20 at 1:32 pm

    ཡག་པོ་ཞིག་བྲིས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme