Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པོན་ཌི་ཅ་རི་ནས་ཀོ་རི་ཡའི་གློག་བརྙན་གྱི་ཤུགས་རྐྱེན་མཐོང་བ་།

Posted on 2011-02-242011-02-24 By དགེ་རབ་ 1 Comment on པོན་ཌི་ཅ་རི་ནས་ཀོ་རི་ཡའི་གློག་བརྙན་གྱི་ཤུགས་རྐྱེན་མཐོང་བ་།

ལྷོ་ཕྲུག་སྣ་བོ་ཆེ་
———–
སྤྱི་ལོ་ ༢༠༡༡ ལོའི་ཟླ་ ༡ ཚེས་ ༡༨ ཉིན་གྱི་ཕྱི་དྲོ་ང་དང་ངའི་རོགས་པ་མཚན་ལེགས་ལགས། རྡ་སྟེང་བོད་ཁྱིམ་གྱི་སློབ་མ་བཅུ་གཅིག་བཅས་ནས་ཟླ་གཉིས་རིང་གི་ལྷོ་ཕྱོགས་པོན་ཌི་ཅ་རིའི་འགྲུལ་སྐྱོད་དེ་འགོ་བཙུགས་པ་ཡིན། ས་རབ་བེ་རིབ་བེ་ཞིག་གི་མཚམས་སུ་ངེད་གཉིས་རྡ་སྟེང་བོད་ཁྱིམ་ཡིག་ཚང་གི་མདུན་ངོས་རྩེད་ཐང་དེར་འབྱོར་ཞིང་། དེ་དུས་འགྲུལ་སྐྱོད་ཀྱི་བྱ་བར་ཞུགས་པའི་སློབ་མ་རྣམས་རླངས་འཁོར་ཆུང་བ་གཉིས་ཀྱི་ཉེ་ཁོར་ན་བྲེལ་ཟིང་ལ་འཁོལ་འདུག ཉིན་ཤས་སྔོན་རྡ་སར་ཁ་བ་མཐུག་པོ་བབ་པའི་རྐྱེན་ལས་གློག་སྡོང་འགྱེལ་ཞིང། ཆུ་འགྲོའི་བུ་ག་འགགས་ཏེ་ཡུལ་མིའི་འཚོ་བར་དཀའ་ངལ་ཅུང་ཟད་འཕྲད་བཞིན་པའི་ཐོག་གྲང་ངར་ཤིན་ཏུ་ཆེ་བའི་གནམ་གཤིས་ཀྱང་བྱ་སྤུ་གྱོན་པས་བཟོད་མི་ཐུབ་པའི་ཚུལ་དུ་བསྟན་ཡོད། དུས་ཚོད་སྐར་ཆ་གཅིག་ཡིན་ཡང་དཀའ་ངལ་མེད་ས་ཞིག་ཏུ་འཚོ་སྡོད་བྱ་རྒྱུའི་འདུན་མོས་ཆེ་བའི་རང་གཤིས་ལས་རྔམས་སེམས་ཧ་ཅང་ཆེན་པོས་གྲང་ངར་ཆེ་བའི་རྡ་སའི་ཁོར་ཡུག་ལས་གང་མགྱོགས་ཁ་བྲལ་རྒྱུར་སྒུག་པ་ཡིན། ཏག་ཏག་ཕྱི་དྲོའི་ཆུ་ཚོད་བརྒྱད་པ་ཟིན་ཅིང་། འདི་ནི་ཉིན་ཤས་སྔོན་ནས་གཏན་འཁེལ་བྱས་པའི་ང་ཚོ་ལྷོ་ཕྱོགས་སུ་ཐོན་རྒྱུའི་དུས་ཚོད་དེ་རེད། ང་ཚོ་འཚང་ཁ་ཤིག་ཤིག་གིས་རླངས་འཁོར་ནང་འཛུལ་ཞིང་ཁྱིམ་ཚང་གི་ཕ་མ་དང་སློབ་གྲྭའི་སྤྱི་ཁྱབ་འགན་འཛིན་སོགས་དགེ་ལས་མང་པོའི་ཁ་ཏ་བསླབ་བྱ་དང་གྱེས་ཚིག་སོགས་ཀྱི་ཅ་ཅོའི་ཁྲོད་ནས་པ་ཐཱན་ཀོཌ་ལ་ཐོན་པའི་འགོ་བརྩམས། རླངས་འཁོར་ནང་གི་གླུ་སྒྲ་དང་དགོད་སྒྲ། རྔུར་སྒྲ་དང་སྐྱུག་སྒྲ་སོགས་ཅ་ཅོའི་འུར་ཟིང་ཆད་པ་མེད་པའི་བར་མཚམས་ཤིག་ཏུ་ང་ཚོ་པ་ཐན་ཀོཌ་དུ་འབྱོར་ཞིང་། མཚན་དཀྱིལ་གྱི་ཆུ་ཚོད་དང་པོ་དང་ཕྱེད་ཀྱི་སྟེང་པ་ཐཱན་ཀོཌ་ནས་ལྷོ་ཕྱོགས་ཅེ་ནཱའི་གྲོང་ཁྱེར་དུ་བསྐྱོད་པའི་མེ་འཁོར་ནང་འཛུལ། བྲེལ་ཟིང་དང་མུན་ཁྲོད་ཀྱི་རབ་རབ་དག་གིས་སློབ་མ་རྣམས་ཀྱི་ངོ་རིས་ཀྱང་གསལ་པོར་མཐོང་བའི་གོ་སྐབས་མ་བྱུང་།

སང་ཉིན་གྱི་ཞོགས་པ་དེར་ང་ཚོ་གཅིག་རིམ་གཅིག་འཕྲོར་ཡར་ལངས་ཤིང་། སྐབས་དེ་དུས་གཞི་ནས་སློབ་མའི་ངོ་རིས་གསལ་པོར་མཐོང་བའི་མགོ་བརྩམས། ལོ་ཆུང་བྱིས་པའི་སེམས་ཁམས་སུ་བརྐྱངས་སྐུམ་དང་སྦས་འགེབས་སོགས་ཀྱི་གཡོ་ལྷད་ཀྱི་དྲི་མ་གཞི་ནས་ཞུགས་རྒྱུར་སོང་། ངོ་རིས་དབྱེ་འབྱེད་ཐུབ་པའི་སྐད་ཅིག་མ་དེ་ཉིད་ནས་ནང་བསམ་བློའི་འཁྱེར་སོ་དང་འདུ་ཤེས་འཛིན་སྟངས་སོགས་སེམས་ཁམས་ཀྱི་རང་བཞིན་དག་ཀྱང་ཧྲོབ་ཙམ་རྗེས་དཔོག་ཐུབ་པ་བྱུང་། སྤྱིར་ནས་མིའི་བསམ་བློའི་འཁྱེར་སོ་དང་མོས་པ། ཁམས་དང་རང་བཞིན་ཇི་ཡིན་རྒྱུན་རིང་བརྟག་དཔྱད་དང་མཉམ་གཤིབས་ཀྱི་མྱོང་ཚོར་ལས་རྗེས་སུ་དཔོག་དགོས་པ་ཡིན་གྱི་ཆེས་ཐོག་མའི་གློ་བུར་བའི་མཐོང་སྣང་དང་འབྲེལ་ཐུག་ཙམ་གྱིས་ནང་ཀུན་སྤྱོད་ཀྱི་འཁྱེར་སོ་ཇི་བཞིན་དཔོག་ཐུབ་པ་དཀའ་བའི་གནས་སུ་ཡོད། འོན་ཀྱང་ཡུལ་དུས་བྱེ་བྲག་པའི་གནས་སྐབས་ནང་གང་ཟག་ཁྱད་པར་བ་འགའ་ཞིག་གི་ནང་གི་ཀུན་སྤྱོད་དང་འདུན་མོས་ཀྱི་འཁྱེར་སོ་ཆེས་ཐོག་མའི་འབྲེལ་ཐུག་གི་སྐད་ཅིག་མ་དེ་ཉིད་ནས་ཤེས་རྟོགས་ཐུབ་པའི་གོ་སྐབས་ཡོང་བཞིན་ཡོད། གནས་སྟངས་འདིར་ཆོས་ལུགས་ཀྱི་ལྟ་སྟངས་དང་ཚན་རིག་གི་ལྟ་སྟངས་གཉིས་ཆ་ནས་ཏན་ཏན་རྒྱུ་མཚན་ལྡན་པའི་འགྲེལ་བཤད་ཅིག་ཡོད་ངེས་ཡིན་ཏེ། འཇིག་རྟེན་གྱི་བྱ་དངོས་ཡོངས་རྫོགས་གོ་རིམ་ཡོད་པ་དང་སྒྲིག་གཞི་ཡོད་པ། རང་བྱུང་གི་འཆར་གཞི་ཡོད་པའི་ཐོག་ནས་སྐྱེ་བ་དང་འགག་པ། གནས་པ་དང་འཇིག་པ་སོགས་ཀྱི་བྱ་བ་བྱེད་པ་ཡིན་གྱི། གོ་རིམ་མེད་པ་དང་ངེས་ཏན་མེད་པ། གང་དྲན་དྲན་ཡིན་པ། གང་ལ་ཅི་ཡང་འབྱུང་ཆོག་པ་ལྟ་བུའི་ཚུལ་དུ་ཡོང་གིན་མེད་པས་རེད། གང་ལ་རང་བྱུང་གི་སྒྲིག་གཞི་ཡོད་ཅིང་འཆར་གཞི་ཡོད་ལ། གོ་རིམ་ཡོད་པ་དེར་ནམ་ཡང་གནས་ལུགས་ཤིག་དང་རྒྱུ་མཚན་ཞིག འཐད་པ་ཞིག་འབྲལ་མེད་དུ་འབྱུང་བ་ཡིན།

སློབ་ཕྲུག་རྣམས་ཀྱི་དགའ་སྡུག་གི་གཏམ་གླེང་དང་མེ་འཁོར་གྱི་སྒེ་ཁུང་ལས་མཐོང་འོང་བའི་ཕྱི་རོལ་གྱི་མཛེས་སྡུག་རྫོགས་མེད་དེས་ཉིན་གཉིས་དང་མཚན་གཉིས་ཀྱི་འགྲུལ་བཞུད་ཀྱི་དུས་ཡུན་རིང་མོ་དེ་ཇི་ལྟར་ཕྱིན་མིན་མི་ཤེས་པའི་ངང་ནས་ཚར་ཏེ། སྤྱི་ཚེས་༢༡ཉིན་ངེད་ཚོ་ཅེ་ནའའི་གྲོང་ཁྱེར་དུ་འབྱོར། མེ་འཁོར་གྱི་སྒེའུ་ཁུང་ལས་མཐོང་བའི་རྒྱ་ཐང་གི་མཐའ་མེད་པའི་ཞིང་ས་དང་བགྲང་བར་མི་ནུས་པའི་སྣ་ཚོགས་པའི་ལྗོན་ཤིང་། དེ་དག་གི་བར་བར་དུ་ཆགས་པའི་མཚོ་དང་མཚེའུ། བྱ་དང་ངང་པ། ཞིང་པ་དང་བ་རྫི། གླང་དང་མ་ཧེ་སོགས་རང་བྱུང་མཛེས་སྡུག་གི་བཀོད་པ་རྫོགས་མེད་དུ་ཆགས་པ་དག་རིག་དུས་སྨྲ་བརྗོད་ཀྱིས་གསལ་བར་མི་ནུས་པའི་སེམས་ཚོར་གྱི་རིགས་ཤིག་གཅིག་རྗེས་གཅིག་བསྣན་གྱིས་སྐྱེ་ཞིང་མྱང་བའི་གོ་སྐབས་བྱུང་། དེ་ལྟ་ནའང་ལམ་བར་དུ་མཐོང་ཞིང་ཐོས་པའི་དོན་དག་ཡོངས་འདི་འདྲ་བ་རྐྱང་ག་ལ་ཡིན་ཏེ། ཡིད་མུག་ཅིང་སེམས་སྐྱོ་ལ། སྙིང་ལ་ཚ་འཁྱུག་གི་ཚོར་བ་སྟེར་བའི་དོན་དང་གནས་ཚུལ་མི་ལེགས་པའི་ཕྱོགས་ཀྱང་བགྲང་བས་མི་ཚར་བའི་ཚད་དུ་མཐོང་ཞིང་ཐོས་ལ། དེ་དག་གི་གྲས་ནས་གྲོང་ཁྱེར་ཆེན་པོ་དག་དང་ཁད་ཉེའི་ས་ཁུལ་དུ་ཆགས་པའི་བཟོ་གྲྭ་ཆེན་པོ་དེ་དག་ནི་སེམས་ཁམས་ལ་ཚོར་བ་མི་བདེ་བ་སྟེར་བྱེད་ཀྱི་རྒྱུ་རྐྱེན་གཙོ་བོའི་གྲས་སུ་གྱུར་སོང་སྟེ། རང་བྱུང་སྐྱེ་ཁམས་ཀྱི་བློས་མི་དཔོག་པའི་ཉམས་རྒུད་དང་གཏོར་བཤིག་དག་བཟོ་གྲྭ་འདི་དག་གི་བྱ་སྤྱོད་དང་འབྲེལ་ནས་ཐོན་ཡོང་གིན་ཡོད་པས་རེད། དུས་ནམ་ཞིག་གི་མཚམས་ནས་ཚུལ་ཇི་ལྟར་མགོ་བཙུགས་པ་མི་དྲན་མོད་བཟོ་གྲྭ་འདི་དག་ལ་མི་དགའ་བའི་སེམས་ཚོར་ཞིག་ངའི་རྒྱུད་སྟེང་ན་དམ་སྒྲེང་སྒྲེང་གིས་གནས་ནས་འདུག འོན་ཀྱང་ངས་ནམ་ཡང་གཡོལ་མི་ཐུབ་པའི་དོན་དག་ཅིག་ནི་རང་གིས་མི་དགའ་བ་བྱ་སའི་བཟོ་གྲྭ་དེ་དག་ནས་ཐོན་སྐྱེད་བྱས་པའི་འཕྲུལ་རིག་སོགས་དེང་དུས་འཚོ་བའི་ཉེར་སྤྱོད་དུ་གྱུར་པའི་དངོས་པོའི་རིགས་ཤིག་ངའི་འཚོ་གནས་ལོངས་སྤྱོད་ཀྱི་གྲས་ནས་ནམ་ཡང་ཕྱིར་འབུད་དུ་གཏོང་ཐུབ་ཀྱིན་མེད་པ་རེད།

ཅེ་ནའའི་གྲོང་ཁྱེར་དུ་འབྱོར་བའི་ཉིན་རྒྱབ་དེར་རླངས་འཁོར་བརྒྱུད་པོན་ཌི་ཅ་རིར་ཐོན་ཞིང་། ཅེ་ནའའི་དང་པོན་ཌི་ཅ་རིའི་བར་གྱི་ལམ་ཐག་ལ་ཆུ་ཚོད་གསུམ་གྱི་དུས་ཡུན་ལས་མེད། པོན་ཌི་ཅ་རིའི་ས་ཁུལ་འདི་ལོ་རྒྱུས་ནང་ཧྥ་རན་སིའི་མིའི་སེར་སྤེལ་ཡུལ་དུ་གྱུར་ཡོད་ཅིང་། ད་ལྟ་ཡང་ལོ་རྒྱུས་ནང་འཛུགས་བསྐྲུན་བྱས་པའི་ཁང་བརྩེགས་དག་མཚོ་མཐའི་གཞུང་ལམ་གྱི་གཡས་གཡོན་དུ་གྲལ་བསྟར་གྱིས་ཆགས་ནས་འདུག་ལ། ཕྱིའི་ལུགས་རྙིང་གི་རྣམ་པ་དང་མཛེས་སྡུག་གི་ཁྱད་ཆོས་གཉིས་ལྡན་གྱི་ཁང་བརྩེགས་འདི་དག་སྲོལ་རྒྱུན་གྱི་བཟོ་བཀོད་མ་ཉམས་པར་རྒྱུན་འཛིན་བྱས་པའི་སྟེང་། ནང་གི་བཀོད་པ་དང་སྒྲིག་སྲོལ་ལ་དེང་དུས་ཀྱི་མཛེས་ཆ་དང་ཕུན་སུམ་ཚོགས་པའི་ཁྱད་ཆོས་ཀྱིས་ཕྱུག་པར་བྱས་འདུག

ཅེ་ནའའི་ནས་པོན་ཌི་ཅ་རིར་བསྐྱོད་པའི་ལམ་བར་དུ་མཐའ་ཡི་རྒྱ་མཚོའི་མཛེས་སྡུག་དངོས་མ་དེ་ཐེངས་དང་པོར་མིག་ལམ་ལ་འཆར་བའི་གོ་སྐབས་བྱུང་། རྒྱལ་བའི་འཕྲིན་ལས་དུས་ལས་ཡོལ་བ་མེད་པའི་དཔེར་འགོད་པའི་རླབས་ཕྲེང་གི་གཡོ་བ་དག་མཚོ་མཐའི་བྱེ་ཐང་དུ་སྐྱ་ཆིལ་ཆིལ་གྱིས་རྒྱུ་བར་བྱེད་ལ། གསང་རས་དང་ནུ་ཁེབ་ལས་མེད་པའི་དམར་རྣེང་གི་སྐྱེ་བོ་ཕོ་མོ་དག་རླབས་ཕྲེང་གི་བར་དག་ན་རྩེ་ཞིང་ལྡིང་ལ་བྲེལ། ཤིང་རིགས་དང་ཞིང་ཁ། སྐྱེད་ཚལ་སོགས་མཚོ་མཐའི་སྣོད་ཀྱི་བཀོད་པ་ལྟ་ན་སྡུག་པ་དེས་སེམས་ལ་ཟད་པ་མེད་པའི་སིམ་ཚོར་མངར་མོ་རྫོགས་མེད་དུ་མྱང་བའི་གོ་སྐབས་སྟེར་བར་བྱེད་མོད། རང་བྱུང་སྐྱེ་ཁམས་ཀྱི་མཛེས་པ་གཞིག་རལ་དུ་གཏོང་བའི་མིའི་བྱ་སྤྱོད་སྐྱུག་བྲོ་བོ་དེས་འགྱིག་ཕོར་དང་ཤོག་སྣོད་སོགས་རྫོགས་མཐའ་བྲལ་བའི་ཕན་མེད་ཀྱི་དངོས་པོའི་སྙིགས་རོ་དག་རང་བྱུང་མཛེས་སྡུག་གི་བཀོད་པ་དེ་དག་གི་བར་སེང་ཡོད་ཚད་ན་ཁྲ་ཆིལ་ལེར་གཏོར་ནས་འདུག སྣང་ཚུལ་མི་སྡུག་པ་འདི་ཡ་གི་ཧི་མ་ཅཱལ་གྱི་རི་གསེབ་ནས་འདི་ག་བྷན་གཱལ་རྒྱ་མཚོའི་མཚོ་མཐའ་བར་ཁྱད་མེད་གཅིག་གྱུར་གྱི་ཚུལ་དུ་གནས་ནས་འདུག་ལ། རྒྱ་གར་ཡུལ་མི་འདི་དག་གི་འཕྲོད་བསྟེན་དང་རང་བྱུང་སྣོད་བཅུད་ཀྱི་མཛེས་སྡུག་གི་རིན་ཐང་ལ་ལྟ་སྟངས་ཀྱི་བསམ་བློའི་འཁོར་རྒྱར་གཞིགས་ན་ད་དུང་ལོ་རབས་མང་པོའི་བར་དཀའ་ངལ་འདི་ལྷག་ངེས་པ་ཆེས་གསལ་པོས་ར་འཕྲོད་ཀྱིན་འདུག

སྣང་ཚུལ་རྫོར་པོ་འདིས་འབྱུང་འགྱུར་སྐྱེ་ཁམས་ཁོར་ཡུག་གི་ཉམས་རྒུད་ཐད་ཤུགས་རྐྱེན་བྱེད་པ་ཙམ་མིན་པར་ཡུལ་སྐོར་བ་སོགས་སྐྱེ་འགྲོ་སྤྱིའི་སེམས་ཁམས་ལ་མཐོང་སྣང་མི་བདེ་བའི་སེམས་ཚོར་ཞིག་བསྐྲུན་པར་བྱེད་སྟབས། དོན་དམ་དུ་སྡིག་པའི་ལས་སུ་ཡང་འགྱུར་གྱིན་ཡོད་པ་རེད། སྟབས་ཉེས་པ་ཞིག་ལ་འདི་ལྟའི་ཉེས་དམིགས་དང་མཇུག་འབྲས་ཚབས་ཆེན་ལྡན་པའི་དཀའ་ངལ་འདི་ལོ་རྒྱུས་ནང་མེ་ཏོག་དང་རྩི་ཤིང་། མཚོ་སྣ་དང་གངས་རི། སྨན་རྩ་དང་རི་དྭགས་སོགས་རང་བྱུང་སྣོད་བཅུད་ཀྱི་མཛེས་པ་རྐྱང་ལས་མཐོང་དུ་མེད་པའི་མཐོ་སྒང་གི་ས་གཞིར་ཡང་ནད་ཡམས་ཤིག་དང་འདྲ་བར་ཁྱབ་ཀྱིན་ཡོད་པ་སྟེ། ༢༠༠༩ ལོར་ངའི་ཕ་ཡུལ་ནས་གཉེན་འཕྲད་དུ་བསླེབས་པའི་འགྲུལ་པ་ཞིག་གིས་བཤད་ན། དེང་སང་ངའི་ཕ་ཡུལ་གྱི་འབྲོག་ས་དང་ཞིང་ས། སྤང་ཐང་དང་གཡར་རྩ་དགུན་འབུ་བརྐོ་ས། གནས་བསྐོར་ས། དགོན་སའི་ཉེ་འདབ་སོགས་སུ་འགྱིག་ཁུག་དང་ཤོག་སྙིགས། ཨ་རག་དང་བཏུང་བ་བཏུལ་ཤུལ་གྱི་ཤེལ་དམ་གྱི་ཆག་རོ་སོགས་གང་སར་གཡུགས་ཏེ་ཁོར་ཡུག་གི་གནས་སྟངས་ཧ་ཅང་གིས་རྫོར་པོ་བཟོས་ཡོད་པར་བཤད། ཁོར་ཡུག་གི་གནད་དོན་ཙམ་མིན་པར་འགྱིག་དང་ཤོག་བུའི་ཁུག་མ་དང་ཤེལ་དང་འགྱིག་གི་དམ་བུ་འདི་དག་གི་ནང་རོལ་ན་ཡོད་པའི་ཟ་ཆས་དང་བཏུང་བ་ཡོངས་མིའི་ལུས་ཀྱི་འཕྲོད་བསྟེན་ལ་གནོད་པ་སྟེར་བྱེད་རྐྱང་རྐྱང་ལས་ཕན་རྐྱེན་བྱེད་པའི་གྲུབ་ཆ་ཅུང་ཙམ་ཡང་མེད་སྟབས། ངའི་ཡུལ་མི་ཚོའི་འཕྲོད་བསྟེན་གྱི་གནས་སྟངས་ཀྱང་སྣང་ཚུལ་འདིའི་སྟེང་ནས་ཚད་ཇི་འདྲ་ཞིག་ཏུ་བསླེབས་ཡོད་པ་ཅུང་ཟད་དཔོག་ཐུབ་པ་ཡིན།

པོན་ཌི་ཅ་རི་ནས་ཨོ་རོ་ཝི་ལའི་གྲོང་སྡེར་སྐར་མ་ཉི་ཤུ་ཙམ་གྱི་དུས་ཐུང་ནང་བསླེབས་ཐུབ་ལ། ཨོ་རོ་ཝི་ལ་ནི་ཁྱེད་ཅག་སྲོལ་རྒྱུན་གྱི་འཚོ་ཐབས་ལམ་སྲོལ་ལ་དགའ་མོས་ཡོད་ཅིང་། སྣེ་མང་རིག་གཞུང་ལ་རྒྱུས་ལོན་བྱེད་ན་འདོད་ལ། མཐའ་བྲལ་ས་བརྟན་གྱི་འཚོ་བ་དོན་དུ་གཉེར་མཁན་ཞིག་ཡིན་ན་སྐྱིད་པོ་གཏོང་ས་དང་མི་ཚེ་འབུད་ས། བློ་སྐྱེད་ལེན་ས། ཤེས་ཡོན་བསྡུ་ལེན་བྱ་སའི་རྒྱལ་སྤྱིའི་ལྟེ་གནས་གལ་ཆེན་ཞིག་ཏུ་གྱུར་འདུག ས་གནས་འདིར་དབྱིན་སྐད་ཐོག་བོད་ཀྱི་ལོ་རྒྱུས་དང་འབྲེལ་བའི་ཆབ་སྲིད་དཔྱད་བརྗོད་པ་ཀོ་ལོ་ཌི་ཨར་པི་ཡི་འཆར་འགོད་དང་འབྲེལ་ནས་བོད་ཁང་ཞིག་བསྐྲུན་འདུག་ལ། འདི་ནི་ང་དང་ངའི་རོགས་པ། ཤེས་ཡོན་ཕྱོགས་བསྐྱོད་ལ་བསླེབས་པའི་བོད་ཁྱིམ་གྱི་སློབ་མ་བཅུ་གཅིག་གི་ཟླ་བ་གཅིག་དང་ཞག་མ་ཉི་ཤུའི་རིང་གི་གནས་བཅའ་ས་དེ་རེད།

ཡུན་རིང་མཉམ་གཤིབས་ཀྱི་བརྒྱུད་རིམ་ཁྲོད་ནས་སློབ་ཕྲུག་རྣམས་ཀྱི་ཆེས་གཏིང་རིམ་གྱི་དགའ་མོས་བྱ་ཕྱོགས་དང་དམིགས་འདུན་བཟུང་ཕྱོགས། འདས་ཟིན་པའི་དཀའ་ཚེགས་ཆེ་བའི་མི་ཚེའི་གྲུབ་ཆ་སོགས་ལ་གཏིང་ཟབ་པོའི་མྱོང་རྟོགས་བྱུང་ཞིང་། སོ་སོའི་ལུང་པར་ཆབ་སྲིད་ཀྱི་བདེ་འཇགས་མེད་པའི་གནས་བབ་ཀྱི་ཆ་ནས་བཤད་ན་དཀའ་ཁག་འདི་རིགས་ནི་སྐྱབས་བཅོལ་བ་སྤྱི་བྱིངས་ལ་མཐུན་མོང་དུ་ཡོད་པའི་ཁྱད་ཆོས་ཤིག་ལས། ངེད་ཅག་གཅིག་པོའི་མགོ་ཐོག་དུ་བབ་པའི་ཐུན་མིན་གྱི་དཀའ་ངལ་དེ་འདྲ་གང་ཡང་མ་རེད། འོན་ཀྱང་ངས་འཇིགས་སྣང་དང་ཉེན་ཁཪ་མི་བརྩི་རང་བརྩིར་གྱུར་པའི་ཁོང་ཚོའི་རྒྱུད་སྟེང་གི་དཀའ་ངལ་ལམ་ངན་ཤན་སྡུག་ཅག་ཅིག་ཡོད་པ་ནི། དེང་དུས་ཀྱི་ཕོ་མོའི་བརྩེ་དུང་བརྗོད་བྱར་བྱས་པའི་ཀོ་རི་ཡའི་གློག་བརྙན་བལྟས་པ་ལས་ཐེབས་པའི་ཤུགས་རྐྱེན་སྡུག་ཅག་ཅིག་རེད། འདིས་ཁོང་ཚོའི་དམིགས་འདུན་ཁྱེར་ཕྱོགས་ལ་ཤུགས་རྐྱེན་ཐེབས་འདུག་ལ། སློབ་སྦྱོང་ལ་དོ་སྣང་དང་དགའ་མོས་བྱ་ཕྱོགས་ལ་ཡང་ཤུགས་རྐྱེན་ཐེབས་འདུག ངའི་གོ་ཐོས་ལྟར་ན་སློབ་གྲྭའི་སློབ་མ་ལོ་ཆུང་ཚོའི་ཁྲོད་དུ་ཡང་ཕན་ཚུན་དགའ་རོགས་སྒྲིག་པ་དང་། བརྩེ་དུང་དང་འབྲེལ་བའི་མི་ཚེའི་བྱ་སྤྱོད་ལ་རོལ་བ་སོགས་དུས་ཚོད་མ་རན་པའི་བྱེད་ཕྱོགས་མང་པོ་ཞིག་ཁྱབ་གདལ་དུ་འགྲོ་བཞིན་ཡོད་སྐོར་གོ་ཐོས་བྱུང་། ཏན་ཏན་ནམ་དུས་མ་ཤར་གོང་ནས་ཤིང་འབྲས་སྨིན་སྟངས་འདི་འགྲོ་ལུགས་ཚུལ་མཐུན་ཞིག་ཕལ་ཆེར་ཡིན་མི་སྲིད། ཀོ་རི་ཡའི་གློག་བརྙན་གྱི་ཤུགས་རྐྱེན་ཐེབས་ཡུལ་སློབ་གྲྭ་གཅིག་པུ་ག་ལ་ཡིན་ཏེ། ཨ་ནེ་དང་གྲྭ་པའི་སྤྱི་ཚོགས་ཀྱང་ཤུགས་རྐྱེན་འདི་ཉིད་ཐེེབས་ཡུལ་གྱི་ཁོར་ཡུག་ཅིག་ཏུ་འགྱུར་རྒྱུའི་ཉེན་ཚབས་ཤིག་གི་ནང་གནས་ཡོད། སྐབས་སྐབས་སུ་ཀོ་རི་ཡའི་གློག་བརྙན་ནང་གི་བརྩེ་དུང་གི་བྱུང་བར་དཔྱད་པ་བྱེད་པའི་ལབ་གླེང་ཐོས་སུ་ཡོད་ལ། སྐབས་སྐབས་སུ་ཀོ་རི་ཡའི་གློག་བརྙན་ནང་གི་བརྩེ་དུང་གི་ཟབ་ཚད་དང་རིན་ཐང་ལ་མཚར་འཛིན་གྱི་ངོ་བསྟོད་བྱེད་པའི་སྐད་ཆ་ཤུབ་བུ་དེ་འདྲ་ཡང་གོ་བའི་སྐབས་ཡོད། ངས་བསམ་ཚུལ་འདི་འབྲི་བའི་སྐབས་ཤིག་ལ་ཁ་བརྡ་དྲྭ་རྒྱར་བལྟས་པ་ཡིན། དེར་ཡང་བཙན་བྱོོལ་ནང་གི་གྲགས་ཅན་རྩོམ་པ་པོ་དང་སྤྲུལ་སྐུ། གྲྭ་པ་གསུམ་ཀ་ཡིན་པའི་ཀླུ་སྨྱོན་ཧེ་རུ་ཀས་ཀྱང་ཀོ་རི་ཡའི་གློག་བརྙན་བལྟས་པ་ལས་ཐེབས་པའི་གོམས་ཤན་ཞིག་གིས་བརྩེ་དུང་གི་མྱོང་རོལ་ལ་ཞུགས་དགོས་བྱུང་བའི་རྩོམ་ཡིག་ཅིག་བྲིས་པ་མཐོང་། གང་ལྟར་ཀོ་རི་ཡའི་གློག་བརྙན་གྱིས་གྲྭ་པ་དང་ཨ་ནེའི་སྡོམ་ཁྲིམས་ལ་ཤུགས་རྐྱེན་ཐེབས་ཀྱིན་ཡོད་ལ། ཀོ་རི་ཡའི་གློག་བརྙན་གྱིས་སློབ་གྲྭའི་སློབ་མ་ཚོའི་སློབ་སྦྱོང་ལ་དམིགས་པའི་སྤྲོ་སྣང་དང་དགའ་དགའ་འཁྱེར་ཕྱོགས་ལ་ལ་ཡང་ཤུགས་རྐྱེན་ཐེབས་ཀྱིན་ཡོད། ངས་བསམ་ན་འདི་ནི་ང་ཚོའི་སྤྱི་ཚོགས་ནང་གི་དཀའ་ངལ་ཆེན་པོ་ཞིག་གི་མངོན་རྟགས་ཤིག་ཡིན་སྲིད།

ངས་ཨོ་རོ་ཝི་ལའི་མཐོང་ཐོས་ཁག་མུ་མཐུད་ཁ་བརྡ་དྲྭ་ཐོག་ཏུ་འགོད་རྒྱུའི་འབད་བརྩོན་བྱེད་ཀྱིན་ཡོད། ང་རང་གནས་སྟངས་དམིགས་བསལ་བ་ཞིག་གི་འབྲེལ་ལས་བོད་ཁྱིམ་སློབ་ཕྲུག་རྣམས་དང་མཉམ་བསྐྱོད་ཀྱི་གོ་སྐབས་བྱུང་བ་མ་གཏོགས། བོད་ཁྱིམ་གྱི་ལས་བྱེད་དང་དགེ་རྒན་གྱི་ལས་གནས་ཡོད་པ་དེ་འདྲ་གང་ཡང་མིན་པའི་གསལ་བཤད་བཅས། བྷན་གཱལ་མཚོ་མཐར་ཆགས་པའི་ཨོ་རོ་ཝི་ལའི་ས་གནས་ནས་བྲིས།

རྩོམ་རིག

Post navigation

Previous Post: ཁོ་མོའི་སྙིང་གཏམ
Next Post: སྒྲུང་གཉིས་དང་རྣག་ཐོག་ཁབ་གཙགས།

Comment (1) on “པོན་ཌི་ཅ་རི་ནས་ཀོ་རི་ཡའི་གློག་བརྙན་གྱི་ཤུགས་རྐྱེན་མཐོང་བ་།”

  1. jo lak says:
    2011-02-24 at 10:24 am

    ལྷོ་ཕྲུག་སྣ་བོ་ཆེ་ལགས། ད་ཁྱེད་ཀྱི་རྩོམ་རིང་པོ་འདི་སྡོམ་གཅིག་རྒྱབ་ན་མིའི་མི་ཚེ་ནང་བརྩེ་དུང་གི་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས་སྐོར་ཡིན་འདུག དེ་ཡང་སློབ་མ་ཚོའི་དབར་གྱི་གཏམ་བཤད་དེ་དག་ཁ་ཁུ་སིམ་མེར་ཇབ་སྙན་བྱས་འདུག དེ་ནི་ཤིན་ཏུ་ནས་མི་འོས་པ་ཞིག་ཡིན་མོས། མ་ཟད་བརྩེ་དུང་ནི་མི་དང་རང་བཞིན་ལྷན་སྐྱེས་སུ་ཡོད་པ་ཞིག་ཡིན་དེ་ཡང་མ་དང་བུ་ཕྲུག་དབར་གྱི་བརྩེ་དུང་། སྤུན་ཉེ་དབར་གྱི་བརྩེ་དུང་། ཕོ་མོའི་དབར་གྱི་བརྩེ་དུང་། དེ་(བརྩེ་དུང་།) སྡུག་ཅག་ཡིན་ཚེ་དེ་ནི་ཁྱེད་ཀྱི་སྣང་ཚུལ་ཡིན། དེ་འབྲེལ་དྲི་བ་ཞིག་ལ་ཁྱེད་ནས་ད་བར་བརྩེ་དུང་གི་བྲོ་བ་མྱོང་མ་མྱོང་ངམ། སྤྱིར་བཏང་མིའི་སྤྱི་ཚོགས་ནང་རང་གི་བྱས་ཚད་རབ་དང་གཞན་གྱི་བྱས་ཚད་མ་རབ་ཟེར་རྒྱུ་དེ་ནི་གོམས་གཤིས་ངན་པ་ཞིག་འཇགས་ཡོད་དེ་དག་སྤང་དགོས་པའི་གནད་དོན་ཞིག་ཡིན་འདུག་པས་ཁྱེད་ནས་དེ་དག་སྤང་པས་རེ་བ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme