
རེབ་ཐོག་མདའ
གདོང་ལ་ཟགས་པའི་སྐྲ་ལོའི་འོག་ན་དཀར་དམར་མདངས་ཀྱི་མཛེས་པ་མངོན།།
མིག་ཟུང་དྭངས་མོའི་འོད་མདངས་ཀློང་ན་བབ་ཆགས་ལྷན་སྐྱེས་གཤིས་ཀ་ཞིག།
ཚྭར་ལ་ནག་པོའི་ལྗོན་པ་དེ་ལ་རིན་ཆེན་གསེར་དངུལ་རྒྱན་དུ་ཐོགས།།
གོ་ལྷམ་ནག་པོའི་གོམ་སྟབས་བར་ནས་འཛུམ་ཆུང་མེ་ཏོག་སུ་ལ་གཏོར།།
བྲང་ན་འགུལ་བའི་ལང་ཚོའི་མེ་ཏོག་སྟོད་ལ་དཀར་པོའི་འོག་ན་ལྡེམ།།
མཛའ་བོ་ཞིག་གི་དུངས་སེམས་རི་མོ་མཛུབ་མོའི་སྒང་ན་འོད་དུ་འཚེར།།
མངར་ཆུ་ཟས་རིགས་མདུན་ལ་བཤམས་ཏེ་སོས་དལ་ངལ་གསོའི་བར་གསེང་ན།།
ཆ་མེད་པར་བའི་མིག་ལ་ལྷུངབའི་མྱི་ཡི་ཁྲོད་ཀྱི་ལྷ་མོ་ཞིག།
བྱུ་རུའི་སྐེ་རྒྱན་ལྗི་བས་ཡིན་ནམ་ངོ་ཚའི་མགོ་བོ་སྨད་པས་ཡིན།།
ངོ་ཚའི་བྲིས་པའི་དམར་མདངས་དེ་ནི་གསར་དུ་བཞད་པའི་ཀུ་ཤུ་བཞིན།།
དེང་རབས་འཕྲུལ་ཆས་མིག་ལ་ཤོར་བའི་ཁྱོད་ཀྱི་མ་བཅོས་མཛེས་སྡུག་དེ།།
བརྒྱ་ཚོགས་སྟོང་འདུས་དབུས་ན་ཤར་བའི་རྒྱུ་སྐར་ཁྲོད་ཀྱི་ཟླ་བ་ཞིག།
ཕྲེང་བ་ཐོགས་པའི་ན་ཆུང་མ་ཁྱོད་ལྷ་བྱིན་ཐོབ་པ་མ་ཤེས་ཀྱང་།།
པར་ཆས་རྒྱབ་ཀྱི་སེམས་པ་ཞིག་ལ་ཁྱོད་ཀྱི་བྱིན་རླབས་ཐོབ་ཡོད་སྙམ།།
འཁྱག་ཞོ་མངར་མོ་ལན་གཅིག་བཟས་ནས་རོ་བཅུད་མྱོང་བར་བསམ་ན་ཡང་།།
པར་ཆས་ཆགས་སེམས་གདོང་ལ་འཕང་དེས་ཁྱོད་ཀྱི་མིག་ཟུང་ས་ལ་ཟགས།།
མི་གཤིས་ཟབ་མོར་འབྲེལ་འདྲིས་མེད་ཀྱང་ངང་རྒྱུད་རིང་བ་བདག་གིས་ཚོར།།
དཀར་དམར་ཚོན་གྱིས་ཁ་ངོ་མ་བསླུས་ལྷན་སྐྱེས་མཛེས་པ་གདོང་ན་འཕྱུར།།
བོད་ལྭ་གྱོན་པའི་བོད་མོ་ཁྱོད་ནི་མི་རིགས་འདི་ཡི་རྒྱན་ཆ་ཡིན།།
ངང་རྒྱུད་འཇམ་པའི་བུ་མོ་ཁྱོད་ནི་སྦྲ་ནག་སྨུག་པོའི་བདག་མོ་ཡིན།།
ཕྱི་ལོ ༢༠༡༣ ལོའི་ཟླ ༦ ཚེས ༡༥ ཉིན་པར་ནང་གི་བུ་མོ་འདི་ལ་བྲིས།
ཤ་ཚ་བུ་མོ་འདི་ཡི་པར་ལ་ལྟས་ན་རང་དབང་དང་དབང་ཆ་ཅུང་ཟད་ཙམ་ཀྱང་མེད་བཟོ་འདུག
མར་གྱུར་ཐམས་ཅད་་་་་སྙིང་རྗེ་ཡི་ཡུལ་ཡིན་ཟེར་་་གམ་གྱི་བུད་མེད་རྣམས་ལ་རང་དབང་དང་དབང་ཆ་དེ་འདྲ་རང་ཡོད་དམ།
བྲན་མོའི་འདུག་ཚུགས་པུས་བྲང་དེ་བཙུགས་ནས།
སློང་མོའི་ཚུལ་གྱིས་ཇ་དཀར་དེ་བཟུང་བཞིན།
ཁྲིམས་ཉེས་བལྟ་ཚུལ་དེ་ལ་བསམ་ན།
རང་དབང་བདེ་སྐྱིད་མེད་པ་རྟགས་ཀྱིས་དཔོག
རེབ་ཐོག་མདའ་ལགས་སྙན་ངག་ངོ་གནས་ཡག་པོ་བྲིས་འདུག ཚིག་གི་སྡེབ་སྦྱོར་དང་སྙན་ཆ་སོགས་ཤིན་ཏུ་བློ་ལ་བབ་སོང་།
བསྟོད་ཀྱང་ཆོག་པའི་སྙན་ངག་ཞིག་འདུག་མུ་མཐུད་ནས་ཡིན་ད།