Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པོ་ཕོ་མོ་ཧྥོ།(b p m f)

Posted on 2011-02-052011-02-05 By དབང་ཕྱུག་ 10 Comments on པོ་ཕོ་མོ་ཧྥོ།(b p m f)

pinyin_allpinyinརྡོ་རྗེ་དབང་ཕྱུག

ང་རང་སློབ་ཆུང་ན་ཡོད་སྐབས། རྒྱ་ཡིག་གི་སློབ་ཚན་ཟེར་བ་ཞིག་གོ་ཐོས་མེད་ནའང་། སློབ་འབྲིང་ལ་ཡིག་རྒྱུགས་གཏོང་སྐབས། རྒྱ་ཡིག་གི་ཡིག་ཚད་ཟེར་བ་ཞིག་འདུག རྒྱ་ཡིག་གཅིག་ཀྱང་མི་ཤེས་པའི་ང་རང་། ཡིག་རྒྱུགས་དེར་ཞུགས་པ་ཡིན། ཡིག་རྒྱུགས་སྐབས་མིང་འབྲི་དགོས་པ་དེ་གལ་ཆེ་བསམ་ནས། མིང་འབྲི་ས་དེ་གང་ན་ཡོད་མེད་ཅོག་ཙེ་གཅིག་པ་དེར་དྲིས་པར། ཁོས་སྨྱུ་གུ་བཙུགས་ནས་འདི་ལ་མིང་འབྲི་དགོས་རེད་ལབ་སོང་། དེར་བོད་ཡིག་གིས་མིང་ཞིག་བྲིས་ནས་བསྡད་པ་ཡིན། བསྡད་ནའང་ཅང་འབྲི་རྒྱུ་གང་ཡང་ནི་མེད།
འབྲི་རྒྱུ་མེད་ནའང་ད་དུང་ཨུ་ཚུགས་ཀྱིས་བསྡད་པ་དེ་ཡག་པོ་ཞིག་བྱུང་སོང་། ཅོག་ཙེ་གཅིག་པ་དེས་དྲི་ཤོག་སྟེང་ལ་མཛུབ་མོ་བཙུགས་ནས། དེར་རྒྱ་ཡིག་ག་ཚད་ཤེས་ཤེས་ཤིག་བྲིས་བཞག་ན་འགྲིག་གི་རེད་ལབ་སོང་། ཁོ་རང་ནི་གྲོང་ཁྱེར་ནང་འཚར་ལོངས་བྱུང་མཁན་ལ་བརྟེན། རྒྱ་ཡིག་གིས་ཚིག་གྲུབ་རེ་བཟོ་ཤེས་ཀྱི་ཡོད་བཟོ་འདུག ཁོས་མཛུབ་མོ་བཙུགས་སའི་ས་ཁོད་དེ་ནི་ང་འདྲ་བ་རྒྱ་ཡིག་མི་ཤེས་མཁན་ཟེར་དགོས་རེད་དམ། ཡང་ན་ཁ་ཤས་ཤིག་ཤེས་མཁན་ཚོར་ཟེར་དགོས་རེད། ང་ལྟ་བུ་ལ་དམིགས་པའི་དྲི་བ་དེ་འདྲ་ཞིག་ཡིན་ཚོད་དེའི་གཤམ་ལ་རྒྱ་ཡིག་ཁ་ཤས་འབྲི་རྒྱུ་རག་སོང་། དེ་ནི་གཞན་མ་རེད། འཛིན་ཁང་དེའི་ནང་ན་པར་ཁ་ཤས་སྦྱར་འདུག་པའི་འོག་ན་རྒྱ་ཡིག་ཁ་ཤས་རེ་ཡོད་པ་དེ་ཚོ་བཟོ་ལྟ་ཏག་ཏག་བསྡད་ལ་མ་བསྡད་ཅིག་བཤུས་ནས་ཡར་སྤྲད་པ་ཡིན། རྗེས་ལ་ཤེས་པ་ལྟར་ན། ངས་དེ་དུས་རྒྱ་ཡིག་བཅོ་བརྒྱད་བྲིས་ཡོད་འདུག་པའི་ནང་ན་བཟོ་ལྟ་ཏག་ཏག་བསྡད་མཁན་གསུམ་འདུག་ཅེས་དགེ་རྒན་ཚོས་ལབ་ཀྱི་འདུག
དེ་དུས་ཡིད་ཕངས་པ་ཞིག་ལ། ངའི་གཅེན་པོར་ལག་འདོགས་ཆུ་ཚོད་རྙིང་པ་ཞིག་ཡོད་པ་དེའི་གདོང་ཤེལ་སྟེང་ན། རྒྱ་ཡིག་ཡིག་འབྲུ་གཉིས་ཡོད་པ་དེ་མིག་ལ་འཆར་འོང་བ་འདྲ་ཞིག་བྱུང་སོང་ཡང་། ཡིག་གཟུགས་དེ་འབྲི་ཤེས་མ་བྱུང་། གདོང་ཤེལ་སྟེང་གི་ཡིག་འབྲུ་དེ་གཉིས་ནི་༼ཧྲང་ཧེ༽ཞེས་པའི་ཡིག་འབྲུ་གཉིས་རེད།
གང་ལྟར་ཕྱི་ལོ་ ༡༩༨༦ ལོ་ཡིན་པ་ཡོད། ང་རང་སློབ་འབྲིང་ལ་ཞུགས་པ་ཡིན། དེ་དུས་ནི་ང་ཚོའི་སློབ་ཆུང་དེ་སློབ་སྦྱོང་གི་ཕྱོགས་ནས་གང་ལ་གང་འཚམ་འགྲིག་བསྡད་པས་མིན་འགྲོ། ང་ཚོའི་སློབ་ཆུང་ནས་ཐོན་མཁན་ཚོ་ནི་སློབ་འབྲིང་དགེ་རྒན་ཚོས་འཕྲོག་རེས་འདྲ་ཞིག་བྱེད་ཀྱི་འདུག དེ་ནས་ང་སློབ་འབྲིང་གི་སློབ་མ་ཆགས་པ་རེད།
ཉིན་ཞིག་དགེ་རྒན་རྒྱ་མོ་ཞིག་ཡོང་ནས། མང་པོ་ཞིག་བཤད་སོང་། གཅིག་ཀྱང་གོི་མ་སོང་། སློབ་གྲོགས་ཤིག་གིས། རྒྱ་ཡིག་མི་ཤེས་མཁན་ཚོས་ལག་པ་ཁྱོགས་ལབ་ཀྱི་འདུག་ཅེས་སྐད་སྒྱུར་འདྲ་ཞིག་བྱས་སོང་། དེ་ནས་ལག་པ་ཡར་བཀྱགས་པ་ཡིན། ང་ཚོའི་འཛིན་གྲྭ་ལ་སློབ་མ་བཞི་ཅུ་ཞེ་གཉིས་འདུག་པའི་ནང་། རྒྱ་ཡིག་མི་ཤེས་མཁན་སུམ་ཅུ་ཡས་མས་ཤིག་འདུག དེ་ནས་དགེ་རྒན་རྒྱ་མོ་དེས། པོ་ཕོ་མོ་ཧྥོ་ཟེར་བ་ཞིག་བསླབས་སོང་། དེ་དུས་ཡ་མཚན་པོ་ཞེ་དྲག་བྱུང་། ད་འདི་ག་རེ་ཡིན་ནམ། འདི་བསླབ་ནས་ག་རེ་བྱེད་དགོས་ཡིན་ན་བསམ་པ་ཞིག་ཀྱང་ལྷན་དུ་བྱུང་། ཟླ་བ་ཁ་ཤས་ནས་རྒྱ་ཡིག་གི་སྟེང་ལ་པོ་ཕོ་མོ་ཧྤོ་བཀོད་པའི་ཀློག་གདངས་དེ་ཚོ་ཀློག་ཤེས་པར་གྱུར། ཡིན་ནའང་། པོ་ཕོ་མོ་ཧྥོ་ལ་བལྟས་ནས་རྒྱ་ཡིག་བཀླགས་པ་དེས་ང་ལ་སྐྱོན་ཆེན་པོ་བྱས་སོང་། པོ་ཕོ་མོ་ཧྥོ་མེད་པའི་རྒྱ་ཡིག་གཅིག་ཀྱང་ཀློག་མི་ཤེས་པར་གྱུར། ཀླད་ཀྱི་སྒྲ་གདངས་མཚོན་བྱེད་ཡི་གེ་དེ་ཚོས་གཤམ་གྱི་རྒྱ་ཡིག་དེ་ཚོ་ཡོལ་བ་ཞིག་གི་རྒྱབ་ལ་བསྐྱལ་བ་ལྟ་བུའི་ཚོར་སྣང་ཡང་བྱུང་། ངས་འདི་ལྟར་རྒྱ་ཡིག་སློབ་མགོ་བརྩམས་པ་ཡིན། ག་ཚད་སྦྱངས་ནའང་ཡར་རྒྱས་འགྲོ་རྒྱུ་མི་འདུག སྡུག་རུས་ག་ཚད་བརྒྱབ་ཀྱང་རྒྱ་ཡིག་ཤེས་རྒྱུའི་རེ་བ་ཧ་ལམ་མེད་པ་འདྲདགེ་རྒན་གྱིས་ཐབས་ཤེས་ཡོད་རྒུ་རྩལ་སྤྲུགས་གནང་ནས་འཁྲིད་ཀྱི་འདུག པོ་ཕོ་མོ་ཧྥོ་ལ་གཞས་གདངས་འདྲ་མིན་ཡོད་པ་མང་པོ་བསླབས་སོང་། ཟླ་བ་གསུམ་ལྷག་གི་རིང་དེར་སྦྱངས་ནའང་། གཞན་ཚོ་ནང་བཞིན་ཞིག་ཁྱོན་ནས་ཤེས་ཐབས་མ་བྱུང་།
ད་ནི་རྒྱ་ཡིག་དགེ་རྒན་ཡིད་ཐང་ཆད་སོང་བ་འདྲ། ང་དང་སྐར་མ་དོན་འགྲུབ་གཉིས་ལ་དམིགས་བསལ་སྤྲད་སོང་། དེ་ནི་འདི་འདྲ་རེད། ལོ་གཅིག་གི་ནང་ལ་སློབ་ཚན་བཞི་ཤེས་དགོས་པ་རེད་ཟེར། སློབ་ཚན་བཞི་དེ་མགོ་ནས་མཇུག་བར་འབྲི་ཀློག་གཉིས་ཀ་ཨ་ཅང་ཅང་། ནང་དོན་ཡང་ཤེས་དགོས་པ་རེད་ཟེར། སློབ་སྐབས་གཅིག་ལ་སློབ་ཚན་གཉིས། ལོ་གཅིག་ལ་སློབ་ཚན་བཞི་སྦྱངས་ནས་ལོ་གསུམ་ལ་ཁྱོན་བསྡོམས་སློབ་ཚན་བཅུ་གཉིས་སྦྱངས་པ་ཡིན། ད་ཆ་བསམས་ན། ལོ་གསུམ་དེའི་རིང་ལ་སློབ་འབྲིང་འཛིན་གྲྭ་དང་པོའི་སློབ་དེབ་དེ་སྦྱངས་འདུག དེ་ལས་བརྒལ་བ་སྦྱངས་ཡོད་པའི་དབང་དུ་བཏང་ན། འཛིན་གྲྭ་གཉིས་པའི་སློབ་དེབ་ལས་སློབ་ཚན་གཉིས་ཙམ་སྦྱངས་ཡོད་འགྲོ། དེ་མིན་སྦྱང་རྒྱུ་རག་མེད།
ཡིན་ནའང་། གང་སྦྱངས་པ་དེ་སེམས་ལ་ངེས་པོ་ཞིག་དགོས་པ་གལ་ཆེ་སྙམ་པ་ཞིག་གི་མུ་ནས། རྒྱ་ཡིག་ཁ་ཤས་ནི་ ཅ་དངོས་རེ་ལ་སྦྱར་ནས་སྦྱངས་པ་ཡིན། དཔེར་ན། ཨ་ཕ་ཁོན་ཐར་མགོ་ཡི་ཞྭ་འདྲ་འདྲ། ཨ་མ་བཀྲ་བོའི་རྐང་གི་ལྷམ་འདྲ་འདྲ། རྐང་ལམ་ཁུག་གི་དཀྱོགས་འདྲ་འདྲ། དུས་འཁོར་ཉག་ཁའི་ཞིང་འདྲ་འདྲ་ཟེར་བ་ལྟ་བུའི་ཐབས་ཤེས་སྤྱད་ནས་རྒྱ་ཡིག་གི་ཡིག་གཟུགས་ངོས་འཛིན་ཐབས་ཤེས་བྱས་པ་ཡིན། དགེ་རྒན་གྱིས་ལབ་སྟངས་བྱས་ན། རྒྱ་ཡིག་སྟོང་ཚོ་བཞི་ཤེས་སོང་ན། ཚགས་པར་ཀློག་ཐུབ་རབས་ལབ་སོང་། རྒྱ་ཡིག་སྟོང་ཕྲག་བཞི་ཤེས་ཀྱི་ཡོད་མེད་མི་ཤེས། ལོ་གསུམ་ལ་སྦྱངས་པ་དེས་ཚགས་པར་ཀློག་རྒྱུ་ཕར་བཞག་ནས། འཛིན་གྲྭ་དང་པོའི་སློབ་དེབ་དེ་ཁ་བསུམ་པ་ཡིན་ན། དེ་ལས་བརྒལ་ནས་ཕལ་ཆེར་གང་ཡང་མི་ཤེས་པ་ལྟ་བུ་ཞིག་རེད།
གུང་སེང་གི་སྐབས་ཤིག་ལ། རྒྱ་ཡིག་ཀློག་སྦྱོང་བྱས་ནས་ཡོད་སྐབས། ཨ་མས་འདིས་སྦྱངས་དགོས་པ་ཞིག་སྦྱང་གི་ཡོད་ས་མ་རེད། མི་དགོས་རྒྱུ་ཏ་ཧོ་ཧོ་ཞིས་ཧོ་ཐོ་འདྲ་ཞིག་སྦྱང་གི་ཡོད་པ་འདྲ་ཞེས་གཤེ་གཤེ་བཏང་སོང་། རྗེས་ལ་ཤེས་དུས་ཏ་ཧོ་ཧོ་ཞིས་ཧོ་ཐོ་ནི་རིག་གསར་སྐབས་ཀྱི་གཞས་ཤིག་ཡིན་པ་འདྲ། ཨ་མའི་འཁྲིས་ནས་རྒྱ་ཡིག་ག་དུས་བཀླགས་ནའང་། ཨ་མས་ཏ་ཧོ་ཧོ་ཞི་ཡིན་ཤག་བྱེད་ཀྱི་རེད། ད་དུང་རྣམ་རྟོག་ཟ་གི་རེད།
སྐབས་ཤིག་ཟི་ལིང་ནས་ནང་དུ་ལོག་ཡོང་སྐབས་ཤིག་ལ། མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་བརྒྱ་འཁོར་བ་ཞེས་པའི་གཞས་ཀྱི་འཁོར་ཐག་གཉིས་ཡོད་པ་དེ་འདྲ་ཞིག་ཉོས་ནས་ནང་ལ་འཁྱེར་སོང་བ་ཡིན། གཞས་དེ་གྲག་བཅུག་པ་དེས། གཤེ་གཤེ་དཔེ་རག་སོང་། དེ་ནི་གཞན་གང་ཡང་མ་རེད། གཞས་འཁོར་དེའི་ནང་གི་གཞས་དེ་ཚོ་ནི། ངའི་ཕ་མ་གཉིས་དང་ད་དུང་ཁོང་གཉིས་འདྲ་བའི་ཕ་མ་མང་པོ་ཞིག་གིས། ཟ་མའི་དཀའ་ངལ་དང་། འགྲོ་འདུག་གི་དཀའ་ངལ། སྨྲ་བརྗོད་ཀྱི་དཀའ་ངལ། དད་མོས་ཀྱི་དཀའ་ངལ་བཅས་དང་མཉམ་དུ། ཟས་ཀྱིས་ཕོ་བ་མི་འགྲངས་པ་དང་། གོས་ཀྱིས་ལུས་པོ་མི་ཁེབས་པའི་དཀའ་ངལ་མང་པོ་ཞིག་མྱོང་སྐབས། སྒང་ནས་མར་ལ་བཙལ་ཁྲལ་ལྟ་བུ་བཞག་ནས་བཏང་བཅུག་པའི་གཞས་དེ་ཚོ་ཕྱོགས་བསྒྲིགས་བྱས་པ་འདྲ་ཞིག་ཆགས་ཡོད་པ་དེས་རེད། གཞས་དེ་ཚོ་གོ་འོང་དུས་སེམས་ནང་འཇིགས་དངངས་ཤིག་ཡོང་གི་ཡོད་ཚོད་རེད། ངའི་ཨ་མས་ཏ་ཧོ་ཧི་ཞིས་ཟེར་ནས་རྣམ་རྟོག་བྱེད་ཀྱི་འདུག་པ་དེ་ཡང་དེའི་ནང་ཡོད་ཚོད།
ཉིན་ཞིག་ང་ཚོའི་སྡེ་བའི་རྒད་པོ་ཞིག་གིས་ང་ལོགས་ཤིག་ལ་འཁྲིད་ནས། ཨ་རོ། ད་ཡང་གོང་མ་འདི་ཚང་གིས་ག་ཤེད་ཅིག་ན་ཅིག་མངགས་ནས་ཡོང་གི་ཡོད་པ་མིན་ནམ། གཞས་འདི་ཚོའི་གྲས་ཡང་བསྐྱར་གྲག་ཏུ་འཇུག་སྟངས་ལ་བལྟས་ན། ད་ཡང་ག་ཤེད་ཅིག་ན་ཅིག་འགྲིག་གི་མེད་པའི་རྟགས་ཡིན་པ་འདྲ། ཞེས་ཧ་ཅང་གཟབ་ནན་གྱིས་འདྲི་ཡི་འདུག དེར་ངས། ཡིན་རྒྱུ་མ་རེད། ཁོང་ཚོས་སྒྲ་ཐག་སྟེང་ལ་མའོ་ཀྲུའུ་ཞི་སྐུ་འཁྲུངས་ནས་ལོ་བརྒྱ་འཁོར་བའི་དུས་ཚིགས་དེ་གལ་ཆེན་པོ་ལ་རྩིས་ཀྱི་ཡོད་པའི་འགྲེལ་བཤད་ལས་གཞན་གང་ཡང་བྲིས་མི་འདུག་ལབ་པར། བདུད་རྒན་དེ་དང་ངེད་གཉིས་ནི་མ་འཁྲུངས་ན་དྲག་ག བདུད་རྒན་དེ་སྲོག་ཆད་པའི་རྗེས་ལ་གཞི་ནས་མང་ཚོགས་ཀྱི་མགོ་བོ་ཡར་འགྱོགས་ས་ཞིག་རག་པ་རེད། འདི་འདྲའི་བདུད་རྒྱལ་སྐྱེས་མི་རུང་། བདུད་རྒན་འདིའི་རིང་ལ་སེམས་ཅན་ཐམས་ཅད་ཀྱིས་རྩྭ་ཟོས་ནས་ལྕི་བ་བཏང་བ་རེད། མ་སེམས་ཅན་ཁ་བཏགས་སོང་བ་རེད་ཅེས་སྙིང་ནད་ཅིག་ཀྱང་ཡོད་པ་བསྟན་འོང་གི་འདུག
དགེ་རྒན་གྱིས་ཟེར་ན། རྒྱ་ཡིག་ཚང་མ་གྲུ་བཞི་གྲུ་རྐྱང་འབྲི་དགོས་རེད་ཟེར། རྒྱ་ཡིག་མང་ཆེ་བ་གྲུ་བཞི་ཡིན་ནའང་། ཁ་ཤས་ཤིག་གྲུ་གཞི་མ་ཡིན་པར་ཟུར་གསུམ་འདྲ་ཞིག་མཐོང་གི་ཡོད། ཉི་མ་གཅིག་ལ། རྒྱ་ཡིག་སྦྱོང་མི་དགོས་པའི་དམིགས་བསལ་ཐོབ་ཐབས་ཤིག་བྱས་པ་ཡིན། རྒྱ་ཡིག་སྦྱོང་བ་ལ་ཆུ་ཚོད་མང་པོ་དགོས་ཀྱི་འདུག སློབ་ཚན་གཞན་པ་སྦྱོང་ཐུབ་ཀྱི་མི་འདུག་ཟེར་ནས་ཡར་ཞུ་ལྟ་བུ་ཞིག་བྱས་པ་ཡིན། དེར་ངོས་ལེན་གནང་མ་སོང་། འཛིན་གྲྭའི་དགེ་རྒན་གྱིས་ངོས་ལེན་གནང་མ་སོང་། ངོས་ལེན་མི་གནང་དོན་ནི་གཞན་གང་ཡང་མ་རེད། རྒྱ་ཡིག་མ་སྦྱང་ན་དམའ་རིམ་སློབ་འབྲིང་བརྒལ་ནས་མཐོ་འབྲིང་དང་ཆེད་སྦྱོང་སློབ་གྲྭ་གང་ལའང་ལམ་ཁ་མེད་པ་འདྲ། དེ་ནས་མུ་མཐུད་སྦྱངས། སྦྱངས་སྦྱངས་པའི་མཐའ་མ་དེར། དམའ་འབྲིང་ནས་མཐོ་འབྲིང་ལ་ཡིག་རྒྱུགས་སྤྲོད་སྐབས། སྐར་གྲངས་བརྒྱ་ནས་ཉི་ཤུ་རྩ་བཞི་རག རྒྱ་ཡིག་སྦྱོང་བར་དབྱིངས་འདྲ་ཞིག་ཀྱང་དེ་དུས་གཞི་ནས་འཕར་སོང་།
དམའ་རིམ་སློབ་འབྲིང་ནས་ཞིང་ཆེན་འཕྲོད་བསྟེན་སློབ་གྲྭ་ལ་འགྲོ་བའི་གོ་སྐབས་རག་དུས་ནི། ཕྱི་ལོ་ ༡༩༨༦ ལོར་རེད། མཚོ་སྔོན་ཁོངས་ཀྱི་རང་སྐྱོང་ཁུལ་དྲུག་དང་མཚོ་ཤར་ས་ཁུལ་བཅས་ནས་སླེབས་པའི་སློབ་གྲོགས་མང་ཆེ་བ་ནི་རྒྱ་སྐད་དང་རྒྱ་ཡིག་ཆུ་རྒྱུག་རྒྱུག་རེད་འདུག་པ་དེའི་གྲས་ནས་རྒྱ་ཡིག་ཤེས་ཚད་སྐྱོ་ཤོས་དེ་ང་རང་ཆགས་སོང་། ང་ཚོ་ཐུན་མོང་གིས་གསར་དུ་སྦྱང་བའི་རྒྱ་ཡིག་ནི། གསོ་བ་རིག་པ་དང་འབྲེལ་བའི་ཐ་སྙད་དེ་ཚོ་ཆགས། མ་གཞི་བྱས་ན་ང་ཚོའི་སློབ་གཞི་གཙོ་བོ་ནི་བོད་ཀྱི་གསོ་བ་རིག་པ་རེད། དེ་ནས་སྙན་ངག་རེད། སློབ་ཚན་གཞན་དག་ཚང་མ་རྒྱ་ཡིག་གི་ནང་ལ་རེད། དཔེར་ན། ཀྲུང་ལུགས་གསོ་རིག་གི་གཞི་རིམ་ཤེས་བྱ། ཕྱི་ལུགས་གསོ་རིག་གི་གཞི་རིམ་ཤེས་བྱ། ད་དུང་མ་ཁེ་སིའི་ཆབ་སྲིད་མཚན་ཉིད་རིག་པ་ཟེར་བ་སོགས་ཡོད་པ་དེ་ཚོ་ནི་རྒྱ་ཡིག་གི་སྟེང་ནས་འཁྲིད་པའི་སློབ་དེབ་རེད། དེ་དུས་རྒྱ་ཡིག་སྦྱངས་པ་དེས་རྒྱ་ཡིག་གི་ཡིག་གྲངས་མང་པོ་ཞིག་ཤེས་ཐུབ་ཡོད་ནའང་། ད་དུང་ཡང་ཚགས་པར་ཀློག་རྒྱུར་དཀའ་ངལ་འདུག དེ་ནི་གཞན་གང་ཡང་མ་རེད། རྗེས་ལ་ངས་ཚགས་པར་གཅིག་རང་གཅིག་དེ་གང་འཚམ་གོི་ཐུབ་པ་ཆགས་སོང་། དེ་ནི་རྒྱ་ཡིག་གི་༼བདེ་ཐང་ཚགས་པར༽ཟེར་བ་དེ་རེད། དེ་ནི་འཕྲོད་བསྟེན་སྐོར་གྱི་ཚགས་པར་ཞིག་ཡིན་སྟབས། དེ་ཁོ་ན་ངས་ཀློག་ཤེས་ཤིང་གོ་བའང་གང་འཚམ་ལོན་གྱི་ཡོད་པ་ལས། ཚན་རྩལ་དང་། ཁྲིམས་ལུགས། སྤྱིར་བཏང་གི་གསར་གནས་རིགས་ཀྱི་ཚགས་པར་དེ་ཚོ་ནི་དེ་ཙམ་གོ་བ་ལོན་གྱི་མི་འདུག དེ་ནི་ངས་སློབ་འབྲིང་ནས་སྦྱངས་པའི་རྒྱ་ཡིག་དེ་ཚོ་དང་། ཞིང་ཆེན་འཕྲོད་བསྟེན་སློབ་གྲྭ་ནས་སྦྱངས་པའི་རྒྱ་ཡིག་དེ་ཚོ་ནི། དམག་སྡེ་མི་འདྲ་བ་གཉིས་འདྲ་པོ་ཆགས་པས་རེད། གྲངས་ཀའི་ངོས་ནས་བཤད་ན། རྒྱ་ཡིག་གྲངས་ཀ་ངེས་ཅན་ཞིག་ཤེས་ཀྱི་ཡོད་ནའང་། ཀློག་པ་དང་གོ་བ་ལེན་པའི་ངོས་ནས་བཤད་ན། གྲངས་ཀ་དེ་ལ་དཔག་པའི་གོ་བ་ཞིག་ཁྱོན་ནས་ལེན་ཐུབ་ཀྱི་མི་འདུག ངས་ནམ་རྒྱུན། རྒྱ་ཡིག་ཤེས་ཀྱི་ཡོད་ཅེས་ཤོད་ཀྱི་ཡོད། གོ་བ་ལོན་གྱི་མེད་ཅེས་ཤོད་ཀྱི་ཡོད།

སྣ་ཚོགས།

Post navigation

Previous Post: བསོད་ནམས་ཡར་འགྲོ་ལགས།
Next Post: རྩེད་ཐང་གཡུལ་འགྱེད་ཐེངས་དང་པོ།

Comments (10) on “པོ་ཕོ་མོ་ཧྥོ།(b p m f)”

  1. ཕུག་རོན། says:
    2011-02-05 at 2:32 am

    རྒན་ལགས་བོད་ཀྱི་རིག་གཞུང་ལ་མཁས་པས་རྒྱ་ཡིག་མ་ཤེས་རུང་ཡིད་ཐང་ཆད་དགོས་དོན་མི་འདུག ཧེཧེཧེཧེ།

  2. རིན་པོ་ཆེ། says:
    2011-02-05 at 2:53 am

    རྩོམ་ཡིག་ཡག་པོ་བྲིས་འདུག་

  3. ཀརྡོ་རབ་འབྱམས་པ་ says:
    2011-02-05 at 2:55 am

    ངས་ལོ་ཤས་སྔོན་ལ། རྒྱ་ཡིག་སྦྱོང་འགོ་བཙུགས་པ་ཡིན། དེ་ཡང་བདུན་ཕྲག་གཅིག་གི་ནང་ལ་ཡིག་གཟུགས་དེ་ནི། དགེ་རྒན་དང་དོ་མི་མཉམ་པ་མེད་སྙམ་ཞིག་ང་རྒྱལ་སྐྱེས་བྱུང་། འོན་ཀྱང་། ཉིན་དེ་ཚོའི་་རིང་ལ། མྰ། རྨའ། རྨ། ཞེས་པ་ཞིག་བསླབས་ནས། གཅིག་གཉིས་གསུམ་ཨང་གིའི་ཐེང་ཕྲེང་གཅིག་ཐེན། གཉིས་ཐེན། གསུམ་ཐེན་དེ་ལྷག་གཅིག་ཀྱང་ངེ་ཐུབ་མ་སོང་།
    དུས་རྒྱུན་ངས་མི་ལ། རྒྱ་ཡིག་དང་བོད་ཡིག་གཅིག་པ་རེད་པེ། ཞེས་དྲི་མཁན་ཚོར། ལན་དུ། ངས་བོད་ཡིག་དང་བོད་སྐད་ཤེས་ཀྱང་། རྒྱ་སྐད་ནི། ཉི་ ཧྰ་ཝོ་ མ། ཞེས་པ་ཞིག་ལས་ཤེས་བགྱིད་མེད་ཅེས་ལན་འདེབས་བགྱིད་ཡོད། ཡང་། རྒྱ་བཟོས་དུག་ལོག་སྒང་ལ། MADE IN CHINA གར་ཡོད་སར། ཡི་གེ་གྲུ་བཞི་མ་ཕྲེད་ཐིག་ཐེན་པ་འདི། ཀྲུང་གོའམ་ཅྰེ་ན་ཡིན་ཤག་བྱས་ནས་། ཡིག་འབྲུ་འདི་ངོ་ཤེས། ཞེས་ཐེངས་མང་ལབ་མྱོང་ཡང་། གོང་གི་བདུན་ཕྲག་གཅིག་གི་སློབ་ཚན་དེས། ངས་ཡིག་འབྲུ་གཅིག་ཤེས་ཡོད་སྙམ་པའི་ང་རྒྱལ་དང་སྤོབས་པ་དེ་ཡང་ཆགས་སོང་། ཁྱེད་ཀྱི་རྩོམ་འདི་ལ་བརྟེན་ནས། རྒད་པུ་ངས་། རིག་པ་ནང་པར་འཆི་ཡང་བསླབ། གསུངས་པ་ལྟར། ཡང་བསྐྱར་རྒྱ་སྐད་སྦྱོང་འགོ་བཙུགས་འདོད་ཅིག་སྐྱེས་བྱུང་བས། བཀྲ་དྲིན་ཆེ་ལགས།

  4. ཀརྡོ་རབ་འབྱམས་པ་ says:
    2011-02-05 at 3:05 am

    ངེ་ཐུབ་་་ངེས་ཐུབ།
    བཀྲ་དྲིན་་བཀའ་དྲིན།
    རྒད་པུ་་་་རྒད་པོ་ལ་བཅོས།

  5. ཤར་ཕྱོགས་ཁུག་རྟ། says:
    2011-02-05 at 3:09 am

    སྐུ་ཞབས་རྡོར་དབང་ལགས་གཙོས་ཁ་བརྡ་ཚང་ལ་ཞུ་རྒྱུ། ཉིན་འགའི་སྔོན་ནས་ངས་ཁ་བརྡ་དྲ་ཐོག་ཏུ་རྩོམ་ཡིག་འགྲན་བསྡུར་ཞིག་སྤེལ་རྒྱུའི་ཆོག་མཆན་ཞུས་པ་དང་མཉམ་དུ། དམིགས་ཡུལ་དང་ལས་རིམ་ཉིང་བསྡུས་ཤིག་ཁྱེད་ཚོར་བསྐུར་ཡོད། དེ་གནང་ཐུབ་ཀི་ཡོད་མེད་ལན་གསལ་ཞིག་གནང་རྒྱུ་མཁྱེན།

  6. དབང་ཆེན། says:
    2011-02-05 at 7:24 am

    ཨ་མདོ་པ་ཕལ་ཆེར་བོད་ན་ཡོད་སྐབས་རྒྱ་ལུགས་ལ་དགའ་བའི་སྔོན་ཐོན་པ་དང་། རྒྱ་གར་ཏུ་སླེབས་ཚེ་རྒྱ་མི་ལ་ངོ་རྒོལ་བྱེད་པའི་སྔོན་ཐོན་པ་ཤ་སྟག་རེད། ཨེ་མ་ཧོ།

  7. གནམ་ལྕགས། says:
    2011-02-05 at 7:29 am

    ཁྱེད་ཀྱིས་མྱངས་པ་ལྟ་བུ་འདིའི་སྐོར་ཞིག་ང་ལའང་ཞུ་རྒྱུ་ཡོད། ངས་ཁྱེད་ཀྱི་རྩོམ་ཡིག་འདི་ཀློག་གིན་ཀློག་གིན་ངའི་ལོ་རྒྱུས་དག་དྲན་སོང་། ངས་ཀྱང་སློབ་གྲྭ་ལ་ཐོག་མར་སོང་དུས་དགྱ་ཡིག་སྣ་གཅིག་ཀྱང་མི་ཤེས། སློབ་གྲོགས་དག་གི་རྗེས་མ་ཆོད་པ་སོགས་ཀྱི་གནས་ཚུལ་མང་།
    ད་བྱ་བཙོག་ནི་རེད། བཤད་ནས་ཚར་ནི་མ་རེད། ངའི་སློབ་གྲོགས་ཤིག་གིས་ངའི་མི་ཚད་པས་ཞབས་འདྲེན་ཞིག་ཀྱང་བཞག་པ་དྲན་སོང་། མཚམས་ལ་རེར་འདི་འདྲའི་སྐོར་རེར་དྲན་གསོ་རེ་བྱས་ན་སྐྱིད་ཀི་ཡ།

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2011-02-05 at 12:31 pm

    རྡོ་རྗེ་དབང་ཕྱུག་ལེགས།
    ཁྱེད་ཀྱི་མ་ལགས་བོད་ཡིག་ལ་ཤ་གཞེན་བཟང་པོ་ཡོད་པ་དང་། ཁྱེད་ཀྱིས་རྒྱ་ཡིག་སྦྱངས་ནས་བོད་ཡིག་རྒྱང་འཕེན་མེད་པར་སློབ་སྦྱོང་ཡར་རྒྱས་སུ་མཛད་པ་དེ། བོད་གངས་ལྗོངས་སུ་སྐྱེས་པ་མཚན་ཉིད་དང་ལྡན་པ་ཞིག་ཏུ་ངེས་སོ།

  9. བཀྲ་ཤིས་རྒྱལ། says:
    2011-02-07 at 3:28 pm

    ཨ་རོ་་་རྡོ་རྗེ་དབང་ཕྱུག ཁྱེད་ཀྱིས་རྒྱ་ཡིག་ཤེས་པ་བཟང་གི་ཡ། རྒྱ་ཡིག་ནི་ངེས་པར་དུ་ཤེས་དགོས་རྒྱུ་ཞིག་ཡིན་ནི་རེད། རྒྱ་གུང་ཁྲན་ལ་ཁ་གཏད་གཅོག་ན་རྒྱ་ཡིག་ཤེས་དགོས་ཡ། ད་དུང་བཙན་བྱོལ་ནང་ལ་ཡང་b p m f ཤེས་མཁན་ཚོ་མདུན་ལམ་བཟང་གི་ཡ། ན་ནིང་ཤེས་རིག་ནས་ b p m f མ་གཏོགས་མི་ཤེས་མཁན་མང་པོ་ཞིག་གདན་ས་ཁག་ལ་དགེ་རྒན་བཏང་ཡོད་རབས་འདུག ང་ཚོ་བོད་ཡིག་ཤེས་མཁན་ཚོས་གཞིས་བྱེས་གཉིས་ཀ་ནས་ལས་ཀ་མི་རག་ཁོ་ཐག་རེད་ཡ། ད་ངས་ཀྱང་་b p m f ཞིག་སྦྱོང་ན་དྲན།

  10. ཀརྡོ་རབ་འབྱམས་པ་ says:
    2011-02-08 at 2:17 am

    ང་ནི། བོད་སྐད་ བོད་ཡིག་ དྲིན་ཆེན་འདིས་ ངའི་ ལྟོ་བ་འདི་ གསོ་ ཐུབ་བགྱིད་འདུག ཁྱེད་ཚོ་ལ་ རྩ་གང་ཞིག་ མ་ཚང་བ་ ཡིན་ནམ། སྐུ་རེ་ དང་ བཅས། འདི་ཡང་ དགེའོ། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme