Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་ཡུལ་ལ་རྒྱང་ལྟ།

Posted on 2013-01-062013-01-06 By འབྲོང་བུ་ཟླ་བ་ཚེ་རིང་ 13 Comments on ཕ་ཡུལ་ལ་རྒྱང་ལྟ།

གཅན་ཡེ་རྒྱམ།

མཁན་ཟུར་རིན་པོ་ཆེ་དགོངས་པ་ཆོས་དབྱིངས་སུ་མ་ཐིམ་སྔོན་གྱི་དབྱར་ཁ་དེར།
༧ གོང་ས་མཆོག་གི་གསུང་ཆོས་ཞུས་ནས་དགོན་པར་མ་ཕྱིན་པའི་སྔོན་དག་དག་དེ་ལ་མཁན་ཟུར་རིན་པོ་ཆེའི་སྐུ་གཟུགས་ཅུང་བདེ་མིན་གྱི་དབང་གིས་སྨན་ཁང་ལ་ཉིན་ཤས་བསྡད་པ་ཡིན། ཉིན་ཤས་རྗེས་མཁན་ཟུར་རིན་པོ་ཆེའི་སྐུ་གཟུགས་བདེ་ཐང་དང་།ཐུགས་ཁམས་ཀྱང་སྔར་ལས་ཇེ་གསལ་དུ་གྱུར་ནས་ཐུགས་སྤྲོ་བའི་ངང་”ད་ལོར་ང་མར་ཨ་མྱེས་ཀྱི་གམ་དུ་འགྲོ་མཁན་གྱི་ཁོངས་རེད་བསམ་བྱུང་སྟེ་ཁ་སང་དེ་རིང་གཟུགས་པོའི་གནས་སྟངས་ལ་བལྟས་ན་གཞོན་དུས་ཀྱི་གཟུགས་པོ་དང་འདྲ་བར་ཧ་ལས་པའི་ཡག་པོ་འདུག་ལ། ད་དུང་ཅུང་ཙམ་སྡོད་ལོངས་ཡོད་པ་འདྲ”གསུངས་ནས་སྤྲོ་དགའི་རྣམ་པ་སྟོན་བཞིན་འདུག །
མཁན་ཟུར་རིན་པོ་ཆེའི་ཞལ་ནས་”ང་ཚོ་དགོན་པར་མ་སོང་སྔོན་ལ་ཕ་མ་གཉིས་མེད་ཀྱང་བོད་ལུང་པར་ཡོད་པའི་ཕ་མ་གཉིས་ཀྱི་གཞིས་ཀ་དེར་སོང་ནས་ཕ་ཡུལ་ལ་ཐེངས་གཅིག་ལྟ་འདོད་འདུག་ཀྱང་འགྲོ་རྒྱུའི་གོ་སྐབས་མ་རེག་ཙང་། ད་བོད་ལུང་པ་མིག་གིས་མཐོང་སའི་ས་ཆ་ཞིག་ལ་འགྲོ་ཐུབ་ན་ཡག་པོ་མེད་དམ། བྱ་རྒས་ན་ཚང་དྲན། མྱི་རྒས་ན་ཡུལ་དྲན་ཟེར་བའི་དཔེ་ལྟར་ད་ལོར་ངས་དམིགས་བསལ་གྱིས་བོད་ལུང་པ་དྲན་བཞིན་འདུག་”གསུངས་ཙང་ངས་དེ་འདྲའི་ཁ་ཕྱོགས་ཤིག་བཙལ་ནས་མཱ་ན་ལིའི་ཕྱོགས་སུ་འགྲོ་རྒྱུར་གཏན་འཁེལ་བྱས་པ་ཡིན། །
ཕྱི་ཟླ་ལྔ་བའི་ཟླ་མཇུག་ལ་རེད། མཁན་ཟུར་རིན་པོ་ཆེ་དང་། ཙ་ཡུས་མཆོག་སྤྲུལ་རིན་པོ་ཆེ། དགེ་བཤེས་སྐལ་བཟང་བཅས་ང་ཚོ་མི་བཞི་མཱ་ན་ལིའི་སྦྱིན་བདག་བདེ་ཆེན་ལགས་ཀྱི་ཁྱིམ་དུ་ཉིན་ཤས་བསྡད་པའི་རིང་ཞོགས་པ་སྔ་པོར་སོ་སོས་ཁས་བླངས་དམ་བཅས་བའི་ཁ་འདོན་དགེ་སྦྱོར་ལ་འབད་པ་བྱས་པ་དང་། ཉིན་གུང་གི་དུས་ཚོད་སྟོང་པ་རྣམས་སུ་བཀའ་མོལ་ལྷུག་པོར་གནང་། ཙ་ཡུས་རིན་པོ་ཆེ་ནས་རྒྱ་མི་གུང་ཁྲན་གྱིས་བོད་དུ་བཙན་འཛུལ་བྱས་པའི་གོ་རིམ་ནང་ང་བརྒྱད་ལོ་ནས་བཟུང་ལོ་ཤས་རིང་ལྟོགས་སྐོམ་མྱངས་ནས་བོད་མི་ཁྲི་ཕྲག་ཁ་ཤས་ཚེ་ལས་འདས་པ་དང་། རིག་གནས་གསར་བརྗེའི་སྐབས་ནས་པཎ་ཆེན་རིན་པོ་ཆེ་གཙོ་བྱས་པའི་བླ་མ་དང་དཔོན་པོ། དགེ་བཤེས། མཁས་དབང་སོགས་ལ་མནར་གཅོད་ཚད་མེད་ཀྱིས་བཙོན་དུ་བཅུག་ནས་ལོ་མང་རིང་སྡུག་སྦྱོང་མྱངས་པ། ད་ལྟའི་ཆར་རང་དབང་མེད་པའི་གནས་སྟངས་སོགས་ཞིབ་ཕྲ་ངོ་སྤྲོད་གནང་བས་སེམས་ལ་སྐྱོ་སྣང་ཆེན་པོ་བྱུང་།
དགེ་བཤེས་སྐལ་བཟང་ནི་ཁ་མཚར་བཤད་རྒྱུར་དགའ་བས་སུ་ཞིག་གིས་ཁ་མཚར་བཤད་པ་རྣམས་སེམས་ལ་ཉར་ནས་ཡོད་པས་རྫོགས་རྒྱུ་མེད་པའི་ཁ་མཚར་རེ་རེ་རིམ་པ་བཞིན་གསུངས་པས་མཁན་རིན་པོ་ཆེ་དང་ཙ་ཡུས་སྤྲུལ་སྐུ་གཉིས་མིག་ཆུ་གཏོང་བཞིན་གད་མོ་ཤོར། ང་ཡང་གད་མོ་ཤོར་ཆེ་དྲག་པས་ལོས་ཡིན་རྒྱུ་མ་ན་ནས་དབུགས་ཀྱང་གཏོང་མི་ནུས་པར་གྱུར་བས་མཐེ་བོང་གནམ་ལ་ཀེར་ནས་མཚམས་འཇོག་རོགས་ཀྱི་རྣམ་འགྱུར་བསྟན་པ་ཡིན། སྐབས་དེར་ངའི་སེམས་ལ་ང་རང་གད་མོ་ཤོར་བཞིན་ཤི་མི་ཡོང་ངམ་སྙམ་པའི་དྭོགས་པའང་བྱུང་། ང་ཚོ་གད་མོ་ག་ཚོད་ཤོར་བ་དེ་ཙམ་གྱིས་དགེ་བཤེས་སྐལ་བཟང་ལགས་ཀྱི་རིག་པའི་རྩལ་གཏིང་ཟབ་ཏུ་ཕྱིན་ནས་ཁ་ཇེ་བདེ་དང་ངག་སྒོ་ཇེ་ཡངས་སུ་གྱུར་སོང།
སྦྱིན་བདག་བདེ་ཆེན་ནང་མི་རྣམས་ཀྱིས་ཀྱང་ང་ཚོ་ཉིན་ཤས་བསྡད་པའི་རིང་ཧ་ཅང་སྤྲོ་སྐྱིད་ལྡན་པའི་ངང་དུས་ཚོད་བསྐྱེལ་ཙང་ད་དུང་ཡང་ཡུད་ཙམ་བཞུགས་རོགས་ཀྱིས་ན་བསམ་བསྡད་ཡོད་རེད་ཡང་དྲན་བྱུང་།
སྔོ་ཞིང་དྭངས་བའི་ནམ་མཁའི་དབྱིངས་སུ་སྤྲིན་པ་བྱེའུ་མགོ་ཙམ་ཡང་མཐོང་རྒྱུ་མེད་པའི་ཞོགས་པ་སྔ་བོ་ཞིག་ལ་གླ་འཁོར་ཞིག་གི་ནང་བསྡད་དེ་ང་ཚོ་ཚང་མ་རི་རྩེར་ཕྱིན། རི་གཟེར་མོའི་ངོས་ཀྱི་ཀྱག་ཀྱོག་གི་འཕྲང་ལམ་དེ་གཡས་སྐྱོག་གཡོན་སྐྱོག་གྲངས་ཀྱིས་མི་ལོངས་པ་ཞིག་བྱས་པའི་མཐར་རིའི་རྩེ་མོར་འབྱོར། ཐོག་མར་རླངས་འཁོར་ནས་འབབ་དུས་ཆུ་ཚོད་བཞིའི་རིང་དཀྲུག་དཀྲུག་ཐེབས་བའི་གཟུགས་པོ་ཡོངས་ལྗིད་ཏིག་ཏིག་ངང་ཡོད་ནའང། ག་ལེར་ཕྱོགས་བཞི་མཚམས་བརྒྱད་དུ་བལྟས་པས་བྱང་གི་ཕྱོགས་ཀྱི་གངས་རི་རྣམས་རིམ་པར་མཇལ་ཡོང་དུས་བོད་ལུང་པ་དངོས་སུ་མཐོང་བ་ལྟ་བུའི་བག་ཕེབས་དང་སྤྲོ་སྐྱིད་ཞིག་ ངང་གིས་རྒྱས་ཏེ། བརྗིད་ཉམས་དང་ལྷུན་ཆགས་ཀྱིས་ཁེངས་པའི་བོད་ཕྱོགས་ཀྱི་གངས་རི་རྣམས་དངོས་སུ་མཇལ་བ་འདྲ་བའི་ཚོར་བ་ཞིག་ངམ་ངམ་ཤིག་ཤིག་གིས་སྐྱེས་པ་མ་ཟད། ཕྲེང་བར་བསྟར་བའི་དཀར་ཞིང་མཐོ་བའི་གངས་རི་རྣམས་ཀྱི་རྩེ་མོ་ཨ་སྔོན་དབྱིངས་སུ་ཟུག་པའི་ཡིད་དུ་འོང་བའི་རྣམ་པ་དེ་དག་གིས་སེམས་གཏིང་ནས་རང་ཡུལ་དྲན་པའི་གདུང་བ་ཞིག་བཟོད་བླགས་མེད་པར་རྒྱ་མཚོའི་རླབས་བཞིན་འཕྱུར་ཏུ་བཅུག་སོང་། །
མཁན་རིན་པོ་ཆེའི་སྟོད་ཅུང་ཙམ་སྒུར་ནས་ཡོད་པའི་སྐུ་གཟུགས་ཡར་ཇེ་དྲང་དུ་བཏང་ཞིང་ཞལ་རས་ལ་སྤྲོ་སྣང་གི་རྣམ་པ་ཞིག་གིས་ཁེངས་བཞིན་ “འོ་རེད། དེ་རིང་དངོས་ནས་བོད་ཡུལ་དུ་སླེབས་པ་ལྟ་བུའི་ཚོར་བ་བྱུང་། ས་ཆ་འདི་སྐྱིད་པ་ལ། བོད་ལུང་པ་དང་གཅིག་པ་རེད་འདུག” གསུང་བཞིན་འདུག་ལ། །
ཙ་ཡུས་སྤྲུལ་སྐུས་ཀྱང་ཕྲ་ཞིང་རིང་བའི་སྐུ་གཟུགས་ཡར་དགྱེས་ཤིང་བྲང་ཁོག་ཅུང་འབུར་དུ་བཅུག་རྗེས་བརྗིད་ཉམས་ཀྱི་རྣམ་འགྱུར་དང་བཅས་མཛུབ་མོ་གངས་རིའི་ཕྱོགས་སུ་གཏད་དེ་ “དངོས་གནས་རེད། གངས་རི་དེ་བརྗིད་ཉམས་ཆེ་བ་ལ་གཟིགས་དང་། བོད་ལུང་པའི་གངས་རི་དང་གཅིག་པ་རེད་འདུག” གསུང་བཞིན་ཞལ་རས་ལ་སྤྲོ་སྣང་ཚད་མེད་ཅིག་གིས་ཁེངས་ནས་ཡོད་པ་འདི་དག་མཐོང་ནས་ང་རང་ཡང་སེམས་ལ་དགའ་སྣང་དང་བཅས་གསོལ་ཇ་ཞིམ་པོ་བཟོ་བར་བརྩམས། །
དགེ་བཤེས་སྐལ་བཟང་གིས་རིན་པོ་ཆེ་རྣམ་པ་གཉིས་གོམ་བགྲོད་བྱེད་བཞིན་པའི་སྐབས་ས་ཆ་བདེ་མོ་ཞིག་ཏུ་བཞུགས་གདན་བཏིངས་པ་དང་། རྩམ་པ་དང་། མར། ཕྱུ་ར། ཀ་ར། བག་ལེབ་སོགས་ཆུ་ཤོག་ཞིག་གི་སྟེང་བཀྲམ་ནས་བཞག་རྗེས། རིན་པོ་ཆེ་ལྷན་རྒྱས་བཞུགས་གདན་འཇགས་སུ་བཅུག
དེ་འཕྲལ་ངས་གསོལ་ཇ་གྲུབ་ཟིན་པས་ལྷན་རྒྱས་གསུམ་ལ་གསོལ་ཇ་དྲངས་ནས་ཉིན་གུང་ལོན་ལ་ཉེ་བའི་སྐབས་དེེར་ང་ཚོས་ཞོགས་ཟས་ཟས་པ་ཡིན། །
ཙ་ཡུས་རིན་པོ་ཆེས་ “དེ་རིང་གི་རྩམ་པ་འདི་ཞིམ་པོ་ཞེ་དྲག་བྱུང་”གསུངས་སོང་ལ། དགེ་བཤེས་སྐལ་བཟང་གིས་ཀྱང་མགོ་བོ་གཡུག་གཡུག་བྱེད་བཞིན་ “དངོས་གནས་ཞིམ་པོ་འདུག” གསུངས་པར་གཞིགས་ན་ངའི་ཚོར་བ་དང་གཅིག་པ་བྱུང་བ་རེད། གཅིག་བྱས་ན་ས་ཆ་མཐོ་བོ་དང་ཆུ་གཙང་ས་གཙང་ཡིན་ཙང་ཡིན་རྒྱུ་རེད་བསམ་བྱུང་ལ། ཡང་གཅིག་བྱས་དུས་གྲོད་ཁོག་ལྟོགས་ཙང་བྱས་མིན་འགྲོ་སྙམ།
མཁན་ཟུར་རིན་པོ་ཆེས་ནམ་རྒྱུན་བག་ལེབ་གཅིག་རང་མཆོད་ནས་བཞུགས་ཀྱིན་ཡོད་ནའང། དེ་རིང་བག་ལེབ་གཅིག་གི་སྟེང་རྩམ་པའང་བཞེས་སོང་།
དགེ་བཤེས་སྐལ་བཟང་གིས་ “མཁན་ཟུར་རིན་པོ་ཆེ་ནས་བོད་ལུང་པ་འདྲ་བོར་སླེབས་དུས་བག་ལེབ་ཀྱི་སྟེང་དུ་རྩམ་པ་ཞིག་ཀྱང་མཆོད་སོང་ང། ད་དངོས་སུ་བོད་ལ་སླེབས་དུས་རྩམ་པ་ག་ཚོད་མཆོད་ཐུབ་ཀྱི་ཡོད་ན་” ཟེར་བཞིན་ཀུ་རེ་བསླངས་པར། མཁན་ཟུར་རིན་པོ་ཆེ་ནས་ “ཧ་ཧ་་་ སྔོན་ཆད་བོད་ལུང་པ་ཡོད་དུས་རྩམ་པ་བཞི་ནས་ལྔ་ཟ་ཐུབ་ཀྱི་ཡོད་ལ། མོག་མོག་བཞི་ཅུ་དེ་འདྲ་ཟ་གི་ཡོད་” ཟེར་བཞིན་བཞད་མོ་བཞད། ང་ཚོ་ཚང་མས་ཀྱང་ “མོག་མོག་བཞི་ཅུ་” ཟེར་བཞིན་གད་མོ་ཤོར་སོང་།
ཆུ་ཚོད་ཁ་ཤས་རིང་རིའི་རྒྱབ་མདུན་གང་སར་སོང་ནས་ཕྱོགས་བཞི་མཚམས་བརྒྱད་དུ་ལྟད་མོར་བལྟས་ཤིང།
ལྟད་མོ་ག་ཚོད་བལྟས་ཀྱང་སེམས་ནི་ངོམས་པ་མེད་པའི་རྣམ་པ་ཞིག་སྟེ། གངས་རི་དཀར་བོར་ལྟ་འདོད་པ་ཙམ་མིན་པར་རིའི་ཕར་རྒྱབ་ཀྱི་བོད་ལུང་པ་དེ་དང་། སོ་སོ་སྐྱེས་སའི་ཕ་ཡུལ། ད་དུང་སེམས་ཁོངས་ན་ལྷུན་ཆགས་སུ་གནས་པའི་ཕ་མ་སྤུན་མཆེད་དང་གཉེན་ཉེ་དུ་རྣམས་ལ་ཐུག་འདོད་ཀྱི་འདུན་པ་དྲག་པོ་དེ་ཡང་རེད། ཡལ་ཐབས་མེད་པའི་གྲང་རེག་གི་ན་ཟུག་དང་། གདེང་ཚོད་མེད་པའི་རེ་སྒུག་དེ་དག་སྙིང་ལ་བཅངས་རྒྱུ་ལས་བསམ་འདུན་ངོ་མ་དེ་ནི་འགྲུབ་ཐབས་མེད་པ་ཞིག་རེད་སྙམ་གྱིན་སེམས་ཀྱི་ནང་དུ་ཐེ་ཚོམ་གྱི་སྨུག་ཞགས་ཤིག་བསྐྱིས་ནས་སྡོད་རྒྱུ་ལས་གདམ་ཀ་གཞན་ཞིག་མེད་ཨང་བསམ།
མཁན་ཟུར་རིན་པོ་ཆེ་དུས་ཚོད་ངེས་ཅན་ཞིག་གི་ནང་དགོངས་པ་རྫོགས་ངེས་ཡིན་པ་སྨན་པས་སྔར་ནས་གཏན་འཁེལ་བཟོས་ཟིན་པ་དང་། མཁན་ཟུར་རིན་པོ་ཆེ་ཁོང་གི་ཞལ་སྔ་ནས་ཀྱང་རྟེན་འབྲེལ་གྱི་ཆ་རེ་ཟུང་དང་། ཕ་དྲིན་ཅན་མཚོན་པའི་འདས་པོ་དེ་དག ད་དུང་སྐྱེད་མ་སོགས་རྨི་ལམ་དུ་དངོས་སུ་མཐོང་བ་ལྟ་བུའི་གསལ་བོར་བཏང་བའི་སྐོར་ཡང་ཡང་གསུངས་པར་བརྟེན་ངའི་སེམས་ལ་བཟོད་བླགས་མེད་པའི་ཚོར་བ་ཞིག་ཡང་ཡང་ཡོང་གི་ཡོད། །
མཁན་ཟུར་རིན་པོ་ཆེ་དང་ཙ་ཡུས་མཆོག་སྤྲུལ་རིན་པོ་ཆེ། དགེ་བཤེས་སྐལ་བཟང་གསུམ་གྱི་ཁ་བྱང་ཕྱོགས་སུ་གཏད་དེ་སོ་སོའི་ཕ་ཡུལ་ཕྱོགས་སུ་བསམ་གཞིགས་བྱེད་བཞིན་པའི་སྐབས་དེར་མཁན་ཟུར་རིན་པོ་ཆེས་ “དེ་རིང་ངས་དངོས་གནས་སྐྱེད་མ་བཀའ་དྲིན་ཅན་དེ་དྲན་གྱིན་འདུག ད་ནི་ཁོང་འཇིག་རྟེན་འདིའི་སྟེང་འཚོ་བཞུགས་བྱས་ཡོད་པ་མ་རེད་དེ། ང་ཆུང་དུས་སྐྱེད་བསྲིངས་བྱས་པའི་རིང་དང་དགོན་པར་ཡོད་པའི་སྐབས་སོགས་སུ་སྐྱེད་མ་དྲིན་ཅན་མ་ང་ལ་ལྟ་རུ་ཡོང་དུས་མར་དང་ཕྱུ་ར། རྩམ་པ། ཐུད་དང་ཞིམ་སོགས་ལོ་གཅིག་གི་ནང་ཟས་ནས་མི་ཚར་བ་ཞིག་འཁྱེར་ཡོང་གི་རེད་ལ། འདི་འདྲ་མང་དྲགས་རེད་ཞུས་ན། མང་དྲགས་ན་གྲྭ་རྐྱང་ཚོར་གནང་ན་འགྲིག་གི་རེད་གསུང་གི་རེད། ཉིན་ཤས་བསྡད་དེ་ང་ལ་འཆམ་པོ་གང་ཡོང་ཡོང་ཞིག་གནང་ནས་ཕྱིར་རང་ཡུལ་དུ་ལོག་འགྲོ་དུས་ང་དང་ཁ་འབྲལ་མ་ཐུབ་པའི་སྡུག་བསྔལ་གྱིས་ངེད་གཉིས་རྒྱུན་རིང་ངུ་ངག་དང་བཅས་སྡོད་དགོས་འཁེལ་གྱིན་ཡོད། ཡང་ཐེངས་གཅིག་སྐྱེད་མ་ང་དང་བྲལ་ནས་ལོག་འགྲོ་བའི་སྐབས་དགེ་རྒན་བཀའ་དྲིན་ཅན་དང་ངེད་གཉིས་ཨ་མ་ཟམ་ཁ་བར་སྐྱེལ་མ་བྱེད་དུ་ཕྱིན་པ་ཡིན། ཟམ་པའི་ཚུར་ངོགས་ནས་རྒན་བཀའ་དྲིན་ཅན་གྱིས་དེ་རིང་ང་ཚོ་སུ་གཅིག་ཀྱང་ངུ་ཆོག་གི་མེད་ད་ཅེས་སྐད་ཤུགས་ཆེན་པོས་གསུངས་སོང་། ཨ་མ་ཟམ་པའི་ཕར་ཕྱོགས་སུ་འགྲོ་བའི་སྐབས་ཕྱིར་མིག་ལྟ་བཞིན་ལྟ་བཞིན་ཕྱིན་སོང་། ངའི་སེམས་ལ་དེ་རིང་ཨ་མ་ངུས་མ་སོང་བསམ་བྱུང་། ངའི་སེམས་ཀྱིས་བཟོད་མི་ནུས་པར་ཨ་མ་དྲིན་ཅན་མའི་གོམ་ཁའི་སྤོ་བཞུད་ལ་བལྟས་ནས་བསྡད་པ་ཡིན། ཟམ་པའི་ཕར་ཕྱོགས་སུ་སླེབས་པ་དང་ཨ་མའི་མགོ་བོ་སྒུར་སྒུར་ངང་གོམ་ཁ་ཇེ་མགྱོགས་སུ་བཏང་བྱུང་བས། ངས་བསམ་བློ་ག་ཚོད་བཏང་ནའང་ངའི་ཨ་མའི་ངུ་ངག་དང་མིག་ཆུ་ཆུ་བོའི་རྒྱུན་བཞིན་འབབ་ཀྱིན་ཡོད་པ་ངའི་སེམས་ལ་གསལ་ལྷམ་མེར་ཡོད། དེ་ནི་ངའི་སེམས་ཀྱིས་བཟོད་ཐབས་བྲལ་བ་ཞིག་རེད། སྐབས་དེར་ངས་སྐད་ཤུགས་ཆེན་པོས་ཨ་མ་ཞེས་ངུ་འབོད་བྱས་པ་ཡིན། ངས་ངུ་སྐད་བརྒྱབ་པ་དང་ཨ་མ་ཡང་ཁ་ཕྱིར་འཁོར་ནས་ངའི་བུ་ཟེར་བཞིན་ངུ་འབོད་དང་བཅས་ཟམ་པའི་སྟེང་རྒྱུགས་ནས་ཡོང་། ང་ཡང་ཟམ་པའི་སྟེང་ཕར་རྒྱུགས་ནས་ཟམ་པའི་དཀྱིལ་དུ་སླེབས་པ་དང་ཨ་མས་ང་ལ་འཐམ་བྱུང་། ཟམ་པའི་སྟེང་རྒྱུན་རིང་ངུས་པའི་རྗེས་སུ་དགེ་རྒན་བཀའ་དྲིན་ཅན་ཐུགས་ཁྲོས་མི་ཡོང་ངམ་བསམ་བཞིན་ཨ་མ་ང་དང་ཁ་བྲལ་ནས་ག་ལེར་ཕྱིན་སོང་” གསུངས་ནས་ཨ་མ་དྲན་གསོ་གཏོང་ བཞིན་སྐད་འགགས་ནས་ཡུད་ཙམ་རིང་མཁན་ཟུར་རིན་པོ་ཆེའི་སྐད་ཀྱང་མི་ཐོན་པར་གྱུར་སོང་། །
ངའི་སེམས་པ་སྐྱོ་སྣང་ཆེན་པོ་ཞིག་གིས་མནན་སོང་བས་ཁོང་རྣམ་པ་ལྷན་རྒྱས་ཀྱི་རྒྱབ་ལོགས་ནས་ཁུ་སིམ་མེར་མཆི་མ་བཏང་བ་ཡིན། མཚམས་དེར་སྐད་ཤུགས་ཆེན་པོས་ངུས་ན་བསམ་བྱུང་མོད། ད་ནི་ང་ལྟ་བུའི་མི་རྒན་ཞིག་ངུས་ན་འོས་འཚམས་ཞིག་མིན་སྟབས་ཨམ་གཙིགས་བསྡམས་ནས་ཁུ་སུམ་མེར་རང་གི་མིག་ཆུ་རང་གིས་ཡང་ཡང་ཕྱིས་པ་ཡིན། ངས་ཀྱང་རང་གི་བྱམས་བརྩེའི་སྐྱེད་མ་སེམས་ལ་ལྷང་ངེར་དྲན་སོང་བས། སྐྱེད་མ་དང་བྲལ་བའི་སྐབས་འདིར་སྐྱེད་མ་དྲན་པ་ནི་ང་ཡི་ལས་དབང་ཞིག་རེད་སྙམ་ཞོར་གང་མགྱོགས་རང་གི་སྐྱེད་མ་དང་འཕྲད་པའི་སྨོན་འདུན་བརྒྱབ་པ་ཡིན་ལ། དེ་བཞིན་ང་དང་ང་ལྟ་བུའི་མི་མང་པོ་ཞིག་ལ་ཡང་རང་ཉིད་ཀྱི་སྐྱེད་མ་དང་འཕྲད་འདོད་པའི་ཡི་ག་ཞེ་དྲག་ཡོད་པ་རེད་ཨང་བསམ།
དུས་ཚོད་ནི་མགྱོགས་པ་ལ། མཁན་ཟུར་རིན་པོ་ཆེ་དང་ཙ་ཡུས་མཆོག་སྤྲུལ་རིན་པོ་ཆེ། དགེ་བཤེས་སྐལ་བཟང་བཅས་ངེད་ཅག་བཞི་ཡང་གངས་རི་དཀར་པོ་རྒྱབ་ཏུ་བསྐྱུར་ནས་རི་རྩེ་འདི་དང་བྲལ་དགོས་འཁེལ་སོང་།

བརྩམས་སྒྲུང་།

Post navigation

Previous Post: སྤྱི་ཚོགས་མེ་ལོང་ཚགས་པར་གྱིས་དྲིས་པའི་དྲི་བ་བརྒྱད་དང་དེའི་ལན།
Next Post: ཟགས་པ་རྒྱུན་གཏོར་གྱི་གཟུངས་སྔགས་བཞུགས་སོ།།

Comments (13) on “ཕ་ཡུལ་ལ་རྒྱང་ལྟ།”

  1. ཀླུ་སྨྱོན། says:
    2013-01-06 at 3:51 pm

    རྩོམ་ཡག་པོ་ཞིག་བྲིས་འདུག ཟླ་གཅིག་སྔོན་ངས་ཀྱང་མཚོ་པད་མའི་རི་རྩེ་ནས་གངས་རི་དེ་དག་མཐོང་བྱུང་།

  2. སྦྲ་ནག་གཡག་སྙིང་། says:
    2013-01-07 at 4:48 am

    དངོས་གནས་ཡག་མོ་གདའ། ལོ་ཟླ་ཚེས་གསུམ་དང་མི་སྣ་རྣམས་པའི་ངོ་སྤྲོད་ཐུང་ངུ་རེ་མར་བྲིས་ཡོད་ན་ཕན་སྙམ། ང་ཚོས་བོད་ཀྱི་སྐྱེ་བོ་དམ་པའི་མི་ཚེ་ཕལ་བ་སྐྱེལ་སྟངས་འདི་འདྲའ་མང་ཙམ་འབྲི་ཐུབ་ན་རིན་པོ་ཆེ་རང་རེད། ཁོང་ཚོ་ལའང་མི་དཀྱུས་མའི་ཚོར་བ་དང་ཉམས་མྱོང་ཡོད་པ་དེ་ཤེས་དགོས། ཐུགས་རྗེ་ཆེ།

  3. སྙེ་ལྷའི་ཐུགས་སྲས། says:
    2013-01-07 at 5:39 am

    སྤུན་ཟླ་ལགས་རྩོམ་འདི་ངོ་མ་སྙན་པོ་བྲིས་གནང་འདུག་ལ་ཁྱེད་ཀྱིས་རྩོམ་རྩལ་དང་སེམས་ཚོར་དེས་ངའི་མིག་ཆུ་ཡང་ཁྱེད་རྩོམ་གྱི་ཚིག་འབྲུ་དེ་དག་གིས་(སྐབས་དེར་ངས་སྐད་ཤུགས་ཆེན་པོས་ཨ་མ་ཞེས་ངུ་འབོད་བྱས་པ་ཡིན། ངས་ངུ་སྐད་བརྒྱབ་པ་དང་ཨ་མ་ཡང་ཁ་ཕྱིར་འཁོར་ནས་ངའི་བུ་ཟེར་བཞིན་ངུ་འབོད་དང་བཅས་ཟམ་པའི་སྟེང་རྒྱུགས་ནས་ཡོང་། ང་ཡང་ཟམ་པའི་སྟེང་ཕར་རྒྱུགས་ནས་ཟམ་པའི་དཀྱིལ་དུ་སླེབས་པ་དང་ཨ་མས་ང་ལ་འཐམ་བྱུང་། ཟམ་པའི་སྟེང་རྒྱུན་རིང་ངུས་པའི་རྗེས་སུ་དགེ་རྒན་བཀའ་དྲིན་ཅན་ཐུགས་ཁྲོས་མི་ཡོང་ངམ་བསམ་བཞིན་ཨ་མ་ང་དང་ཁ་བྲལ་ནས་ག་ལེར་ཕྱིན་སོང་” )ཞལ་འདེབས་སུ་བསྣམས་སོང་།

  4. གཅན་འོད་འབར། says:
    2013-01-07 at 5:40 am

    ཡག་གི ཚོར་བས་ཕྱུགས་པ་ཞིག་བྲིས་ཡོད་ཀི་འདོད་ཐལ།

  5. གཅན་ཡེ་རྒྱམ་ says:
    2013-01-07 at 9:00 am

    བཀའ་སློབ་ཡང་ཡང་གནང་རྒྱུ་དང་། བསམ་བློ་བརྗེ་རེས་གནང་སྐྱོང་ཡོང་བར་དགའ་བསུ་ཞུ་རྒྱུ་ཡིན།།།

  6. ངོ་ལུག says:
    2013-01-07 at 2:14 pm

    རྩོམ་འདི་ཐུང་དྲག་པའི་ཚོར་བ་བྱུང་། ལར་རྩོམ་སྙན་པོ་རེ་ཀློག་བཞིན་ཡོང་དུས་དུས་ཚོད་ནི་སྨུག་སྤྲིན་བཞིན་ཡལ་ནས་འགྲོ་བ་དང་། རང་ཉིད་ཀྱང་རྩོམ་ཡིག་གི་ཡུལ་ལྗོངས་ནང་དུ་ཐིམས་ནས་འགྲོ། གློ་བུར་དུ་རྩོམ་ཡིག་གི་སྣེ་མོ་མཐོང་དུས་རང་ཉིད་ཀྱང་བྲལ་མི་འདོད་པའི་མཛེས་ལྗོངས་ཞིག་ནས་ཕྱི་རུ་སྤྲད་པའི་ཚོར་བ་འབྱུང་། རྩོམ་སྙན་མོ་ཟེར་བ་ཡང་འདི་འདྲ་ཞིག་ཡིན་ངེས།

  7. གཅན་ཡེ་རྒྱམ་ says:
    2013-01-07 at 6:55 pm

    ངོ་ལུག་གི་གསུངས་པ་དེ་དངོས་གནས་བདེན་པ་ཡིན། ངས་འདི་ཀ་ཨ་རིའི་ལས་ཀའི་བྲེལ་ཟིང་བར་ནས་བྲིས་པ་ཡིན་ཞིང་། དྲ་ཚིགས་ནང་འཇོག་པའི་སྐབས་ང་རང་ཡང་འདོད་པ་མ་ཁེངས་པ་ཞིག་བྱུང་། གང་ལྟར་བསྡུས་གང་ཐུབ་ཀྱིས་བྲིས་པ་ཡིན། གང་ཡིན་ཟེར་ན། རྩོམ་པ་པོ་དང་གློག་བརྙན་འཁྲབ་ཁྲིད་པ་པད་མ་ཚེ་བརྟན་ལགས་ལོ་སྔོན་མའི་ནང་འདི་ཀར་ཕེབས་པའི་སྐབས་ཁོང་གིས་”རང་ཉིད་ཡར་རྒྱས་གཏོང་ཐབས་དང་ཕྱི་སྡོད་གཞོན་སྐྱེས་ཚོར་ཕན་ཐབས་ལ་དམིགས་ནས་བརྩམས་སྒྲུང་ཐུང་གྲས་གང་མང་ཞིག་འབྲི་ཐུབ་ན་ཡག་པོ་འདུག”གསུངས་བས་ངས་ཀྱང་དེ་ལྟར་ཁས་བླངས་པ་ཡིན་ལ། གཞོན་སྐྱེས་ཚོར་དམིགས་ནས་རིམ་པར་ཀློག་དེབ་ཅིག་བཟོ་ཐུབ་ན་སྙམ་ནས་ཡོད་པས། ཁྱེད་རང་ལྷན་རྒྱས་ཀྱིས་བཀའ་སློབ་ཡང་ཡང་ཡོང་བའི་རེ་བ་ཡོད་ལ། ངས་ཀྱང་གང་ཐུབ་ཀྱིས་ཀློག་དེབ་ནང་མ་སླེབས་སྔོན་ལ་ཁྱེད་རྣམ་པའི་བཀའ་སློབ་བཞིན་ཡར་རྒྱས་གཏོང་གང་ཐུབ་ལ་འབད་རྩིས་ཡོད། ཐུགས་རྗེ་ཆེ།

  8. ཟུར་གནས། says:
    2013-01-08 at 12:04 am

    གཅན་ཡེར་རྒྱམ་ནས་སྒྲུང་རྩོམ་འབྲི་སྟངས་ཀྱི་གནད་འགག་གཙོ་བོ་འདི་བྱང་ཆུབ་པ་མཁྱེན་གྱི་འདུག། སྙན་པོ་འདུག། མུ་མཐུད་ཕྲིས་རོགས།

  9. lobsang says:
    2013-01-09 at 3:13 am

    རྩོམ་འདི་ཐུང་དྲག་པའི་ཚོར་བ་བྱུང་། ལར་རྩོམ་སྙན་པོ་རེ་ཀློག་བཞིན་ཡོང་དུས་དུས་ཚོད་ནི་སྨུག་སྤྲིན་བཞིན་ཡལ་ནས་འགྲོ་བ་དང་། རང་ཉིད་ཀྱང་རྩོམ་ཡིག་གི་ཡུལ་ལྗོངས་ནང་དུ་ཐིམས་ནས་འགྲོ། གློ་བུར་དུ་རྩོམ་ཡིག་གི་སྣེ་མོ་མཐོང་དུས་རང་ཉིད་ཀྱང་བྲལ་མི་འདོད་པའི་མཛེས་ལྗོངས་ཞིག་ནས་ཕྱི་རུ་སྤྲད་པའི་ཚོར་བ་འབྱུང་། རྩོམ་སྙན་མོ་ཟེར་བ་ཡང་འདི་འདྲ་ཞིག་ཡིན་ངེས།

  10. lobsang says:
    2013-01-09 at 3:18 am

    ༅།་སྒྲུམ་འདི་ཧ་ཅང་ཡག་གི་མུད་མཐུད་ནས་འདི་ལྟ་བུ་མང་ཙམ་འབྲི་རོགས་གནང།།་མིག་ཆུ་གྲངས་མེད་ཤོར་སོང་ངོ།

  11. འཇིགས་མེད says:
    2013-01-09 at 3:21 am

    ཁྱེད་གྱི་བྲིས་བའི་སྙན་རྩོམ་་འདིས་ང་ཡང་ཨ མ་དྲན་རུ་ཅུགས་སོང།

  12. ཀརྡོ་གཉེར་ཕྱག་པ་ says:
    2013-01-09 at 3:42 am

    ཁ་སྐད་སྒྲུམ་འདི། སྒྲུང་ལ་བཅོས་དགོས།

  13. ངག་དབང་རྒྱ་མཚོ། says:
    2013-04-17 at 4:17 am

    ལ་དྭགས་ངག་དབང་རྒྱ་མཚོ་ནས།
    སེམས་ཀྱི་ཚོར་བ་དེ་བདེན་པ་འདུག སྐུ་ཉིད་ཀྱི་ཚོར་བ་དྭངས་མ་དེ་ཀློག་སྐབས་ང་ལ་ཡང་ཕ་མའི་
    བསླབ་བྱ་ཉིང་པོ་ཞིག་དྲན་ནས་མིག་ནས་མཆི་མ་ལྷུང་སོང་། ཁྱེད་ཀྱི་ཤོག་གླེགས་གསར་པའི་སྒང་
    བཀོད་པའི་ཡི་གེ་དེ་རྩོམ་གྱི་གྲས་སུ་མིན་ཞིང་སེམས་ལ་ངལ་གསོ་བའི་ཚོར་བ་ཞིག་འདུག ཐུགས་
    རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme