Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་ཡུལ་ནི་སེམས་སུ་ན་ཟུག་སློང་སྤྱད་ཅིག་རེད།

Posted on 2018-06-14 By ཁ་བརྡ 12 Comments on ཕ་ཡུལ་ནི་སེམས་སུ་ན་ཟུག་སློང་སྤྱད་ཅིག་རེད།

གཅན་ཚ་སྒྲོལ་མ་གཡང་སྐྱིད།
 
ཡུལ་གྱར་བ་ལ་ལས་ཕ་ཡུལ་ནི་མི་ཚེའི་འཚོལ་སྙེག་གམ་མི་ཡུལ་གྱི་དག་ཞིང་དང་ཆེས་མཐའ་མཇུག་གི་གནས་མལ་དྲོན་མོ་དེ་ཡིན་ཟེར། ང་ལ་མཚོན་ན་ཕ་ཡུལ་ནི་སེམས་སུ་ན་ཟུག་སློང་སྤྱད་ཅིག་རེད། ཉིན་ཤས་སྔོན་གྲོགས་པོས་ཁ་པར་སླེབས་སོང་། ང་ལས་ཀ་གྲོལ་ནས་རང་ཁྱིམ་དུ་ལོག་བཞིན་ཡོད། མ་གཞི་ང་ཚོ་ས་མཐའ་ནས་སྡེ་མཐའ་མྱུལ་ནས་ཡོད་པའི་གྲོགས་པོ་ཚོར་མཚོན་ན་ཁ་ཐག་རིང་ཡང་ཕན་ཚུན་སེམས་ཐག་ཧ་ཅང་ཉེ་བོ་ཡོད་པས། ཁོམ་སྐབས་རེ་ཡོད་དུས་ཕན་ཚུན་ལ་ཁ་པར་རེ་བཏང་ནས་འཚམས་འདྲི་བྱེད་པ་ནི་རྒྱུན་ལྡན་ཞིག་ཡིན། ཁོས་“ཨ་རོ་མདང་དགོང་ངའི་ཨ་མ་གློ་བུར་དུ་མེད་སོང་”ཟེར། གཏམ་ངན་དེ་གོ་མ་ཐག་ངས་ཁ་ཐུག་ཅི་ཞིག་བཤད་དགོས་པའང་མ་ཤེས་པར་ཅུང་འཚབ་འཚུབ་ཏུ་གྱུར་ནས་”ཅུང་སྒུག་ཨ་ཅུང་སྒུག་ཨ་” ཟེར་ཞོར་རླངས་འཁོར་ལམ་གྱི་ཟུར་ཞིག་ཏུ་བཀག་རྗེས་”ཁྱེད་ཀྱིས་སེམས་ཁྲལ་དེ་ཙམ་མ་བྱེད། ང་ཚོ་ས་མཐར་ཡོད་མཁན་ཙམ་མ་ཡིན་པར། རང་གི་ཕ་མ་དང་ཁྱིམ་གཅིག་ཏུ་སྡོད་མཁན་ཚོའི་ནང་དུའང་། ཕ་མ་མིག་བཙུམ་ཁར་མཉམ་དུ་ཡོད་མཁན་ཧ་ཅང་ཉུང་། རྒྱ་གར་ཕྱོགས་ནས་བསྔོ་རྟེན་འདྲ་ཕུལ་དགོས་ན་ངས་རྡ་སར་འབྲེལ་བ་བྱས་ཆོག་”ཅེས་སེམས་གསོ་ཙམ་བྱས།

མ་གཞི་བདུན་ཕྲག་གཉིས་ཀྱི་སྔོན་ཏག་ཏག་དེར་ངེད་གཉིས་ཁ་པར་ལས་ཁ་བརྡ་ཞིག་བྱེད་རྒྱུ་བྱུང་། དེ་དུས་ཁོས་ད་ལོ་དབྱར་ཁ་སྤྱི་ཟླ་དྲུག་པ་བདུན་པའི་ནང་ཕ་ཡུལ་ལ་འགྲོ་འཆར་ཡོད། ཡུལ་ན་ཨ་མ་མ་གཏོགས་མེད། ཨ་མ་ཡང་ཧ་ཅང་ལོ་ཆེན་པོ་ཡིན་ཟེར། དཀོན་མཆོག་གིས་མཁྱེན། སྐྱེ་བ་ནས་འཆི་བ་འཇིག་རྟེན་གྱི་ཆོས་ཉིད་ཡིན་ཡང་གློ་བུར་དུ་རྣ་ལ་གཟན་ཞིང་སྙིང་ཁར་གྲིས་གཙགས་པ་ལྟ་བུའི་སྐད་ངན་འདི་འདྲ་གོ་ཡོང་དུས་ཁོའི་སེམས་སུ་སྐྱོ་གདུང་ག་འདྲ་ཞིག་སྐྱེ་བཞིན་ཡོད་པ་དང་མིག་ཆུ་ག་ཚོད་ཅིག་བཞུར་ཚར་ཡོད་པ་དེ་ངས་མིག་གིས་མཐོང་མི་ཐུབ་རུང་སེམས་ཀྱིས་མྱོང་ཐུབ་ཀྱི་འདུག ཉིན་དེར་ཁོས་སྐད་མགོ་ནམ་རྒྱུན་དང་བསྡུར་ན་ཧ་ཅང་དམའ་བོ་འདུག  ཁ་བརྡ་དེ་ཙམ་མང་པོ་བྱེད་འདོད་མེད་པ་ཡང་ཤེས་ཐུབ། ཡང་གཅིག་བཤད་ན་ངས་རླངས་འཁོར་ཡང་ལམ་ཟུར་དེ་ནས་ཡུན་རིང་སྡོད་ཆོག་གི་མེད་པས་ངེད་གཉིས་ཀྱི་ཁ་བརྡ་ཅུང་ཙམ་མདོར་བསྡུས་ནས་བཤད་མཚམས་བཞག་པ་ཡིན།

ཕྱི་དྲོ་དེར་ངས་མིག་ཆུ་ཟེར་བ་འདི་ནི་ཤུགས་ཀྱིས་བཙུར་ན་མི་ཡོང་བ་ཞིག་དང་། བཙན་གྱིས་བཀག་ན་མི་ཁོགས་པ་ཞིག དགའ་སྐྱོ་འདྲེས་མའི་ཚོར་བ་རྣོན་པོ་དེ་རང་དབང་མེད་པར་ཕྱིར་མངོན་ཡོང་བའི་རང་བྱུང་གི་སེམས་སྒྲ་ངོ་མ་དེ་ཡིན་པ་རྟོགས་སོང་། ངས་མིག་ཆུ་གཏོང་ཞོར་དུ་རླངས་འཁོར་བསྐོར་ནས་རང་ཁྱིམ་དུ་ཇི་ལྟར་སླེབས་པ་ཡང་ཤེས་མ་སོང་། མཚན་མོ་དེར་ཡར་མར་མང་པོ་ཞིག་ལ་འདང་བརྒྱབ་ནས་ཞག་གང་བོར་གཉིད་རྩ་བ་ནས་ཁུག་ཐུབ་མ་སོང་། ངས་བསམ་པར་ང་རང་གི་ཉེ་འཁོར་དུ་ཕ་ཡུལ་དང་ཁ་བྲལ་ནས་ལོ་མང་བོ་འགོར་ཡང་ཕ་མ་གཉིས་ཀྱི་ལག་ཏུ་ཇ་ཕོར་པ་གང་ཡང་འཇོག་མ་ཐུབ་པར་ཕ་མ་གཉིས་འཇིག་རྟེན་དང་ཁ་བྲལ་སོང་བ་ག་ཚོད་ཅིག་ཡོད་རེད། ནམ་ཞིག་ཕ་ཡུལ་དུ་ལོག་ཐུབ་པ་བྱུང་ན་བསམ་ནས་དྲན་གདུང་དང་མིག་ཆུའི་ནང་འཚོ་བ་སྐྱེལ་བཞིན་པ་ག་ཚོད་ཅིག་བྱེས་ན་ལྷག་ཡོད་ཨང་། དེ་མིན་མཚམས་ལན་རེར་ས་ཆ་ག་གེ་མོ་ནས་ཡིན་པའི་མི་དེ་གློ་བུར་དུ་ཨ་རི་ནས་གྲོངས་སོང་ཟེར་བ། ཡུ་རོབ་དང་ཡང་ན་རྒྱ་གར་ནས་གྲོངས་སོང་ཟེར་བ་ཡང་གོ་མྱོང་བ་ཉུང་ཉུང་ག་ལ་ཡིན། ང་ཚོས་མ་ཤེས་པ་དང་མ་གོ་ས་ན་ད་རུང་ག་ཚོད་ཅིག་ཡོད་རེད་ཨང་། དེ་ལྟར་བསམ་དུས་སེམས་སུ་ཆུ་ལོག་རྒྱུགས་པ་ལྟ་བུའི་དངན་པ་ཞིག་རང་དབང་མེད་པར་འཆོར་འགྲོ་ལ། ཕ་ཡུལ་ནི་སེམས་ལ་ན་ཟུག་སྐྱེད་མཁན་ཞིག་ལས་གཞན་མ་རེད་ཨང་སྙམ་པའང་དྲན།

ང་ལ་ཨ་ཅེ་གཉིས་དང་ཕུ་བོ་གཉིས་ཡོད་པའི་ང་ནི་ཆུང་ཤོས་དེ་ཡིན། ཨ་མས་བཤད་ན། ང་ནི་མོའི་ཨ་ཕའི་རྣམ་ཤེས་ཡིན་ཟེར། ནམ་རྒྱུན་ཕུ་བོ་དང་ཨ་ཅེ་ཚོ་ལས་ཀྱང་ང་ལ་ལྷག་ཏུ་གཅེས། ཨ་ཕས་ཀྱང་ང་ཚོའི་ནང་ནས་ང་ལ་བརྩེ་འདང་ཆེ་བ་བྱེད་ཀྱིན་ཡོད། གཅིག་བྱས་ན་ང་སྤུན་ལྔའི་ཆུང་ཤོས་དེ་ཡིན་པས་ཡིན་སྲིད། འོན་ཀྱང་། ང་ལ་ཕ་མ་གཉིས་ཀའི་ཕྱོགས་གང་ནས་ཀྱང་ཨ་ཡེས་དང་ཨ་མྱེས་ཞེས་འབོད་ས་ཞིག་ཡོད་པ་དྲན་ངོ་ན་མི་འདུག ང་རང་སློབ་ཆུང་མཐར་ཕྱིན་ནས་དམའ་རིམ་འགྲིམ་དུས་བར་ང་རང་ཕ་མ་གཉིས་ཀྱི་དཀྱིལ་ཏུ་ཉལ་བ་དྲན།

དུས་རྒྱུན་ཨ་མ་ཡར་ལངས་དུས་མོས་ང་ག་ལེར་པང་དུ་བླངས་ནས་ཨ་ཕའི་རུམ་དུ་འཇོག་པ་རེད། ཨ་ཕས་ཀྱང་ཨ་ཕའི་གཅེས་ཀོ སྒོ་ང་སྒོང་ཕྲུག་ཟེར་ཞོར་ཁོས་བྲང་ལ་གླན་ནས་ཨ་མས་ནངས་ཇ་ཁོལ་རག་བར་ང་ཡང་བསྐྱར་གཉིད་དུ་འཇུག་གི་ཡོད། ཕུ་བོ་ཆུང་བ་ནམ་རྒྱུན་ཨ་མས་གཡོན་ཕྱོགས་སུ་ཉལ་གྱི་ཡོད། ལྷག་ཏུ་ཨ་ཕའི་རུམ་དུ་འཛུལ་ཚེ་ང་སྐད་ཆེན་པོས་ངུས་ཞོར་ཁོང་དང་འཁྲུག་པ་རྒྱག་གི་ཡོད། ཕུ་བོ་དང་ངེད་གཉིས་བར་དུ་ལོ་གཅིག་ལས་མེད་ལ་ཁོ་ནི་ང་དང་བསྡུར་ན་གཤིས་ཀ་འཇམ་པོ་དང་སྐད་ཆ་མང་པོ་བཤད་རྒྱུ་མེད་པ་ཞིག་ཡིན། ནམ་རྒྱུན་ངས་ཁོར་བརྙས་བཅོས་བྱས་པ་ལས། ཁོས་ནམ་ཡང་བརྙས་བཅོས་མི་བྱེད། ངར་ཕ་མ་གཉིས་ནས་གཅེས་ཀོ་གཅེས་རྒྱ། སྒྲོལ་གོ་སྒྲོལ་བྷེ་སྒོ་ང་སྒོང་ཕྲུག་ལ་སོགས་གཅེས་མིང་སྣ་ཚོགས་ནས་འབོད་པ་ལས། ངའི་མིང་ཆ་ཚང་ནས་བོས་པ་ཞིག་ངས་དྲན་གྱི་མི་འདུག ང་ཚོའི་སྡེ་བ་ནས་རྫོང་ཐོག་ལ་ཧ་ཅང་ཐག་ཉེ་བས། སློབ་རིམ་དང་པོ་ནས་གཉིས་པ་བར་སྡེ་བའི་ནང་དུ་དཔེ་ཆ་བཏོན་པ་ཡིན། སློབ་རིམ་གསུམ་པ་ནས་ལྔ་པ་བར་རྫོང་ཐོག་ནས་སློབ་གྲྭ་འདོན་སྐབས་དེར་མཚན་མོ་རང་ཁྱིམ་དུ་ལོག་ཆོག་གི་ཡོད། རྫོང་ཐོག་ནས་སློབ་རིམ་གསུམ་པ་འགྲིམ་པ་ནས་བཟུང་ཕྱི་དྲོ་སློབ་ཐུན་གྲོལ་ནས་རང་ཁྱིམ་དུ་མ་ལོག་པའི་སྔོན་ལ་སློབ་མ་གཉིས་ནས་བཞི་རེས་སློབ་ཁང་ནང་གད་རྒྱག་དགོས། གད་རྒྱག་རེས་དེ་ཟླ་རེའི་ནང་ཐེངས་གཉིས་གསུམ་མ་གཏོགས་ང་ལ་མི་འཁོར། དེ་ཡང་ཕ་ལགས་ཀྱིས་ངའི་ཚབ་ཏུ་གད་རྒྱག་པ་རེད། དགུན་ཁར་ཡང་སློབ་མ་ཚོ་རེས་མོས་ཀྱིས་ནངས་སྔ་བོར་ཡོང་ནས་སློབ་ཁང་གི་ལྕགས་ཐབ་ནང་མེ་སྒོང་ནས་སློབ་ཁང་དྲོས་དགོས། ངའི་རེས་མོས་ནམ་ཡིན་ལ་ངའི་ཕ་ལགས་ཡོང་ནས་མེ་སྒོང་བ་རེད། ཐེངས་ཤིག་ཨ་ཕས་ང་རྒྱབ་ལ་འཁུར་ནས་ནམ་མ་གསལ་གོང་སློབ་གྲྭར་སླེབས་ཤིང་། ཁོང་གི་རྒྱབ་ཏུ་གཉིད་ལ་ཡུར་བའི་ང་ག་ལེར་མར་ཕབ་ཞོར། “གཅེས་ཀོ ད་རུང་ནམ་གསལ་ཡག་ཟིག་མ་རེད། ཅུང་གཉིད་དང་ཨ་ཕས་ལམ་སེང་མེ་སྒོང་ནས་སློབ་ཁང་ནང་ཚ་ལམ་ལམ་ཞིག་གིས་བཏང་འཇོག་”ཟེར་ཞོར་ང་སྒྲོག་ཙེ་གཉིས་གཤིབ་ནས་བཞག་ཡོད་པ་ཞིག་གི་སྟེང་མར་བསྙལ་བ་དང་དཔེ་ཁུག་སྔས་མགོ་བྱས། ཁོང་གི་རྒྱབ་ལྭ་མཐུག་པོ་དེ་ངའི་སྟེང་གཡོགས་ནས་གཉིད་དུ་བཅུག་སོང་། ང་གཉིད་ནས་ཅུང་མ་འགོར་བར་ཕ་ལགས་ཀྱིས་གཅེས་ཀོ་ཨ་ཕའི་གཅེས་ཀོ ད་ཡར་ལོངས་ནམ་གསལ་སོང་། སློབ་མ་གཅིག་རེ་གཉིས་རེ་ཡོང་གིན་འདུག” ཟེར་ཞོར་སློབ་ཁང་གི་སྒེའུ་ཁུང་རེ་རེ་བྱས་ནས་སྒོ་བརྒྱབ་སོང་ལ། ཅུང་ཙམ་ནས་སློབ་ཁང་ནང་ཡང་དྲོད་ལམ་ལམ་དུ་གྱུར་སོང་། སྐབས་དེར་ཕ་ལགས་ཀྱིས་”ལྕགས་ཐབ་ཁ་ནས་འདུག་ཡུན་རིང་མི་ཉན་རྡོ་སྡུག་རྒྱག་ག ཁ་ལག་སྲོ་དུས་ལག་པ་སེམས་ཆུང་བྱོས་” སོགས་མང་པོ་མང་པོ་ཞིག་བཤད་ཞོར་ངའི་སྐྲ་ལ་བྱིལ་བྱིལ་ཞིག་བཏང་སོང་། སྐབས་དེར་ངའི་སེམས་སུ་དགེ་སློབ་ཚོས་ང་སྒྲོག་ཙེ་སྒང་ཉལ་ཡོད་པ་མཐོང་པའམ། ཡང་ན་ཨ་ཕས་ངའི་ཚབ་ཏུ་མེ་གསོས་པ་ཤེས་ན་ངོ་ཚ་བསམ་ནས་ལམ་སེང་། “ཨ་ཕ་ཁྱོད་འདི་ད་སྔ་ཙམ་ནས་གཉིད་མི་སློང་ནས་ད་སོང་སོང་རེམ་མ་སོང་།” ཟེར་ཞོར་སྒྲོག་ཙེ་སྒང་ནས་ལམ་སེང་སར་བབས་ཤིང་། ངའི་སྒང་ལ་གཡོགས་ཡོད་པའི་ཁོང་གི་རྒྱབ་ལྭ་ཁོའི་ཕྱོགས་སུ་གཡུགས། ཨ་ཕས་འཛུམ་དམུལ་དམུལ་ངང་ཡ་ཡ་ཟེར་ཞོར་གཤིབ་ནས་ཡོད་པའི་སྒྲོག་ཙེ་གཉིས་དེ་སོ་སོར་འཇོག་རྩིས་བྱས་སོང་། ངས་སྐད་གསང་མཐོན་པོས་ཨ་ཕ་ཞེས་སྡང་སྡིག་ཅིག་བསྟན་པ་ན་ཁོང་གིས་ཀྱང་ཧ་གོ་སོང་བ་ལྟར་ཡ་ཡ་ཨ་ཕ་འགྲོ་ཨ་ཕ་འགྲོ་ཟེར་ཞོར་འཛུམ་དམུལ་ལེར་སློབ་ཁང་དུ་ཕྱིར་བུད་སོང་། ད་ལྟ་བསམ་ན། ཨ་ཕས་ང་ལ་བཞག་པའི་བརྩེ་འདང་ནི་སྨྱུག་རྩེ་ནས་ཁྲག་བཞུར་ཡང་བྲིས་ཚར་བ་ཞིག་མིན་ལ། མིག་ཆུ་རྒྱ་མཚོར་འདྲེས་ཀྱང་གླེང་ཚར་བ་ཞིག་མ་རེད། རྣམ་གཡེང་གིས་ལོ་ཟླ་མང་པོ་དེ་ལྟར་བསྐྱལ་ནས་རང་གི་སེམས་ངོ་ཟིན་དུས་ཕ་དྲིན་ཅན་རང་དང་གཏན་བྲལ་ཏུ་ཕྱིན་རྗེས། ཕྱིར་དྲན་གྱི་ཀློང་ནས་དྲན་གདུང་དང་འགྱོད་སེམས་ཀྱི་མིག་ཆུ་བསྐྱིལ་ནས་སྡོད་དགོས་པ་འདི་ལས་ན་ཟུག་ཆེ་བ་ཞིག་མི་འདུག ཕ་ཡུལ་ཞེས་པའི་ཐ་སྙད་འདི་རྣ་བས་གོ་ཐེངས་རེ་རེ་དང་མིག་གིས་མཐོང་ཐེངས་རེར་རང་དང་གཏན་དུ་བྲལ་ཚར་བའི་དྲིན་ཆེན་ཕ་ལགས་དེ་དྲན་འོང་ལ། དྲིན་ཆེན་ཕ་ལགས་དྲན་ཐེངས་རེར་སྙིང་ཁར་མདའ་གྲི་མདུང་གསུམ་གྱི་གཙགས་པ་ལྟ་བུའི་ན་ཟུག་ཅིག་འདུག དེ་བས་ཕ་ཡུལ་ནི་སེམས་སུ་ན་ཟུག་སྐྱེད་མཁན་ཞིག་ལས་གཞན་མ་རེད་ཨང་འདོད།

སྐབས་འདིར་ངས་ཉིན་གུང་གི་ཟ་མའི་བར་གསེང་བེད་སྤྱད་དེ་ཕྱིར་དྲན་རེ་བྱེད་ཞོར་རང་གིས་རང་ལ་ལེ་བདའ་དང་འགྱོད་བཤགས་བྱེད་ཀྱིན་ཡོད་ལ། མིག་ཆུ་ཡིས་བཞུར་རྒྱུན་སྨྱུག་རྩེ་དང་འགྲོགས་ནས་ཁ་པར་ནང་དུ་ཡི་གེ་ཤར་མར་གཏགས་བཞིན་ཡོད།

ང་རང་དམའ་གཅིག་ནས་འགོ་བཙུགས་ཏེ་སློབ་གྲྭ་ནང་དུ་ཞག་སྡོད་བྱེད་དགོས་ཀྱི་ཡོད། ཡིན་ན་ཡང་བདུན་གཅིག་གི་ནང་དུ་གཟའ་སྤེན་པའི་ཕྱི་དྲོ་ནས་བཟུང་རང་ཁྱིམ་དུ་ལོག་ནས་གཟའ་ཉི་མའི་མཚན་ཚོགས་ཀྱི་རྗེས་ཟིན་ན་འགྲིག་གི་ཡོད། གཟའ་སྤེན་པར་ནང་དུ་སླེབས་མ་ཐག་ཨ་མས་ཕུ་བོ་ཆུང་བ་དང་ངེད་གཉིས་ཀྱི་སྐྲ་ཁྲུས་སྤྱད་ཀྱི་ཆུ་ཚ་བོ་བཟོས་ནས་སྒུག་བསྡད་ཡོད།༼ང་དམའ་གསུམ་མཐར་ཕྱིན་ནས་རྒྱ་གར་དུ་འགྲོ་རོགས་བར་དུ་ངས་རང་གིས་མགོ་སྐྲ་ཐེངས་གཅིག་ལའང་བཀྲུས་མྱོང་མེད་ལ་བཀྲུས་ཨེ་ཤེས་ཀྱང་བལྟས་མྱོང་མེད་ཟེར་ཡང་མི་ཆོག་རྒྱུ་མེད༽ཨ་སྲུ་ཡིས་ཕུ་བོ་ངེད་གཉིས་ཧ་ཅང་དགའ་བའི་ཆུ་མོག་བཟོ་ཆོག་ཆོག་བྱས་ནས་སྒུག་བསྡད་ཡོད། ཨ་ཕས་རྫོང་ཐོག་ཏུ་གློག་བརྙན་བལྟ་ས་ཞིག་ཕྱེས་ཡོད་པས་ནམ་རྒྱུན་རྫོང་ཐོག་ཏུ་ཁོམ་པ་མེད་མོད། གཟའ་སྤེན་པ་ཕུ་བོ་ངེད་གཉིས་ཁྱིམ་དུ་ཡོང་གི་ཡོད་པ་ཤེས་ནས་ཕུ་བོ་ངེད་གཉིས་མ་ཐོན་སྔོན་ལ་ཁོས་ཤ་དང་སིལ་ཏོག་འདྲ་ཉོས་ཏེ་ཁྱིམ་ན་ཇ་འཐུང་ཞོར་ཕུ་བོ་ངེད་གཉིས་ལ་སྒུག་ནས་ཡོད། སྐབས་དེར་ཁྱིམ་ན་བརྙན་འཕྲིན་མེད་ལ་ཁ་པར་དང་གློག་ཀླད་ལྟ་བུ་དེ་ལས་ཀྱང་མེད་མོད། ཁྱིམ་ཚང་ནང་དུ་ཕ་མ་དང་བུ་ཕྲུག་བར་དུ་བཤད་མི་ཚར་བའི་ཁ་བརྡ་མང་པོ་ཡོད་ལ་ཁྱིམ་ཚང་ནང་དུ་བརྩེ་བ་དང་དགོད་སྒྲས་ཁེངས་ཡོད། ཕྱིར་འདང་ཞིག་བརྒྱབ་ན་སྐབས་དེར་ད་ལྟ་ནང་བཞིན་གཞུང་ལམ་ཆེན་པོ་མེད། ཁང་པ་ཐོག་བརྩེགས་ཅན་མང་པོ་མེད། ཁྱིམ་ཚང་རེ་ན་བརྙན་འཕྲིན་རེ་མེད་ལ། མི་རེའི་ལག་ཏུ་ཁ་པར་རེ་དེ་ལས་ཀྱང་མེད། དངུལ་ཁང་གི་བྱང་བུ་ཡོད་མཁན་མེད་ལ་ཁྱིམ་ཚང་རེ་ལ་སྒོར་ཁྲི་གཅིག་མ་དགོས་སྒོར་སྟོང་གཅིག་མེད་མཁན་ཡང་ཧ་ཅང་མང་། ཐ་ན་ཟ་མའི་ནང་འདེབས་སྤྱད་ཀྱི་ཚྭ་ཁུ་དང་མེ་སྦར་སྤྱད་ཀྱི་ཙག་སྒྲ་ཡིན་ན་ཡང་ཁྱིམ་ཚང་ཕན་ཚུན་ལ་གཡར་རེས་བྱེད་ཀྱི་ཡོད། ཐག་རིང་ཞིག་ལ་འགྲོ་དགོས་བྱུང་ན་རྐུན་མ་ཡོང་བར་དོགས་ནས་སྒོ་ཟྭ་རྒྱག་མི་དགོས། ལ་ལས་སྒོ་ལྕགས་སྟེང་འདམ་འབག་ཞིག་སྦྱར་ནས་འགྲོ་བཞིན་ཡོད། ཁྱིམ་ཚང་རེ་གཉིས་ཀྱི་སྒོ་ཟྭ་བརྒྱབ་པ་་ཡིན་ན་ཡང་ལྡེ་མིག་དེ་སྒོ་འགྲམ་དུ་རྡོ་ཞིག་གི་འོག་ཏུ་མནན་འཇོག་པའམ་ཡང་ན་སྒོ་སྒང་གི་མཐོང་ས་ཞིག་ནས་འཇོག་པ་རེད། བུད་མེད་ཚོས་ངོ་ཕུར་ན་ཡང་ཕག་ཚིལ་དང་མར་འདྲ་བ་ཞིག་ལས་བྱུགས་ཀྱི་མེད། སྐྲ་ཡིན་ན་ཡང་སེར་དམར་དང་ལྕང་སྡོང་གི་ཤུན་པགས་ཡང་ན་དུག་ལོག་ཁྲུས་བྱེད་(洗衣粉)ཡི་བཀྲུས་ཀྱི་ཡོད། ལོ་སར་ཐོན་ན་མ་གཏོགས་རྒྱས་ཟ་རྒྱས་འཐུང་བྱེད་རྒྱུ་གང་ན་ཡོད། ལོ་གཅིག་གི་ནང་དུ་ལྭ་བ་གསར་བ་ཐེངས་གཉིས་ནས་གསུམ་ལ་ཉོ་ཐུབ་ན་ཁྱིམ་ཚང་ཆ་རྐྱེན་ཅུང་བཟང་ཤོས་གྲས་རེད། ཡིན་ན་ཡང་སྐབས་དེར་མི་རྣམས་ལ་འགྲན་རྩོད་མེད་ལ་ང་རྒྱལ་དེ་ལས་ཀྱང་མེད། སློབ་གྲྭའི་དབྱར་གནང་དང་དགུན་གནང་གི་སྐབས་སུ་སྡེ་བའི་ནང་གི་ལོ་ལོན་ཚོ་ནམ་རྒྱུན་ལྟར་མ་ཎི་ཁང་ནང་དུ་མ་ཎི་བསྐོར་ཞོར་ཁ་བརྡ་དང་དགོད་སྒྲའི་ངང་ཉི་མ་ལྡེས་ནས་ཡོད། ན་གཞོན་ཚོས་སྡེ་བའི་སྲང་མདོ་དང་གཡོས་གཡོན་དེ་འདྲ་ན་འགྱིག་འདེད་རེས་བྱེད་པ་དང་ཡང་ན་ས་ཁུང་ཆུང་ཆུང་ཞིག་བསྐོས་ནས་དེའི་ནང་དུ་དཀར་ཡོལ་ཆག་རོ་རི་མོ་ཅན་དང་ཡང་ན་སྐར་མ་དེའི་ནང་དུ་འཕངས་ནས་རྒྱལ་སྐུགས་རེ་འདྲ་བྱེད་ཀྱི་ཡོད། ང་ཚོ་ལོ་ཆུང་ཚོ་ཐེ་བོ་དང་ཡང་ན་འབའ་རྩི་དར་རྡོ་རྩེས་པ་སོགས་ལ་གཡེང་ནས་ས་ཅི་ལྟར་རུབ་པ་ཡང་མི་ཤེས། སྐབས་དེར་སྡེ་བའི་ནང་སྤྲོ་སྣང་གི་ཁེངས་ཡོད། ཁྱིམ་ཚང་ནང་བདེ་སྐྱིད་ཀྱིས་ཁེངས་ཡོད། དེ་དུས་ཕ་ཡུལ་ངོ་མ་སྐྱིད། ཁྱིམ་མཚེས་ཕན་ཚུན་དབར་ཧ་ཅང་འགྲིག་མཐུན་ཡོད། ཁ་ཡ་ན་ཟླ་བར་ཧ་ཅང་ཞེ་འདང་ཆེ། རྒན་བཀུར་གཞོན་གཅེས་ཟེར་བ་དེ་ཡང་ཁ་ནང་གི་ཚིག་ཙམ་མིན། སྟོན་མོ་ཆེ་མ་ཆུང་གསུམ་ལ་ཁྱིམ་ཚང་ནང་གི་རྒན་པ་སྟེ་ལོ་སུ་ཆེ་བ་ཡིན་པ་དེ་འགྲོ་སྲོལ་ཡོད། ཚོགས་ས་འདུས་ས་ནས་ཀྱང་ལོ་ལོན་ཚོ་ཡར་བརྩིས་ཏེ་ཁོང་ཚོའི་གཏམ་བཤད་ལ་ཉན་རྒྱུར་ཚང་མ་སྤྲོ་བོ་ཡོད།

ང་རང་ཕ་ཡུལ་དང་ཁ་བྲལ་ནས་ལོ་ཉེར་ལྔ་ཏག་ཏག་འགོར་འདུག ལོ་བཅུ་གཉིས་ཙམ་གྱི་རྗེས་སུ་ང་ཐེངས་དང་བོར་ཕ་ཡུལ་དུ་འགྲོ་དུས་ཕྱིའི་དངོས་པོ་ཡར་རྒྱས་སུ་སོང་ཡོད་པའི་ཚོར་བ་ཞིག་སྦྱིན་སོང་མོད། དགུན་ཁ་ནམ་ཟླ་ཧ་ཅང་འཁྱག་ཏུ་ཡོད་པའི་སྐབས་དེར།  ལོ་སར་གྱི་གཡས་གཡོན་ལ་མ་གཏོགས་སྡེ་བའི་ཕྱི་ནང་གཉིས་ན་ལོ་ལོན་དང་ནད་པ་ཡང་ན་བྱིས་པ་ཆུང་ཆུང་དེ་འདྲ་མ་གཏོགས་ཚང་མ་ལས་ཀ་དང་ཞོར་ལས་ལ་སོང་ནས་སྔོན་མ་ནང་བཞིན་མི་དེ་ཙམ་མཐོང་རྒྱུ་མི་འདུག དགོད་སྒྲ་དེ་དག་ཀྱང་ཐོས་རྒྱུ་མི་འདུག ངའི་མཐོང་ཡུལ་དུ་གྱུར་བའི་ཕ་ཡུལ་དེ་ངའི་ནམ་རྒྱུན་ཚོར་བའི་ནང་ཡོད་པའི་ཕ་ཡུལ་དེ་རེད་མི་འདུག ཡིན་ན་ཡང་སྐབས་དེར་ངས་འཇིག་རྟེན་ཀྱི་བྱ་དངོས་ཡོད་ཚད་འགྱུར་འགྲོ་བ་ནི་འཇིག་རྟེན་གྱི་ཆོས་ཉིད་ཞིག་ཡིན་པས་དེ་ཙམ་སྐྱིད་སྣང་ཞིག་མ་བྱུང་ཡང་། སྐབས་དེར་ངའི་སེམས་ཀྱི་རྒྱབ་རི་དམར་པོ་སྟེ་རང་ཉིད་ལ་སྲོག་ལྟར་གཅེས་པའི་དྲིན་ཆེན་ཕ་ལགས་བཞུགས་ཡོད་པས་ན་ཟུག་གི་ཚོར་སྣང་དེ་འདྲ་ཤུགས་ཆེན་པོ་ཞིག་སྦྱིན་མ་སོང་།

༢༠༠༩ལོའི་སྤྱི་ཟླ་དྲུག་པའི་ཚེས་ཉེར་བཞི་ཉིན་གྱི་ཕྱི་དྲོ་ཆུ་ཚོད་བཞི་ཡས་མས་སུ་ངའི་དྲིན་ཆེན་ཕ་ལགས་འཇིག་རྟེན་འདིར་ང་ཚོ་དང་གཏན་དུ་ཁ་བྲལ་སོང་ཟེར་པའི་གཏམ་ངན་རྣ་ལ་གཟན་ཞིང་སྙིང་ཁར་གྲི་ཡིས་གཙགས་པ་ལྟ་བུ་དེ་གོ་བ་ནས་བཟུང་ཕ་ཡུལ་ཅེས་པའི་ཚིག་འདི་སེམས་སུ་དྲན་ཡོང་དུས་ངས་ཕ་ལགས་དྲན་ཡོང་ལ་ཕ་ལགས་དྲན་ཐེངས་རེར་ཕ་ཡུལ་ཞེས་པའི་ཚིག་འདི་ནི་ངའི་སྙིང་ལ་ན་ཟུག་སློང་སྤྱད་ཅིག་ཏུ་གྱུར་སོང་།

སྔོན་མ་ཡིན་ན་ཕ་ཡུལ་དུ་མ་ལོག་པའི་ཟླ་གཅིག་གི་སྔོན་ནས་བཟུང་ཡིད་སེམས་གཉིས་ཀ་དགའ་བ་དང་སྤྲོ་བ་ཞིག་གིས་ཁེངས་ནས་ཡོད། དེ་ལོས་ཡིན་སྐབས་དེར་ཕ་ཡུལ་ན་ཨ་ཕ་ཟེར་བ་ཞིག་གིས་ཁ་པར་ལས་སྒྲོལ་གོ་ཉིན་ཁ་ཤས་ཡིན་ཡང་སྔུན་ན་གཅིག་བསྣུར་ཨེ་ཐུབ་ཀི་ལྟོས་དང་། ཕ་ཡུལ་ལ་ཡོང་གི་ཡོད་མ་བཤད་ན་སྐྱོན་མི་འདུག་ཡོང་གི་ཡོད་ཅེས་བཤད་ཚར་རྗེས་ཉི་མ་གཅིག་ཡིན་ཡང་ཕར་འགྲོ་རྒྱུ་ཞིག་མེད་ཁུ་ཟེར་བཞིན་ང་ལ་ཉིན་མཚན་དུས་དྲུག་ཏུ་སྒུག་ནས་སྡོད་མཁན་གྱི་དྲིན་ཆེན་ཕ་ལགས་བཞུགས་ཡོད། པེ་ཅིན་གནམ་ཐང་དུ་ལེན་གི་ཡོང་ན་མ་གཏོགས་སེམས་མི་བདེ་གི་ཟེར་མཁན་གྱི་དྲིན་ཆེན་ཕ་ལགས་བཞུགས་ཡོད། ཁྱེད་རང་ཆེས་དགའ་བའི་གཅན་ཚའི༼ལིང་ཧྥིན༽དང་སིལ་རའི་ནང་གི་སིལ་སྣ་ཁ་ཆ་ཙིག་བཏོག་ནས་ཁྱེར་ཡོང་ཡོད་ཟེར་མཁན་གྱི་ཕ་ལགས་བཞུགས་ཡོད། ཕ་ཡུལ་དུ་ཐོན་མ་ཐག་ཉིན་ཁ་ཤས་ལ་ཁྱིམ་ནས་ངལ་གསོ་ཡག་པོ་ཞིག་རྒྱོབས། དེ་ནས་རང་གི་འདོད་པ་ལྟར་གང་ལ་འགྲོ་འདོད་པ་དང་སུ་ལ་ཐུག་འདོད་ན་དེ་ལྟར་བྱོས་ཟེར་མཁན་གྱི་ཕ་ལགས་བཞུགས་ཡོད། སྒོར་འབུད་ཁར་ཆང་མང་པོ་མ་འཐུང་། རླངས་འཁོར་བསྐོར་དུས་སེམས་ཆུང་བྱོས། དགོང་མོ་འཕྱི་བོ་མི་སྡོད་པར་ཁྱིམ་དུ་ལོག་ཤོག ཨ་མ་ངེད་གཉིས་ཀྱིས་སྒུག་ནས་འདུག་ཟེར་མཁན་གྱི་ཕ་ལགས་དེ་བཞུགས་ཡོད། ངས་ཉོག་བཤད་ག་ཚོད་ཞིག་བརྒྱབ་རུང་ཉན་པར་སྤྲོ་ཞིང་ང་ལ་བདེན་ཁ་སྟེར་བའི་དྲིན་ཆེན་ཕ་ལགས་དེ་བཞུགས་ཡོད། ངའི་བུ་མོ་འདི་སེམས་པ་བཟང་བ་དང་གཏོང་ཕོད་ཆེ་བ་འདི་ང་ཨ་ཕ་ལ་རིག་གི་ཟེར་བཞིན་འདོད་བློ་ཡོངས་སུ་ཚིམས་ཤིང་ངོ་གདོང་འཛུམ་གྱིས་ཕྱུག་པའི་ཕ་ལགས་དེ་བཞུགས་ཡོད། ངའི་བུ་མོ་འདི་བུ་བརྒྱ་དོ་སྟོང་དོ་ཞིག་ཡིན་ཞེས་ཡང་ཡང་བསྔགས་པའི་ཕ་ལགས་དེ་བཞུགས་ཡོད། ཁ་སང་དེ་རིང་ཕ་ཡུལ་ཞེས་པ་འདི་གོ་ཡོང་དུས་ཕ་ལགས་དྲན་ཡོང་ལ་ཕ་ལགས་དྲན་ཐེངས་རེར་ཕ་ཡུལ་ནི་ངའི་སེམས་སུ་ན་ཟུག་སློང་སྤྱད་ཅིག་རེད། ང་ཕ་ཡུལ་དུ་འགྲོ་ཐེངས་རེར་ངའི་མཐོང་ལམ་གྱི་གྲིབ་ཟུར་རེ་རེ་ནས་ཕ་ལགས་ཀྱི་རྒྱབ་གཟུགས་མཐོང་གྱིན་འདུག་ལ། མི་ཚོགས་ཀྱི་འུར་སྒྲའི་ཁྲོད་ནས་ངས་ཕ་ལགས་ཀྱི་སྐད་སྒྲ་ཚོར་གྱིན་འདུག དགོན་པ་ཁག་དང་སྡེ་བའི་མ་ཎི་ཁང་དུ་འགྲོ་དུས་ཕ་ལགས་ཀྱིས་བཞེངས་པའི་ལྷ་རྟེན་ཆོས་གསུམ། སྐུ་བརྙན་མང་བོ་མཐོང་རྒྱུ་འདུག་ལ་སྡེ་བའི་ལོ་ལོན་ཚོའི་ཁ་ན་ཁྱེད་ཀྱི་འཇོན་ཐང་དང་མི་སེམས་དཀར་ཞིག་ཡིན་པ་གོ་རྒྱུ་འདུག སྲང་ལམ་རེ་རེ་ན་ཕ་ལགས་ཀྱི་རྐང་རྗེས་འདུག་ལ་ལམ་འགྲམ་དང་ཁྱིམ་གྱི་གཡས་གཡོན་ཚང་མ་ན་ཕ་ལགས་ཀྱིས་བཙུགས་པའི་སིལ་སྡོང་སྣ་ཚོགས་འདུག་པ་དང་། ད་རུང་ཁྱིམ་གྱི་ལྷས་རའི་ནང་དུ་ཕ་ལགས་ཀྱིས་བཙུགས་པའི་མེ་ཏོག་ཨ་དཀར་གཉིས་དང་ཙན་ཏན་སྡོང་བོ་ཞིག་བཙུགས་ཡོད་པ་དེ་ཡང་འདུག

ངེད་ཚང་གི་ཁང་པའི་ཟུར་ན་ཡོད་པའི་རི་སྒང་དེའི་སྒང་ལ་བུད་ནས་རི་སྒང་དེའི་ཁ་གཏད་ན་ཆགས་ཡོད་པའི་རྨ་ཀླུང་རྡོ་རྗེ་བྲག་དང་རི་འདབས་ན་ཆགས་ཡོད་པའི་རང་རེའི་སྡེ་བ་ལ་སོགས་མིག་གི་མཐོང་ལམ་དུ་གྱུར་ཐེངས་རེར་ཕ་ལགས་ཀྱིས་ང་ཁོས་པང་དུ་བཟུང་ནས་སྡེ་བ་དང་འཚོ་བ་ཇི་ལྟར་ཆགས་ཚུལ་གསུངས་པའི་གཏམ་རྒྱུད་དམ་ལོ་རྒྱུས་མང་། ང་ཕ་ཡུལ་དུ་འགྲོ་ཐེངས་རེར་ཕ་ལགས་དྲན་གྱིན་འདུག ཕ་ལགས་དྲན་ཐེངས་རེར་ཕ་ཡུལ་ནི་ཁ་མདོག་མེད་པའི་མྱ་ངན་ཐང་ཞིག་དང་འདྲ་བར་ངའི་སེམས་སུ་ན་ཟུག་སློང་སྤྱད་ཅིག་རེད།

ལྷུག་རྩོམ།

Post navigation

Previous Post: བོད་ཀྱི་ཡིག་ཟམ་གྱི་ཚ་འདེད་པའི་གཏམ།
Next Post: དྷ་རམ་ས་ལ་དང་ས་ཐག་རིང་ཡང་སེམས་ཐག་ཉེ།

Comments (12) on “ཕ་ཡུལ་ནི་སེམས་སུ་ན་ཟུག་སློང་སྤྱད་ཅིག་རེད།”

  1. དགེ་འདུན་རྒྱ་མཚོ། says:
    2018-06-14 at 12:43 am

    ངས་རྩོམ་ཡིག་འདི་ཀློག་སྐབས་སྒྲོལ་མ་གཡང་སྐྱིད་ལགས་ཁོ་མོ་ཚང་གི་གློག་བརྙན་སྟོན་སའི་ལྕགས་སྒོའི་ཁ་དེར་ལངས་བསྡད་ཡོད་པ་དྲན་བྱུང་ལ། སྐབས་དེར་ཨམ་སྐད་ཀྱི་གློག་བརྙན་ལེའུ་ཅན་ཐེན་པེ་གྲོང་རོང་ཟེར་བ་དེའི་ཚན་པ་གཅིག་ལ་བལྟས་པར་མོས་ངའི་ལག་ནས་མོ་ཤོག་ལྔ་བླངས་སོང་བ་ད་དུང་ཡང་དྲན་ངོགས་ན་འདུག

  2. མྱྀ་ནག says:
    2018-06-14 at 4:58 am

    ང་ལ་མཚོན་ན་ཕ་ཡུལ་ནི་གང་གིས་ཀྱང་འགྲེལ་དུ་མེད་པའི་འདུ་ཤེས་གཙང་མ་དེའོ།

  3. རྟ་བདུན་དབང་བོ says:
    2018-06-16 at 8:16 pm

    རྩོམ་ཉོག་འདི་བཀླགས་ཟིན། འགོ་བརྗོད་ལ་བལྟས་ན་སྒྲོལ་མར་ཕ་ཡུལ་ནས་སྡུག་སྦྱོང་མནར་གཅོད་ཚད་མེད་པ་ཞིག་བཏང་ཡོད་ས་རེད་བསམ་བྱུང་། ཞིབ་ཏུ་ཀློག་དུས་དེ་འདྲ་ཞིག་རེད་མི་འདུག འཇིག་རྟེན་འདི་ན་གང་ཟག་དང་དངོས་པོ་གང་་ཞིག་ཡིན་ཀྱང་རྟག་པ་དང་བརྟན་པ་མེད་པ་ཤེས་དགོས། ཐ་ན་ངའམ་བདག་ཅེས་འཛིན་པའི་བློ་འགོག་ཏུ་མེད་པ་ཞིག་ཡོད་པ་དེའང་རང་བཞིན་གྱིས་མེད་པས་སྟོང་པ་ཡིན་པ་ཤེས་དགོས། སྟོང་པ་དེའི་ཀློང་ནས་འཇིག་རྟེན་འདིའི་འཁྲུལ་སྣང་ཐམས་ཅད་གྲུབ་པ་རེད། ཕ་མ། སྤུན་ཟླ། ཉེ་འབྲེལ། སྡེ་བ། གྲོང་འཁྱེར་འདི་ཐམས་ཅད་རྨི་ལམ་ལྟར་སྣང་ཙམ་རེད། ཐ་ན་རང་ཉིད་མནར་སོན་ནས་སྔར་ངོ་མི་ཤེས་པའི་མི་ཞིག་ལ་བརྩེ་བ་འགོག་མེད་ཅིག་ཆགས། དེ་དང་མཉམ་དུ་ཕྲུག་གུ་ཁ་ཤས་ཤིག་ཀྱང་འཚར་ལོངས་བྱུང་། དེའི་ངང་ན་སྙིང་པོ་མེད་པའི་མི་ཚེ་འདི་དགའ་སྐྱོ་གཉིས་ཀྱིས་ཁེངས་པའི་ངང་དེ་ལྟར་མཇུག་རྫོགས། ཞིབ་ཏུ་བསམ་བློ་བཏང་ན་མི་ཚང་དང་སྦྲང་མའི་སྦྲང་ཚང་གཉིས་ལ་དུས་ཚོད་རིང་ཐུང་ཙམ་ལས་ཁྱད་པར་སྤུ་རྩེ་ཙམ་ཡང་མེད། སྦྲང་མ་ཞིག་ལ་མཚོན་ན་རང་ནུས་གང་ཡོད་ཀྱིས་སྦྲང་རྩི་གསོག་རྒྱུ་དང་རྒྱལ་མོར་ཞབས་ཞུ་སྒྲུབ་རྒྱུ་ལས་གཞན་གཅིག་ཀྱང་མེད། འོན་ཀྱང་ཚེ་ཚད་ནི་ཟླ་ཁ་ཤས་ལས་མེད། ང་ཚོ་མིའི་རྣམ་དཔྱོད་ཀྱིས་སྦྲང་མའི་དཀའ་བ་སྤྱད་ནས་སྦྲང་ཚང་སྲུང་བ་དེར་སྙིང་པོ་གང་ཡང་མེད་པ་རྟོགས་སླ། འོན་ཀྱང་ང་ཚོ་འགྲོ་བ་མིའི་ལ་རྒྱ་དང་ནང་མི་སྤུན་ཟླའི་ཆེད་དུ་རང་སྲོག་མ་འཛེམས་པར་བློས་གཏོང་ཐུབ་པ་དེ་སྦྲང་མས་སྦྲང་ཚང་གི་ཆེད་དུ་བློས་བཏང་བ་དང་ཁྱད་པར་སྤུ་རྩེ་ཡང་མེད་པ་དེ་ཤེས་ཐུབ་ཀྱི་མེད། གལ་ཏེ་ཤེས་ཐུབ་ན་ཆགས་སྡང་གི་རྒྱ་འདི་ལས་གྲོལ་བའི་ཐབས་ལམ་ཞིག་བཅོམས་ལྡན་འདས་ཀྱིས་ལོ་ངོ་ཉིས་སྟོང་ལྔ་བརྒྱའི་གོང་ནས་བསྟན་ཟིན་པ་རེད་དོ། །

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-06-17 at 10:26 pm

    ཕ་ཡུལ་མ་ཡུལ་གང་ཡིན་ཀྱང་།
    འཇིག་རྟེན་མྱུལ་བའི་མགྲོན་ཁང་རེད་།
    ཕ་ཡུལ་མ་ཡུལ་མ་བརྗེད་ཨ་།
    ཁྲག་རྩ་ཡོད་པའི་བོད་ཕྲུག་ཚོ་།

  5. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-06-17 at 10:56 pm

    ཕ་ཡུལ་དགྲ་ལ་ཤོར་ཀྱང་ཕ་སྐད་རང་རྒྱུད་ཉར་དགོས་།
    མ་ཡུལ་མི་གིས་འཁྲོགས་ཀྱང་མ་ཡིས་བསླབ་བྱ་ཉར་དགོས་།
    ཕ་མ་འཛོམས་པའི་དུས་ཚོད་ཚེ་སྟོད་ཙམ་ལས་མེད་ཀྱང་།
    ཕ་མས་བཟང་པོའི་བསླབ་བྱ་མི་ཚེ་ཧྲིལ་པོའི་ལམ་སྟོན་།

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-06-18 at 1:17 am

    ཕ་བཟང་བུ་རབས་ཚ་རྒྱུད་།
    ཕ་སྐད་གཙང་མ་བཤོད་དང་།
    མ་བཟང་བུ་མོ་ཚ་མོ་།
    མ་རབས་རྗེས་ལ་མ་འགྲོ་།

  7. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-06-18 at 11:36 pm

    ཕ་ཡུལ་མེད་པའི་སྲོག་ཆགས་གླིང་འདིར་མེད་།
    ཕ་ཡུལ་གཞན་གྱི་བཅོམ་པའི་སྲོག་ཆགས་མང་།
    ཕ་ཡུལ་ཡོད་ནས་ཕ་སྐད་དོར་མཁན་མང་།
    ཕ་ཡུལ་མེད་ཀྱང་ཕ་སྐད་སྲུངས་མཁན་མང་།

  8. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-06-18 at 11:46 pm

    ཕ་རུས་དཀར་པོ་གདུང་དཀར་གཡས་འཁྱིལ་འདྲ་།
    གདུང་དཀར་པོ་ཆོས་སྒོ་འཕྱེ་རྒྱུ་རེད་།
    མ་རུས་སྔོན་མོ་གཡུ་ཡིས་མཎ་ཌལ་འདྲ་།
    ལས་དགེ་བ་སྒྲུབ་པའི་མཎ་ཌལ་རེད་།

  9. ཀླུ་སྨྱོན། says:
    2018-06-20 at 1:44 pm

    ངའི་མིག་ནང་ལ་མཆི་མ་སྤར་མོ་གང་བརྫངས་བྱུང་། བསམ་ནག་མ།

  10. བསམ་ཤེས་ says:
    2018-06-20 at 2:47 pm

    དཔེ་ཡག་པོ་བྲིས་འདུག

  11. བསམ་ཤེས། says:
    2018-06-20 at 2:47 pm

    དཔེ་ཡག་པོ་བྲིས་འདུག

  12. བསམ་ཤེས། says:
    2018-06-20 at 2:49 pm

    སྙིང་མ་རྗེ། ཕ་ཡུལ་ཟེར་བ་འདི་སྐྱིད་སྡུག་ཐོག་ནས་སེམས་ཆགས་པ་ལྟ་བུ་རེད་མི་འདུག གཙོ་བོ་རང་གི་མི་ཚེའི་འགལ་འགངས་ཆེ་ཤོས་ཀྱི་མི་དང་། ཁོར་ཡུག་སོགས་དང་འབྲེལ་ཡོད་པས་ཡིན། དེས་ན་མི་རྟག་པ་དང་འགྱུར་བ་བཤད་ནས་ཕ་ཡུལ་འགྲེལ་པ་དེ་ནོར་སོང་བ་ལྟ་བུ་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme