Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།

Posted on 2015-05-092015-05-09 By ཁ་བརྡ 7 Comments on ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།

ཁང་ཟླ་སྲས།

 

བཞི་པ། ཁྲི་འདུ་ནས་རྔ་བའི་བར་གྱི་མཐོང་ཐོས།

དེ་ལྟར་ཁྲི་འདུ་ནས་ཉིན་འགར་ངལ་གསོ་དང་སྦྲགས་འཁྱམས་ཉུལ་བྱས་རྗེས་མི་ལོ་ཧྲིལ་པོ་བཅུ་བཞིའི་རིང་མ་མཐོང་བའི་ངའི་བརྩེ་བའི་ཕ་ཡུལ་ཏེ་ཉིས་སྟོང་བརྒྱད་ལོ་ནས་བཟུང་འཛམ་གླིང་གི་གསར་འགྱུར་བརྒྱུད་ལམ་ཁག་མང་པོར་མིང་དུ་གྲགས་པའི་ཨ་མདོ་རྔ་གཡང་ཕྱུག་མོའི་ལྗོངས་སུ་བསྐྱོད་མགོ་བརྩམས་པ་ཡིན།
ཨ་མདོ་རྔ་བ་ནི་རྒྱ་ནག་དང་ཐག་ཉེ་བའི་བོད་ཀྱི་ས་ཁུལ་ཞིག་ཡིན་ལ། ད་ལྟའི་རྒྱ་ནག་གི་སྲིད་འཛིན་ས་ཁུལ་ལྟར་ན་རྔ་བ་ཁུལ་ནི་བོད་རིགས་གཙོ་བྱས་པའི་རྫོང་ཁག་བཅུ་བཞིས་གྲུབ་པ་ཞིག་ཡིན། སྟབས་ལེགས་པ་ཞིག་ལ་ངའི་སྲིང་མོ་ཞིག་གི་ཁྲི་འདུར་སླེབས་ཡོད་པས་ང་དང་ཨ་ཁུ་གཉིས་ཀ་ཁོང་ཚོའི་རླངས་འཁོར་ནང་སླེབས་རྒྱུ་བྱུང་། ལོ་བཅུ་བཞིའི་སྔོན་རྔ་བ་ནས་ཁྲི་འདུར་འགྲིམ་འགྲུལ་ཉིན་གཅིག་ཧྲིལ་པོའི་དུས་ཡུན་བརྒྱུད་དགོས་མོད། དེང་སང་རི་བོ་ཆེན་པོ་དག་ལ་ཕུགས་ལམ་བརྟོལ་ཞིང་། གཙང་པོ་དང་གཡང་གཟར་ཡོད་རྒུར་འཕྲེད་ཟམ་འཕངས་ཡོད་པས་ཁྲི་འདུ་ནས་རྔ་བའི་བར་ཆུ་ཚོད་བརྒྱད་དགུ་ཙམ་གྱིས་སླེབས་ཐུབ་ཀྱི་འདུག

ཞིབ་ཏུ་ཉན་སྐབས་དམིགས་ཡུལ་དང་དགོས་པ་ཅི་ཞིག་གི་ཆེད་དུ་ཡིན་པའི་གཞུང་དམངས་གཉིས་ཀྱི་འགྲེལ་བརྗོད་མི་མཚུངས་ནའང་། བོད་ཁུལ་གྱི་དཀྱུས་རིང་ལ་ངོས་འཇམ་པའི་སྣུམ་ལམ་དག་མཐོང་དུས་འདི་ཙམ་གྱིས་ཀྱང་བོད་རིགས་མི་དམངས་ལ་ཞབས་ཞུ་ཕྲན་བུ་བྱུང་འདུག་ཨང་སྙམ་པ་བྱུང་། རིམ་གྱིས་རིམ་གྱིས་ངས་མི་དུ་མའི་རིང་རྨི་ལམ་གྱི་གྲོང་ནས་མཇལ་མྱོང་བའི་མཐོ་སྒང་གི་ཕ་ཁྱིམ་དྲོན་མོ་སྟེ། ཨ་མདོ་རྔ་བའི་གཤིས་འཇམ་གཞུང་དྲང་གི་མི་རབས་འཚར་སའི་འབྲོག་ཁྱིམ་དག་གཅིག་རྗེས་གཉིས་མཐུད་ཀྱིས་མིག་ལམ་དུ་མངོན་བྱུང་། རི་མགོ་ཁ་བས་གཡོག་པའི་དགུན་དུས་དེར་གཞུང་ལམ་གཡས་གཡོན་ན་རྟ་ནོར་ལུག་གསུམ་གྱི་ཁྱུ་ཚོགས་ཐང་མར་བརྡལ་ཡོད་པ་མཐོང་དུས། ང་དགའ་དྲགས་ནས་རླངས་འཁོར་གྱི་སྒེའུ་ཁུང་ནས་ཁ་བ་གོས་སུ་གྱོན་པའི་རི་ཚོགས་དང་། ནོར་ལུག་ཐང་མར་བརྡལ་བའི་རྩྭ་ཐང་། སྔོ་ལྗང་གི་ནམ་མཁའ། གྲང་ཤུར་ཤུར་གྱི་རླུང་བུའི་རྒྱུ་ལམ་ནས་རྩྭ་འཇགས་མའི་སྙན་འཇེམས་ཀྱི་ཤུགས་གླུ་ཐོས་སའི་རང་བྱུང་ཁོར་ཡུག་གི་མཛེས་པ་དེ་དག་ལག་འཁྱེར་ཁ་པར་ནང་བརྙན་ལེན་བྱས་ཏེ་མི་ལོ་བཅུ་ཕྲག་འགར་རང་ས་རང་ཡུལ་གྱི་གྲིབ་གཟུགས་ཙམ་ཡང་མ་མཐོང་བའི་ས་མཐའི་སྤུན་ཟླ་ཚོར་ལེགས་སྐྱེས་ཤིག་འབུལ་རྒྱུའི་སྟ་གོན་བྱས་པ་ཡིན། ངོ་མ་འགྱུར་འདུག

དེ་སྔོན་འབྲོག་ས་ནས་རྟ་ཕོ་དང་། སྣ་ལོ་བཞོན་ནས་འདུར་རྒྱུགས་བྱེད་མཁན་གྱི་སྟག་ཤར་འགའ་རེ་མཐོང་བ་ཆེས་རྒྱུན་ལྡན་ཡིན་ནའང་། ད་ནི་དེ་དག་གི་ཚབ་ཏུ་རི་སྒང་ན་ཡང་འཕྲུལ་རྟ་དང་རླངས་འཁོར་བསྐོར་ཏེ་ནོར་ལུག་འཚོ་སྐྱོང་བྱེད་བཞིན་པའི་ངང་ཚུལ་མཐོང་དུས། ད་གཟོད་བོད་ཀྱི་སྤྱི་ཚོགས་ཆུང་ཆུང་འདི་ཡང་སྐད་ཅིག་ཀྱང་མི་སྡོད་པར་བཟང་ངན་གྱི་ཕྱོགས་གང་ཞིག་ཏུ་འགྱུར་བཞིན་པ་གསལ་པོར་རྟོགས་ཐུབ་ཨང་། གོ་ཐོས་ལྟར་ན། གཞུང་ལམ་གཡས་གཡོན་ན་ཁང་སྟོང་བཟོ་བཀོད་གཅིག་མཚུངས་ཡིན་པ་བརྒྱ་ཕྲག་རེ་ཙམ་མཐོང་རྒྱུ་ཡོད་པ་དེ་དག་རྒྱ་གཞུང་གིས་འབྲོག་པ་མང་ཚོགས་ཀྱི་ཆེད་དུ་བཟོ་སྐྲུན་བྱས་པ་རེད་ཟེར། རི་ལུང་གང་སར་ལྕགས་སྐུད་ཀྱི་ར་བས་བྲན་ཏེ་འབྲོག་ཁྱིམ་སོ་སོའི་ཕྱུགས་ཟོག་འཚོ་སྐྱོང་གི་ས་ཁྱོན་གཏན་འབེབས་བྱས་པ་དེས། འབྲོག་པ་མང་ཚོགས་ཁྲོད་རྩྭ་ཆུ་རྩོད་པའི་འཁྲུགས་རྩོད་སྔར་བས་ཀྱང་ཇེ་ཆེར་སོང་ཡོད་ཚུལ་འདུག་མོད་འབྲེལ་ཡོད་ས་གནས་སྲིད་གཞུང་ནས་དེར་ཨ་ལན་གང་ཡང་བྱེད་ཀྱི་མེད་སྐད།
གང་ལྟར་དགུན་གཞུང་གི་འབྲོག་ས་ནི་ཧ་ཅང་གྲང་ངར་ལྡན་པ་ཞིག་ཡིན་པས་མི་རིགས་གཞན་ཞིག་འདིར་ཡུན་རིང་འཚོ་སྡོད་བྱེད་དཀའ་ནའང་། བློ་སྟོབས་ཆེ་ཞིང་གཞུང་རྒྱུད་དྲང་བའི་བོད་རིགས་འབྲོག་པ་མང་ཚོགས་ལ་མཚོན་ན་གནས་འདི་ཕ་ཁྱིམ་བྱས་ཏེ་མི་ལོ་ཁྲི་ཕྲག་གི་བྱུང་རབས་ཡོད་པས། ད་གཟོད་ཁོང་ཚོའི་བུ་རབས་ཚ་རྒྱུད་དང་བཅས་པ་སའི་གོ་ལའི་ཆེས་མཐའ་མཇུག་གི་དག་ཞིང་དུ་འབོད་པའི་འཛམ་གླིང་མཐོ་སྒང་གི་དོན་གྱི་བདག་པོར་གྱུར་པ་ལོས་ཡིན་ཨང་།

 

 

ལྔ་པ། མི་ལོ་བཅུ་བཞིའི་རྗེས་ཀྱི་ཕ་ཡུལ།

རླངས་འཁོར་མདུན་ཕྱོགས་སུ་ཤུགས་ཀྱིས་བསྐྱོད་པའི་གོ་རིམ་ཁྲོད་ནས་ངས་ཡུན་རིང་མཐོང་མ་ཐུབ་པའི་ཁོར་ཡུག་གི་འགྱུར་བ་མང་པོ་ཞིག་ཉམས་སུ་མྱོང་ཐུབ། ད་ནི་མི་འགྱང་བར་རྔ་བའི་ཕྱུགས་ལས་གོང་འགབ་དང་། རྨེའུ་རུ་མ། གཅའ་རུ་བ། རྨེའུ་སྐོར་སོགས་ཆུང་དུས་ནས་གོ་མྱོང་བའི་རི་སྡེ་མང་པོ་ཞིག་མིག་ལམ་ནས་ཡུད་ཀྱིས་རྫོགས་ཏེ་རྔ་བ་རྫོང་གི་ཕྱོགས་སུ་ཇེ་ཉེ་ནས་ཇེ་ཉེ་རེད། ཅུང་མ་འགོར་མ་བར་ལས་ཀྱིས་དབང་གིས་འཕགས་ཡུལ་ནས་ཧ་ཅང་རྒྱུས་ཡོད་དུ་གྱུར་པའི་བའི་རག་ཚ་དགོན་གྲོང་སོགས་ཀྱང་མིག་སྔར་མངོན་བྱུང་བས། ད་ནི་དངོས་གནས་སྐྱིད་པའི་ཕ་ཡུལ་ཨ་མདོ་རྔ་གཡང་ཕྱུག་མོར་སླེབས་སོང་སྙམ་པའི་ཚོར་བ་ཇེ་ཆེ་ནས་ཇེ་ཆེ་རེད་ཨང་།
རིམ་གྱིས་གླང་གྲོང་མང་དང་། ཐེའུ་ཆུང་སོགས་ཀ་ཤུལ་ཁོག རྔ་ཡུལ་གྱི་ཇོ་ནང་དགོན་ཆེན་བསེ་དགོན་པ་དང་། ཁང་བརྩེགས་གསར་བཟོའི་འགྲན་བསྡུར་དང་། གླང་འཁོར་གྱི་འདུ་འཛི་སྔོན་ཆད་དང་བསྡུར་ན་ཧ་ཅང་ཆེ་བའི་རྔ་བ་རྫོང་གི་ཁྲོམ་གཞུང་བརྒྱུད་རང་ཁྱིམ་གྱི་སྒོ་འགྲམ་ན་སླེབས་སོང་། སྐབས་དེར་ངའི་སེམས་ལ་ཤར་བ་ནི། ཁོ་བོར་ཆུང་དུས་ནས་བྱམས་བརྩེ་དང་། བསམ་ཤེས་ཀྱི་ས་བོན་བསྐྲུན་མཁན་ངའི་བརྩེ་བའི་རྨོ་རྨོ་བདེ་མཆོག་ལགས་ཀྱི་ཞལ་རས་ཅི་འདྲ་ཞིག་འགྱུར་ཡོད་དམ། ཁོ་མོས་ང་མཐོང་ཚེ་མིག་ཆུ་འབྱིན་སྲིད་དམ། དེ་མིན་ཕ་མ་དང་། བུ་ཕྲུག་མང་པོ་ཞིག་གི་སེམས་རྟེན་དུ་གྱུར་ཟིན་པའི་སྲིང་མོ་ཚོས་ང་ལ་རྣམ་འགྱུར་ཅི་ཞིག་གིས་བསུ་མ་བྱེད་སྲིད་དམ།

ད་དུང་ང་ས་མཐར་མ་སོང་གོང་གཟུགས་གཞི་དང་བསམ་བློ་གང་ཐད་ནས་གཉོམ་ལག་མ་རྒྱས་ནའང་། ད་ནི་ཕོ་གཞོན་སྟག་འདྲ་བ་ཤ་སྟག་ཏུ་གྱུར་ཟིན་པ་ཚོས་སྐད་ཆ་ཅི་ཞིག་གིས་ང་ལ་སྣེ་ལེན་དང་མཚམས་འདྲི་བྱེད་དམ་སོགས་ལུ་གུ་རྒྱུད་དུ་བྱུང་བའི་དྲི་བ་མང་པོ་ཞིག་གིས་སྙིང་རྩ་བར་མེད་དུ་བསྒུལ་བྱུང་། ང་ཚོ་སྒོ་འགྲམ་དུ་སླེབས་པ་དང་། ང་རླངས་འཁོར་ནས་བབ་སྟེ་སྒོ་བརྡུང་ཕྱེས་ཏེ། ཨ་རོགས་ཚང་། ཞེས་བོས་པ་ཡིན། དེ་མ་ཐག་བརྩེ་བའི་ཨ་མ་ལགས་ངའི་མདུན་དུ་ཕེབས་བྱུང་། ཨ་མས་ཞལ་རས་དགའ་བ་འབུམ་གྱིས་འཁྱུད་ཀྱིན། ཨོ་་་་་མ་ལོ་མ་ཀོ་་་་ལམ་བར་ནས་ཨེ་དཀའ་ཐ་ཟེར་ཞོར་རླངས་འཁོར་ནང་གི་འདྲུད་སྒམ་ལེན་དུ་ཆས་སོང་།
སྐབས་དེར་ཨ་ཕ་ཡང་སླེབས་བྱུང་། ཁོ་ངོ་མ་རྒས་འདུག ཨ་མ་ལས་ཀྱང་རྒས་ཉམས་དོད་པའི་ཁོའི་ངོ་གདོང་དུ་དགའ་སྐྱོ་འདྲེས་པའི་ཉམས་ཤིག་དང་བཅས་ང་ལ་འཐམ་ནས་མིག་ཆུ་གཏོང་གི་འདུག ནམ་རྒྱུན་མི་རྒོད་སྟག་འདྲ་བ་ཞིག་གི་བརྩིས་འདང་ཡོད་པའི་ངའི་ཕ་རྒན་མིག་མདུན་ནས་འདི་ལྟར་དགའ་སྐྱོ་བསྲེས་ཏེ་ངུ་དབྱངས་འཐེན་བཞིན་པ་མཐོང་དུས། ངོ་མ་ཡིན། ངས་ཅི་ཞིག་བྱེད་དགོས་པ་ཡང་མ་ཤེས་པར་རེ་ཞིག་ཧད་དེ་ལུས་སོང་བའི་སྣང་བ་བྱུང་། དེ་མ་ཐག་སྒོ་རའི་ནང་ནས་ཨ་མ་རྒན་མོ་འཁར་བ་ལ་བརྟེན་ནས་ཡོད་པ་ཞིག་མཇལ་བྱུང་། དེ་ནི་ངའི་མི་ཚེའི་གཞན་ལ་བསམ་ཤེས་དང་བསྟུན་མཁས་ཀྱི་ས་བོན་ཐོག་མར་འཇོག་མཁན་དེ་ཡིན་པས། ཨ་མ་རྒན་མོ་འདིའི་བྱམས་བརྩེ་དང་བཟོད་སྒོམ་བསྲེས་པའི་སྐད་ཆའི་ཚིག་ཟུར་རེ་རེས་ཀྱང་ངའི་མི་ཚེར་ཤུགས་རྐྱེན་ཆེན་པོ་ཐེབ་ཡོད་པ་བཤད་མ་དགོས་པ་ཞིག་རེད།

དེ་བས་ཕྱིར་དྲན་འོས་པ་ཞིག་ནི། ལོ་བཅུ་ཕྲག་གོང་ནས་ང་ཚོའི་འབྱུང་འགྱུར་གྱི་ཆེད་དུ་མི་ཆོས་ཀྱི་བརྩེ་བའི་ཞལ་གདམས་ཟབ་མོ་རྒྱུན་མར་བསྩལ་མྱོང་མཁན་གྱི་རྨོ་ལགས་ཁོང་ནི། ད་ལྟ་དགུང་ལོ་བརྒྱད་ཅུའི་ཕྲེང་ཐེམ་ཡུད་ཀྱིས་བརྒལ་ཟིན་ནའང་། ད་དུང་ཕྱག་ཟུང་འཁར་དབྱིག་ལ་ཁེན་ཏེ་ཞལ་རིས་འཛུམ་དམུལ་གྱིས་ཁེངས་བཞིན་་་་་ལོ་འགའི་སྔོན་་་་མིག་ནད་ཀྱིས་་་་ཡ་གཅིག་བེད་མེད་དུ་གྱུར་པའི་བྱམས་བརྩེའི་སྤྱན་རས་གྱིས་ང་ལ་ལྟ་བཞིན་་་་ཨོ་་་་་་མ་་་་ལོ་་་་་་མ་་་་་་ཀོ་་་་ཨེ་་་དཀའ་་་་ཐལ་་་་་ཞེས་གསུངས་དུས། ད་གཟོད་ངའི་མིག་ཟུང་སྐྱོ་གདུང་གི་འཆི་མས་བསྒྲིབས་བྱུང་།
དེ་མ་ཐག་ང་ཁོ་མོའི་སྐེ་ལ་འཐམ་ནས་ཅུང་སྡོད་དགོས་བྱུང་། དོན་ངོ་མར་དེ་དུས་ང་སྐད་ཤུགས་ཆེན་པོས་ངུས་ན་འདོད་ཀྱང་། ཕ་མ་དང་གཉེན་ཉེ་མང་སའི་ཁོར་ཡུག་དེ་ནས་ངས་ཧ་ཅང་རྒྱུན་ལྡན་གྱི་རྣམ་འགྱུར་གཞན་ཞིག་བསྟན་རྒྱུར་འབད་བརྩོན་བྱས་པ་ཡིན། འོན་ཀྱང་། མི་ལོ་བཅུ་བཞིར་ས་མཐར་འཁྱམས་པའི་ཁེར་རྐྱང་གི་དྲན་གདུང་དང་། ཡུལ་གྱར་གྱི་ན་ཟུག་ཤུགས་ཆེ་དྲགས་པས་ཡུན་རིང་སེམས་ན་ཉལ་བའི་མིག་ཆུའི་ཕྲེང་ཐག་མཁུར་འདབས་ནས་གྲང་ཤུར་ཤུར་གྱིས་དབང་མེད་དུ་བཞུར་བྱུང་།

༼མུ་འགོད།༽

 

དྲན་ཐོ།

Post navigation

Previous Post: དགོས་སར་ཆད་པ་དང་། མི་དགོས་སར་ལྷག་པ།
Next Post: ཨ་མའི་བཀའ་དྲིན་ཉི་ཟླའི་འོད་སྣང་།

Comments (7) on “ཕ་ཡུལ་དུ་བསྐྱོད་པའི་ཟིན་ཐོ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-05-09 at 11:48 am

    ་་་་་་་་་་ གོ་ཐོས་ལྟར་ན། གཞུང་ལམ་གཡས་གཡོན་ན་ཁང་སྟོང་བཟོ་བཀོད་གཅིག་མཚུངས་ཡིན་པ་བརྒྱ་ཕྲག་རེ་ཙམ་མཐོང་རྒྱུ་ཡོད་པ་དེ་དག་རྒྱ་གཞུང་གིས་འབྲོག་པ་མང་ཚོགས་ཀྱི་ཆེད་དུ་བཟོ་སྐྲུན་བྱས་པ་རེད་ཟེར། རི་ལུང་གང་སར་ལྕགས་སྐུད་ཀྱི་ར་བས་བྲན་ཏེ་འབྲོག་ཁྱིམ་སོ་སོའི་ཕྱུགས་ཟོག་འཚོ་སྐྱོང་གི་ས་ཁྱོན་གཏན་འབེབས་བྱས་པ་དེས། འབྲོག་པ་མང་ཚོགས་ཁྲོད་རྩྭ་ཆུ་རྩོད་པའི་འཁྲུགས་རྩོད་སྔར་བས་ཀྱང་ཇེ་ཆེར་སོང་ཡོད་ཚུལ་འདུག་མོད་འབྲེལ་ཡོད་ས་གནས་སྲིད་གཞུང་ནས་དེར་ཨ་ལན་གང་ཡང་བྱེད་ཀྱི་མེད་སྐད། ་་་་་་་་་་་་་་་

  2. ཁྱུང་སེ། says:
    2015-05-09 at 2:01 pm

    སེམས་ཚོར་དང་མྱོང་ཚོར་གྱི་སྒྲུང་སྙན་པོ་བྲིས་འདུག་ཡིན་ནའང་དག་ཆར་སྐྱོན་འགའ་ཞིག་འདུག ངོ་མ་ཁྱོད་ལ་དེ་འདྲ་བའི་བརྩེ་གདུང་ཟབ་མོ་ཞིག་ཡོད་ན་ཅིས་ཕྱིར་མི་ཡུལ་དུ་གྱར་བ་ཡིན་ནམ།

  3. ཆོས་འཕེལ་དར་རྒྱས་ says:
    2015-05-09 at 6:00 pm

    རང་ཡུལ་ལ་ལོག་པའི་ཚོར་བ་ཡག་པོ་ཞིག་བྲིས་འདུག། ཉལ་ཁ་ལ་ཀློག་རྒྱུ་བྱུང་། ཁྲི་འདུ་ནས་རྔ་བ་རྫོང་མཁར་རམ་ཀིརྟི་དགོན་མཐའ་ལ་དེང་གི་དུས་འདིར་རླངས་འཁོར་ནང་ཆུ་ཚོད་བདུན་མ་ཟིན་པ་ཙམ་ལས་འགྲོ་མི་དགོས། སྤྱི་ལེའུ་༤༥༠་ཡས་མས་ཞིག་གི་ལམ་ཁ་ཡིན། ཁྲི་འདུ་ནས་རྔ་གཤོངས་ལ་འགྲོ་བའི་གཞུང་ལམ་བརྒྱུད་ན་རྔ་བའི་ཕྱུགས་ལས་གོང་འགབ་དང་གཅའ་རི་བ་སོགས་ལ་འགྲོ་ཡང་མི་དགོས། མི་ལོ་བཅུ་ཕྲག་རིང་ས་མཐའ་ལ་ཉུལ་བས་ས་མིང་ཡུལ་ནོར་སྲིད་པ་ཡིན་སྲིད། ཕ་ཡུལ་ནས་ཕ་མ་ལ་གཉེན་ཕྲད་བྱུང་བར་རྟེན་འབྲེལ་ཞུ།

  4. ཨ་འདུས་སྐལ་བཟང་རྒྱ་མཚོ། says:
    2015-05-11 at 12:04 pm

    ཕྱུགས་ལས་གོང་འགབ་ཅེས་པ་དེ་ལུང་ཟི་པ་ཟེར་བ་དེ་མ་རེད་དམ། ངས་འགྲུལ་རོགས་ཚོའི་འགྲེལ་ཚུལ་ལྟར་བྲིས་པ་ལགས།

  5. ཆོས་འཕེལ་དར་རྒྱས་ says:
    2015-05-11 at 1:21 pm

    ལུང་ཟི་པ་ཟེར་བ་དེ་ལ་ཡུལ་སྐད་ནང་ལུང་རིང་ཟེར། དེ་ནི་ད་ལྟའི་དམར་ཐང་ངམ་ཧོང་ཡོན་རྫོང་གི་མངའ་འོག་ལ་ཡོད། ཡོངས་གྲགས་སུ་རྔ་བའི་ཕྱུགས་ལས་གོང་འགབ་ཟེར་བ་ནི་ད་ལྟའི་གཅའ་རི་བ་དང་རྨེའུ་རུ་བའི་བར་ལ་ཡོད། དེ་ཡང་རྨ་ཆུའི་ཁུག་འགོའི་སོག་ཚང་དགོན་པ་ནས་གློ་རྡེའུ་སྣ་ནག་རིལ་ཟེར་བར་བུད་ནས་ཐོག་མར་ནག་ཚང་དང་དེ་ནས་གཅའ་རི་བ། འབུས་ཐྲང་གཉིས་བའམ་ཕྱུགས་ལས་འགབ་མར་བུད་ནས་ཡོང་ན་རྨེའུ་རུ་བའི་འབྲོག་སའི་མཎྡལ་ཐང་ཟེར་བ་བརྒྱུད་ནས་ར་ཁོག་གི་རྨེའུ་རུ་བའི་གྲོང་བརྡལ་གྱི་སྐེ་རྒྱབ་ལ་སླེབས། འབུས་ཐང་དང་པོའམ་ཕྱུགས་ལས་གོང་མ་ལམ་སྐྱོག་ལ་ཡོད་པས་ཆེད་དུ་མ་སོང་བ་ལམ་ཁ་ལ་མི་ཁེལ། དེ་ལ་གནའ་མྱི་ཚོས་རྒྱ་འབུམ་ཐང་ཟེར། ཁྲི་འདུ་ནས་རྔ་གཤོངས་ལ་འགྲོ་དུས་ཧོང་ཡོན་རྫོང་མཁར་བརྒྱུད་ནས་རྨ་ཁུག་གི་སོག་ཚང་དགོན་ལ་མ་སླེབ་སྔོན་ལག་པ་གཡོན་པར་སོང་ནས་གཅའ་རུ་བར་བརྒྱུད་ན་ལམ་ཁ་ཞིག་ཡོད་མོད། རྩོམ་པ་བོ་ཐོག་མར་མི་ལོ་བཅུ་ཕྲག་རྗེས་ཕ་ཡུལ་ལ་ལོག་པ་ཡིན་དུས་གཞུང་ལམ་བརྒྱུད་རང་ཁྱིམ་ལ་གང་མགྱོག་མགྱོག་སོང་ཡོད་ངེས་བས་གཅའ་རུ་རུ་བ་དང་ཕྱུགས་ལས་གོང་འགབ་བརྒྱུད་མེད་པ་རེད་བསམ་བྱུང་། རང་ཡུལ་ལ་ལོག་ནས་ཚོར་བ་དང་ངོས་ཡོད་གནས་ཚུལ་རེ་སྤེལ་ཡོད་པར་དགའ་བསུ་དང་བཅས།

  6. དམུ་ཐག་གི་བུ་རྒྱུད། says:
    2015-05-11 at 2:49 pm

    འབུས་ཐྲང་འདི་རྒྱའི་སྤྱི་སྐད་དུ་མུའུ་ཁྲང་(牧场)ཟེར་བ་རེད། སི་ཁྲོན(四川)་སྐད་དུ་འབུས་ཁྲང་ཟེར། དོན་དུ་འབྲོག་ར་ཟེར་བ་རེད། མིང་འདི་ཕྱིས་སུ་རྒྱ་རྒན་ཚང་གིས་བཏགས་པ་རེད། ད་ལྟ་དེ་གའི་བོད་མི་རྣམས་ཀྱི་ཁ་དང་ལྕེ་ལའང་དེ་འཇག་ཚར་འདུག

  7. ཆོས་འཕེལ་དར་རྒྱས་ says:
    2015-05-11 at 3:35 pm

    མཆན་དྲུག་པས་བྲིས་བ་ལྟར་འབུས་ཐྲང་མོས་ཐྲང་ནས་བྱུང་ལ་དེ་ཡང་རྒྱ་མིང་རེད། སྤྱིར་རྔ་བའི་ཕྱུགས་ལས་གོང་འགབ་གཉིས་ཟེར་བ་འདི་༡༩༦༠་མཇུག་ཙམ་ལ་རྔ་བ་རྫོང་གི་མངའ་ཁུངས་སུ་བཙུག་པའི་འབྲོག་ལས་རུ་ཁག་གཉིས་རེད། སྐབས་དེར་གོ་ཡེན་མོས་ཐྲང་ཡེས་ཙོས་འིར་ཙོས་(国营牧场一组二组)ཟེར། དུས་དེ་ལ་རྔ་གཤོངས་ཀྱི་ཀིརྟི་དགོན་པ། སྒོ་མང་དགོན་པ། བསེ་དགོན་པ། སྟོག་ལྡན་དགོན་པ། སྣང་ཞིག་དགོན་པ་སོགས་དང་ར་ཁོག་གི་མཚན་ཉིད་དགོན་པ་བཅས་ཀྱི་ལྷ་སྡེ་ཡུལ་ཚོ་སོགས་ནས་དུད་ཁྱིམ་བསྲེ་བསྲེ་བྱས་ནས་ཕྱུགས་ལས་གོང་འགབ་ལ་བཏང་བ་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme