Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་ཡུལ་ན་དགའ་ལྡན་ལྔ་མཆོད་འཚོག་བཞིན་འདུག

Posted on 2016-11-242016-11-24 By ཡེ་ཤེས་ 18 Comments on ཕ་ཡུལ་ན་དགའ་ལྡན་ལྔ་མཆོད་འཚོག་བཞིན་འདུག

tsongkhapa-day—-ཀླུ་སྨྱོན།

 
སྐད་འཕྲིན་གྱི་རྒྱབ་ལྗོངས་མང་པོ་ལས་མཐོང་བ་ནི།
ཕ་ཡུལ་ན་དགའ་ལྡན་ལྔ་མཆོད་འཚོག་གིན་འདུག
ཕ་ཡུལ་གྱི་བོད་ཟླ་བཅུ་བའི་གྲང་ངར་དེ་ཁྱེད་ཀྱིས་བརྗེད་མི་སྲིད།
རུས་རྐང་གཟེར་བའི་གྲང་ངར་དེའི་ཀློང་དུ།
གྲྭ་པ་ཚོས་ཐེར་མའི་གཟན་ཤམ་དང་སྟོད་འགག་རྒྱན་དྲུག་གྱོན་ནས།
ཆོས་གོས་རྣམ་སྦྱར་དང་ཞྭ་མོ་རྔོག་ཟེ་གྱོན་ནས།
གྲྭ་ཆུང་ཚོས་ཀྱང་ཁ་ངོ་གཙང་མ་རེ་བཀྲུས་ནས།
མར་རྩམ་གྱི་དྲི་ཞིམ་འཐུལ་བའི་བསང་དུད་ཀྱི་ཀློང་དུ་འདྲེས།
དེ་ནི་དགོན་པ་སོ་སོའི་གོས་སྐུ་འདྲ་མིན་བཤམ་པར་བྲེལ་བས་རེད།
དེ་རིང་ནི་རྗེ་བློ་བཟང་གྲགས་པ་ཞིང་ལ་ཕེབས་པའི་ཉི་མ་རེད།
དེ་ནི་མདོ་ཁམས་ཕྱོགས་ཀྱི་རྩི་སྟངས་ཤིག་རེད།
དབུས་གཙང་ཕྱོགས་ཀྱི་རྩི་སྟངས་ལྟར་ན།
དགའ་ལྡན་ལྔ་མཆོད་ལ་ད་དུང་ཟླ་བ་གཅིག་འདུག
འདི་ལྟར་བོད་ཁམས་གཅིག་ན་ལྔ་མཆོད་གཉིས་འཚོག་སྲོལ་འདུག
དེ་ནི་བོད་ཀྱི་མཁས་པ་ཚོས་རྣམ་དཔྱོད་ཡོད་རྒུ་བཏོན་ཏེ།
རང་སྟོང་དང་གཞན་སྟོང་གི་ཞྭ་ལྷམ་སྣ་ཚོགས་བཟོས་པ་དང་འདྲ་བོ་མི་འདུག་གམ།
འདི་ལྟར་ཨ་མདོའི་གྲྭ་རྐྱང་ཞིག་གི་འདས་མཆོད་ལ་ཡང་ཉི་མ་རྩི་ལུགས་མི་མཐུན་ན།
སྣང་སྲིད་གཏན་ལ་འབེབ་དུས་ང་ཚོ་ཇི་ལྟར་མཐུན་ཐབས་ཡོད།
རྗེ་ཙོང་ཁ་པ། འཇམ་དགོན་བླ་མ། ཤིང་རྟའི་སྲོལ་འབྱེད། བདག་ཉིད་ཆེན་པོ། རྒྱལ་བ་གཉིས་པ།
ཁྱེད་ལ་མཚན་སྙན་འདི་དག་དགོས་མཁོ་ཅི་ཙམ་ཆེ་མིན་ངས་ངོ་མ་མི་ཤེས།
ཁྱེད་རྒྱ་ནག་རྒྱལ་པོའི་དབུ་བླར་ཕེབས་མ་འདོད་པ་དེ་ཁོ་ནས་ཅི་ཞིག་གསལ་བཤད་བྱས་ཡོད།
ཁྱེད་ཀྱིས་དགེ་བཤེས་ལྔ་བརྒྱ་མིག་མཆི་མ་ཙར་རེར་བཞག་སྟེ།
རི་ལུང་མེད་པར་ཁྱབ་པའི་དགུན་གསུམ་གྱི་ཁ་བ་གཤགས་ཏེ།
འོལ་ཁ་ཆོས་ལུང་ལ་ཕེབས་དོན་ཅི་ཡིན།
སྲ་མཁྲེགས་རྡོ་ལ་ཁྲག་གི་ཆག་ཆག་འདེབས་དོན་ཅི་ཡིན།
རང་ཉིད་ཀྱི་ལུས་སྟེང་ནས་ཚོགས་བསག་སྒྲིབ་སྦྱོང་བྱེད་དོན་ཅི་ཡིན།
ལམ་རིམ་དང་སྔགས་རིམ་རྩོམ་དོན་ཅི་ཡིན།
དྲིན་ཆེན་ཨ་མའི་ངག་འཕྲིན་རྩིས་མེད་དུ་བཏང་ནས་མདོ་སྨད་ལ་མི་ཕེབས་དོན་ཅི་ཡིན།
ལན་གསལ་བོ་ཞིག་གནངས་རོགས། ཨ་མདོའི་གྲྭ་རྐྱང་། ཙོང་ཁ་པ།
ཆོས་རྗེ་དོན་གྲུབ་རིན་ཆེན་གྱིས་ཁྱེད་ལ་འགྲམ་ལྕག་གཞུས་ཟེར་བ་ཨེ་བདེན།
འགོག་པ་རི་ནས་ཨ་མ་དྲན་ཏེ་ངུ་ངག་དབྱངས་སུ་གྱེར་ཟེར་བ་ཨེ་བདེན།
གོ་ཤག་སྟག་གསུམ་གྱིས་ཁྱེད་ལ་དགག་པ་བརྒྱབ་ཟེར་བ་ཨེ་བདེན།
གདུང་རྒྱུད་ཆེན་པོ་ནས་མ་འཁྲུངས་པའི་ཁྱེད།
བླ་མ་ཆེན་པོའི་རིགས་སྲས་མིན་པའི་ཁྱེད།
ཁྱེད་དྲན་ཐེངས་རེ་རེར།
ངས་ཁྱེད་དགའ་ལྡན་དང་བདེ་བ་ཅན་དུ་ཡོད་པ་ཁས་མི་ལེན་པར།
ཁྱེད་ཀྱིས་བརྩམས་པའི་དཔེ་དེབ་དེ་ཚོ་རྒྱབ་ལ་ཁུར་ནས།
མདོ་དབུས་ཁམས་གསུམ་མེད་པར།
འཛམ་གླིང་ཤར་ནུབ་མེད་པར།
མཁས་པ་རྣམ་དཔྱོད་ཅན་རེ་དང་མཉམ་དུ་ཨམ་མདོའི་འོ་ཇ་འཐུང་ཞོར།
ཡང་ན་མི་བུ་ཤེས་རབ་ཅན་རེ་དང་མཉམ་དུ་ལྷ་སའི་དཀྲུགས་ཇ་འཐུང་ཞོར།
ལྟ་གྲུབ་སྣ་ཚོགསལ་་དགག་སྒྲུབ་དང་རྟོགས་སད་ཀྱི་བགྲོ་གླེང་བྱེད་བཞིན་ཡོད་ངེས་བསམས།
ཁྱེད་ཀྱི་རྗེས་འཇུག་ཚོས། གསལ་བོ་བཤད་ན་དགེ་ལུགས་པ་ཚོས།
ཁྱེད་ཀྱི་མདོ་ཕྱོགས་ཀྱི་བསྟན་བཅོས་མང་པོར་ཐོས་བསམ་བྱེད་ཀིན་འདུག
ཚ་གྲང་ལ་མ་འཛེམས་པར་བློ་འཛིན་དང་བགྲོ་གླེང་བྱེད་བཞིན་འདུག
ཡིན་ཡང་། ངས་ཁྱེད་ལ་སྙན་སེང་ཞུ་དགོས་པ་ཞིག་སྟེ།
ཁོང་ཚོས་ཁྱེད་ཀྱི་སྔགས་རིམ་དང་རིམ་ལྔ་གསལ་སྒྲོན་སོགས།
སྔགས་ཕྱོགས་ཀྱི་བསྟན་བཅོས་ཚོར་སྤྱན་ཟུར་དེ་ཙམ་མི་གཡོ་བར་འདུག
དེ་ནི་ཁྱེད་ཀྱི་ཐུགས་རེ་ཆེན་པོ་ཞིག་ཆུད་ཟོས་སུ་བཏང་བ་རེད་ལ།
དེ་ནི་བསྟན་པའི་ལྕགས་རི་ཞིག་འགྱེལ་བཞིན་པར་སེམས་ཁུར་མི་བྱེད་པ་ཡང་རེད།
དེ་མ་གཏོགས། དགེ་ལུགས་པ་ཚོར་མཁས་པ་འདུག རྒྱུ་ནོར་ཡང་འདུག དགོན་པ་ལྷ་ཁང་ཡང་འདུག གྲྭ་པ་ཨ་ནེ་ཡང་འདུག
བོད་ཡུལ་ལ་མཚོན་ན། ས་དགེ་ལུགས་དང་གནམ་དགེ་ལུགས་ཟེར་ན་ཡང་ཆོག་པར་འདུག
ཡིན་ན་ཡང་། ནུབ་ཕྱོགས་སུ། དྲང་མོར་བཤད་ན་མགོ་སེར་ཚོའི་རྒྱལ་ཁབ་ཁག་ཏུ།
དགེ་ལུགས་པ་ཧ་ཅང་ཉུང་ཉུང་ཞིག་ལས་མི་འདུག
ཉུང་ཉུང་དེ་ཡང་བླ་མ་ཡེ་ཤེས་དང་བླ་མ་བཟོད་པ་གཉིས་ཀྱི་དྲིན་ལས་བྱུང་བ་འདྲ།
དེ་བས། རྗེ་བླ་མ་ཁྱེད་ཀྱིས་དམ་ཅན་ཆོས་རྒྱལ་ལ་ཡང་སྐྱར་འགྲམ་ལྕག་ཅིག་གཞུས་ཏེ།
རི་བོ་དགེ་ལྡན་པའི་བསྟན་པ་འདི་ནུབ་ཕྱོགས་སུ་སྤེལ་དགོས་པའི་བཀའ་ལུང་གནང་རོགས།
བཀའ་ལུང་དེ་ཡང་ཛ་དྲག་ཅན་ཞིག་གནང་ན་མ་གཏོགས།
དེང་སང་ཆོས་སྐྱོང་ཚོ་ཡང་ལ་ལུང་ཁུག་ཀྱོག་རེ་ན་གཉིད་དུ་ཡུར་བ་མིན་ན།
ཆང་གིས་བཟི་ནས་ཉལ་བསྡད་ཡོད་པ་ཐག་ཆོད་རེད།
རྗེ་ཙོང་ཁ་པ་ལགས། ཁྱེད་ཀྱི་དགེ་ཕྲུག་ངས་དོ་ནུབ་མ་ཉལ་སྔོན་ཁྱེད་ལ་ཞུ་འདོད་པ་དེ་ཙམ་ལགས།
སང་ཞོགས་ཡར་ལངས་དུས། ཁྱེད་ཀྱིས་ང་ལ་དྲ་ལམ་དུ་ལན་ཞིག་འཇོག་རོགས།
ཡ་ད་བདེ་མོ།

དྲན་ཐོ།

Post navigation

Previous Post: དངུལ་ལོ་བྱུང་ན་ལས་དོན་སྣང་མེད་འཇོག །
Next Post: བུད་མེད་ཅིག་གི་སྨྲེ་སྔགས།

Comments (18) on “ཕ་ཡུལ་ན་དགའ་ལྡན་ལྔ་མཆོད་འཚོག་བཞིན་འདུག”

  1. རལ་ནག says:
    2016-11-24 at 7:10 am

    ཨ་ཁུ་ཀླུ་སྨྱོན།་་་་་་་དོན་དངོས་སུ་དགའ་ལྡན་ལྔ་མཆོད་དེ་ག་དུས་རེད།་་་་་་བོད་ནང་གི་མི་དེ་ཚོ་ནོར་པ་ཡིན་ན།་་་ཡང་ན་་ཅི་ཞིག་རེད།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-24 at 9:12 am

    དགའ་ལྡན་ལྔ་མཆོད་བོད་ཟླ་བཅུ་པའི་ཉི་ཤུ་ལྔ་ལ་མ་རེད་དམ་འདི་ག་
    འདྲ་རེ་ཁུང་ཐུབ་ཀྱི་ལོ་རྒྱུས་གསུང་མཁན་ཡོད་ན་དགའ་བསུ་ཡོད་ཐུགས་
    རྗེ་ཆེ་བཀྲིན་ཆེ་།།

  3. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2016-11-24 at 10:21 am

    ཨ་ཁུ་ཀླུ་སྨྱོན་ལ་ཁག་མེད། ཚོགས་བཞིན་པ་ལ་འཚོག་བཞིན་ཞེས་པ་ནི་བོད་རྒྱ་ཚིག་མཛོད་ཀྱི་རྗེས་འབྲངས་ཡོངས་ཀྱིས་དེ་ལ་ཚད་མར་འཛིན་ནོ།

  4. ཀརྡོ་རབ་འབྱམས་པ་ says:
    2016-11-24 at 1:21 pm

    མགོ་སེར་ཚོ་ལ་དགེ་ཆོས་མ་དར་ན་དགེ་ཆོས་གཙང་མ་ལྷག་པ་ཕན་མི་སྲིད་པ་མིན་པས་་་་་་་ ང་ལ་དེ་ལ་གནད་དོན་གང་ཡང་མི་འདུག་གོ

  5. ཀརྡོ་རབ་འབྱམས་པ་ says:
    2016-11-24 at 1:58 pm

    མགོ་སེར་ནང་ལ། ཅང་དང་། ཛེན་གྱི་གྲྭ་པ་ཚོས། མི་ཚང་པ་སྤྱོད་ཆོག་ཕྱོགས་སུ་ནང་ཆོས་ལ་དགའ་མཁན་མང་པོ་འདུག་པས། མགོ་སེར་ནང་ལ་ནང་ཆོས་མ་དར་ན་ཡང་ང་ལ་རེ་བ་དང་། འགྱོད་པ་གང་ཡང་མེད། འོནད་ཀྱང་་་་་་་་

  6. ཀརྡོ་རབ་འབྱམས་པ་ says:
    2016-11-24 at 2:02 pm

    མགོ་སེར་ནང་ལ་བོད་ཆོས་དར་ཡོད་མེད་ཀྱང་མི་ཤེས། ངས་ཤེས་པ་དེ་ནི། ཞྭ་དམར་པ་ལ་རྒྱབ་སྐྱོར་བ་དང་། ཤུགས་ལྡན་པ་རྒྱབ་སྐྱོར་བའི་བོད་ཆོས་ནི་དར་འདུག

  7. ཀརྡོ་རབ་འབྱམས་པ་ says:
    2016-11-24 at 2:03 pm

    འཇམ་མགོན་བླ་མའི་བསྟན་པ་འདི་བོད་ཁོ་ནར་དར་ན་སྐྱོན་ཅི་ཡོད་དམ། ལགས།

  8. ཀླུ་སྨྱོན། says:
    2016-11-24 at 2:35 pm

    རིས་མེད་བསྟན་པ་རྒྱས་ན་བསམས་པ་ཙམ་ཡིན། དགེ་ལུགས་རྒྱས་ན་ཡང་བོད་བརྒྱུད་ནང་བསྟན་རྒྱས་པ་རེད། རྙིང་མ་རྒྱས་ན་ཡང་དེ་བཞིན་རེད། བཀའ་ས་ཇོ་བོན་སོགས་རྒྱས་ན་ཡང་དེ་བཞིན་རེད།

  9. ཀརྡོ་རབ་འབྱམས་པ་ says:
    2016-11-24 at 4:52 pm

    ཞྭ་དམར་པས། ༸གོང་ས་མཆོག་ལ་དགོངས་སྐོར་ཞུས་ནས། མཐར་ཌེན་མརྐ་ཀི་ཨོ་ལི་ནི་རྡེལ་སོགས་མི་རིགས་དཀར་པོ་དེ་ཚོས་ཞྭ་དམར་ཁ་ལ་མ་ཉན་ནས་མཐར་ང་ཚོའི་བོད་རིགས་ཞྭ་དམར་པ་ལམ་ལོག་དེ་གའི་ངང་ལ་སྡུག་ཤི་ལ་ཐེབས་སུ་བཅུག་པ་རེད།
    ད་དུང་དོལ་རྒྱལ་པ་དགེ་བཤེས་སྐལ་བཟང་ཡང་། ཆོས་མེད་དཀར་་པོ་དེ་ཚོས་བོད་ཆོས་ལ་དད་པ་ཡོད་མདོག་གིས། ཞབས་འདྲེན་རྒྱུན་མ་ཆད་ཞུ་བཞིན་པ་དེ་ཡང་། ནུབ་ཕྱོགས་པ་དཀར་པོས་བྱིན་རླབས་ལ་བརྟེན་ནས་བྱུང་བ་དེ་ཡང་ཤེས་ན་ཡག་པོ་ཡོད་རེད།

  10. ཀརྡོ་རབ་འབྱམས་པ་ says:
    2016-11-25 at 12:37 am

    འོནད་ཀྱང་། མགོ་སེར་མི་མངས་ཚོས་ནང་ཆོས་སྐོར་ལ་ལྟ་ཀློག་བྱེད་མཁན་འདུག བོད་སོག་མི་མངས་ཚོས། ནང་ཆོས་ལ་རྨོངས་དད་མཐུག་ཀྱང་། ནང་ཆོས་དཔེ་དེབ་ལ་ལྟ་ཀློག་བྱ་རྒྱུའི་གོམས་གཤིས་མེད་པ་འདིས། ཅི་མཚོན་ནམ་སྙམ་ནས། དངངས་སྐྲག་ཀྱང་ཅུང་ཟད་འོང་བགྱིད་འདུག་གོ།

  11. དཔའ་ཆེན་དོན་གྲུབ་ says:
    2016-11-25 at 12:56 am

    རྗེའི་འདས་མཆོད་ལ་བོད་རྩིས་ཟླ་ ༡༠ ཚེས་ ༢༥ བརྩི་དགོས་པ་རེད་ཅེ་ནའང་། བཤད་མ་ཤེས་པ་ཞིག་འདུག གང་ལ་ཟེར་ན་སིལ་བའི་སྐབས་སུ་དབུས་སུའང་ཧོར་ལུགས་ཀྱི་རྩིས་སྲོལ་ཧ་ཅང་ཤུགས་ཆེན་པོ་འདུག

  12. ཚ་ཕྲུག་རྒྱལ། says:
    2016-11-25 at 2:17 pm

    ཧོར་ལུགས། རྒྱ་ལུགས། ནུབ་ལུགས། བོད་རང་གི་ལུགས་སུ་རང་སྐྱ་ཐུབ་པའི་རྩིས་འགོ་ཞིག་མེད་པ་ཡིན་ནམ། གང་ལྟར་དགའ་ལྡན་ལྔ་མཆོད་ཞེས་པའི་རྗེ་བླ་མའི་དགོངས་རྫོགས་ཀྱི་དུས་ཚིག་ལ་ཡང་བོད་ས་སྟོད་སྨད་བར་ན་མི་མཐུན་པ་འདིས་བོད་བླ་ཚོས་རང་འདོད་ཀྱི་རྣམ་བཞག་མང་པོ་ཡོད་པའི་དོན་རྟགས་རེད།

  13. ཀླུ་སྨྱོན། says:
    2016-11-25 at 2:52 pm

    ངས་བསམས་ན་ཁོང་ལྷ་སར་གྲོངས་པ་ཡིན་པས། ལྷ་ས་པའི་རྩི་སྟངས་འདི་བཞིན་ཁོང་གི་འདས་སྐར་སྲུང་རྩི་བྱེད་དགོས་རྒྱུ་རེད།

  14. ཀརྡོ་རབ་འབྱམས་པ་ says:
    2016-11-26 at 12:23 am

    དགེ་ཆོས་མ་གཏོགས་བོད་པའི་མཁས་པ་གཞན་པ་ཚོ། རྒྱལ་རབས་སམ། ལོ་རྒྱུས་བྱུང་ཟིན་པའི་བྱུང་རབས་ཀྱི་མི་སྐད་གྲགས་ཅན་ཚོའི་འཁྲུངས་འདས་ཏག་ཏག་ཅིག་མི་ཤེས་པའམ། ཤེས་པར་མ་བརྩོན་ཙང་། བོད་པའི་མཁས་པ་ཡི་ན། དིང་སང་གི་མཁས་པ་མིན་པས་ཁྱབ་པ་འདོད་བཞིན་འདུག་པས་་་་་་ ཀུན་གྱིས་་་་་

  15. ཀརྡོ་རབ་འབྱམས་པ་ says:
    2016-11-26 at 12:52 am

    ལྷ་ས་ཡུལ་དབུས་ཀྱི་ལྔ་མཆོད་དེ་ལྔ་མཆོད་དངོས་གནས་དེ་རེད་དོ།།

  16. མིག་བརྒྱད་པ། says:
    2016-11-26 at 4:24 am

    ཧོར་ཟླ་དང་དུས་འཁོར་སྐར་རྩིས་གང་གི་དབང་དུ་བྱེད་རུང་གཙོ་བོར་བླ་མ་འདས་པའི་ལོ་ཟླ་ཚེས་གྲངས་དག་ངེས་བར་བཟུང་ནས་རང་རང་གི་ལུགས་ཀྱི་རྩིས་གཞིར་དེར་བྱེད་ན་འགལ་བ་མེད་དོ་སྙམ།

  17. མིག་བརྒྱད་པ། says:
    2016-11-26 at 4:32 am

    དུས་ལུགས་གཅིག་མཐུན་ཡོང་དགོས་ཟེར་ན་དེ་གནས་ལུགས་དང་མཐུན་པ་མ་རེད། བོད་ལ་སྔོན་ནས་རིག་གནས་སྣ་མང་ཅན་ཆོས་རྒྱུད་སྣ་མང་ཡོད་པ། མཛོད་དང་འདུལ་བ་སོགས་ལས་ལོ་གཅིག་ལ་དུས་གསུམ་དང་ཧོར་ཟླ་ལྟར་དུས་བཞི་དང་དགེ་སློང་གི་དུས་དྲུག་སོགས་དུས་བསྐོར་སྟངས་མི་འདྲ་བ་ཡོད་ནི་རེད།

  18. དགའ་བྱེད། says:
    2016-11-26 at 1:10 pm

    ངས་བསམས་ན་ཁོང་ལྷ་སར་གྲོངས་པ་ཡིན་པས། ལྷ་ས་པའི་རྩི་སྟངས་འདི་བཞིན་ཁོང་གི་འདས་སྐར་སྲུང་རྩི་བྱེད་དགོས་རྒྱུ་རེད།
    མ་བརྟག་པའི་སྐད་ཆ།
    ལྷ་སར་མྱ་ངན་ལས་འདས་ནའང་། དེ་དུས་ཀྱི་བོད་ཀྱི་རྩི་སྟངས་གང་ཡིན་པ་རེད། ཁྱབ་ལོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme