Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པདྨ་ཚེ་བརྟན། ༠༠༡ །

Posted on 2016-06-302016-06-30 By ཁ་བརྡ 6 Comments on པདྨ་ཚེ་བརྟན། ༠༠༡ །

Screen Shot 2016-06-29 at 10.26.05 AMཡོང་ཁུངས། འཇམ་དབྱངས་ཀྱི་ངོ་དེབ།

 
མཆན: ༡༽གཤམ་གྱི་གནས་ཚུལ་འདི་བཀག་ཉར་ཁང་དུ་པདྨ་ཚེ་བརྟན་ལ་བདེ་འདྲི་ཐུག་འཕྲད་ལ་འགྲོ་མཁན་བརྫུས་མིང་ལ་ཁཱི་ཁཱི་ཟེར་བས་རྒྱ་ནག༼ཞིན་ལང་རོལ་རྩེད༽ལ་འགྲེལ་བཤད་བྱས་པའི་སྐད་ཆ་དང་། གློག་བརྙན༼ཐར་ལོ༽བཟོ་སྒྲིག་པ་བསོད་ནམས་རྒྱལ་གྱིས་པདྨ་ཚེ་བརྟན་དང་ཁོང་གི་ཕྱག་རོགས་ནས་གོ་ཐོས། དེ་མིན་སྤྱི་ཚོགས་འབྲེལ་འདྲིས་སྨྱན་བྱད་ཁག་བཅས་ནས་ཕྱོགས་བསྒྲགས་བྱས་པ་ཡིན།

༢༽ ༠༠༡ནི་པདྨ་ཚེ་བརྟན་ཕེང་ཨན་ཁུལ་བཀག་ཉར་ཁང་དུ་བཅུགས་དུས་བཙོན་ལྭའི་སྟེང་གི་ཨང་གྲངས་རེད། ཉེན་རྟོག་པས་བཟུང་བསྡད་ཡོད་པའི་རྒྱབ་ན་ཨང་གྲངས ༠༠༡ ཅན་དེ་པདྨ་ཚེ་བརྟན་རེད།

 

འཛིན་བཟུང་གི་བརྒྱུད་རིམ།
 ཁཱ་ཁཱི:སྤྱི་ཟླ ༦ ཚེས ༢༥འི་ཉིན་གྱི་དགོང་མོའི་ཆུ་ཚོད ༨ དང་སྐར་མ ༡༥ ཡས་མས་སུ་པདྨ་ཚེ་བརྟན་ལགས་པེ་ཅིང་ནས་ཟི་ལིང་ལ་འཕུར་པའི CZ6269 གནམ་གྲུར་བསྡད་ནས་ཚོ་ཇཱ་པའོ་གནམ་ཐང་ལ་འབྱོར་ཞིང་། དུས་ཡུན་སྐར་མ ༡༥འི་རྗེས་སུ་གནམ་ཐང་གི་བཏང་འཛིན་ཁུལ་ནས་ཕྱིར་ཐོན་དུས། རྒྱབ་ཁུག་གནམ་ཐང་ནང་ལོགས་ཀྱི་རྡོག་ཁྲེས་ལེན་ས་ནས་བརྗེད་པ་གཞི་ནས་ཤེས། དེ་ནས་ལམ་སང་ཕྱིར་རྒྱབ་ཁུག་ལེན་ཆེད་སོང་། སྐབས་དེར་བཏང་འཛིན་ཁུལ་ན་ལྟ་སྲུང་བ་གཅིག་ཀྱང་མེད་སྟབས། པདྨ་ཚེ་བརྟན་ལགས་ཐད་ཀར་རྒྱབ་ཁུག་ལུས་སའི་རྡོག་ཁྲེས་ལེན་སར་སོང་། སྐབས་དེར་ལྟ་སྲུང་བ་ཞིག་གིས་མཐོང་ནས་ཁོང་གི་རྒྱབ་ནས་སྐད་མཐོན་པོས་སོང་མི་ཆོག་ལུགས་དང་ད་དུང་མྱུར་བ་མྱུར་དུ་བཏང་འཛིན་ཁུལ་ནས་ཕྱིར་ཐོན་དགོས་ལུགས་བཙན་བཀའ་བཏང་། དེ་ནས་པདྨ་ཚེ་བརྟན་ལགས་ཀྱིས་གནམ་གྲུའི་འཛིན་བྱང་ལྟ་སྲུང་བ་དེར་སྟོན་ཞོར་དུ་རང་ཉིད་ཀྱི་རྒྱབ་ཁུག་རྡོག་ཁྲེས་ལེན་སར་བརྗེད་པའི་རྒྱུ་མཚན་དང་དེ་ལེན་ཆེད་ཡོང་ཚུལ་གསལ་བཤད་བྱས། ལྟ་སྲུང་བ་དེའི་རྣམ་འགྱུར་དྲག་པོས“འཛིན་བྱང་ཡོད་ཀྱང་སོང་མི་ཆོག”ཅེས་སྐད་ལོག་བྱས་ཤིང་། པདྨ་ཚེ་བརྟན་གྱིས་གོམ་པ་འགའི་མཚམས་སུ་མིག་གིས་མཐོང་འདུག་པའི་རྒྱབ་ཁུག་དེ་བསྟན་ནས། “གན་ངའི་རྒྱབ་ཁུག་རེད། རྒྱབ་ཁུག་བླངས་རྗེས་ང་ལམ་སང་ཕྱིར་ཐོན་ངེས་ཡིན”ཞེས་ཡང་ཡང་བཤད་ཀྱང་ལྟ་སྲུང་བ་དེས་མི་ཉན་པ་མ་ཟད་གནམ་ཐང་ཉེན་རྟོག་པར་ཞུ་གཏུགས་བྱས། སྐབས་དེར་པདྨ་ཚེ་བརྟན་བསུ་ཆེད་ཡོང་མཁན་གཉིས་ཀྱིས་ཀྱང་གང་ལེགས་ཅི་བཟང་གིས་འགྲེལ་བཤད་བྱས་ཀྱང་མ་ཕན། སྐབས་དེར་ཞབས་ཞུ་བ་ཞིག་གིས་རྒྱབ་ཁུག་ཚུར་སྤྲད་པ་དང་། དེ་ནས་ཁོང་ཚོས་གནམ་ཐང་གི་ལྟ་སྲུང་བ་དང་། ཞབས་ཞུ་བ། ཉེན་རྟོག་པ་གསུམ་བཅས་ལ“ད་འགྲིག་སོང་། དོན་དག་གཞན་ཅི་ཡང་མེད། ང་ཚོ་འགྲོ་རྒྱུ་ཡིན”ཞེས་ཞུས་ནས་འགྲོ་གྲབས་བྱས་ཚེ། ཉེན་རྟོག་པས་བདེ་འཇགས་ཁྲིམས་སྲོལ་དང་འགལ་ཡོད་ལུགས་བཤད་ནས་ངེས་པར་དུ་པདྨ་ཚེ་བརྟན་འཛིན་བཟུང་བྱེད་དགོས་ལུགས་བཤད་པ་དང་། ཁོང་ཚོས་གང་ཐུབ་ཅི་ཐུབ་ཀྱིས་གནས་ལུགས་རྒྱུ་མཚན་བཤད་ཀྱང་ཉེན་རྟོག་པས་མི་ཉན་པར། པདྨ་ཚེ་བརྟན་ལ་ལག་ལྕགས་བརྒྱབས་ནས་བཙན་དབང་གིས་ཉེན་རྟོག་ལས་ཁང་དུ་འཁྲིད། དེ་ནས་སང་ཉིན་ཞོགས་པའི་ཆུ་ཚོད་ལྔ་བའི་པར་འདྲི་གཅོད་བྱས་པ་དང་། ཉེན་རྟོག་པས་སྤྱི་བོའི་སྒྲིག་སྲོལ་དཀྲུག་པའི་ཉེས་མིང་བཀལ་ནས་འདྲི་གཅོད་བྱས་པ་དང་། གནས་ལུགས་དང་རྒྱུ་མཚན་བཤད་དུས་ཉེན་རྟོག་པས་པདྨ་ཚེ་བརྟན་གྱི་ཁ་ཤུགས་ལ་མི་འདང་པས། ཉེན་རྟོག་པ་ཚོ་ཐབས་ཟད་ནས‘ཁྱེད་ལྟ་བུའི་གནས་ལུགས་ཤེས་བཞིན་དུ་ཁར་མི་ཉན་མཁན་དག་ནི་ང་ཚོའི་དམིགས་འབེན་གཙོ་བོ་དེ་ཡིན’ཞེས་གནས་ལུགས་མེད་བཞིན་དུ་སྐུར་འདེབས་བྱས།
ཡང་ཁཱི་ཁཱི་ཡིས་ཁ་གསབ་ཀྱི་ཚུལ་དུ་བཤད་རྒྱུར། པདྨ་ཚེ་བརྟན་དང་ཁོང་ཚོའི་བར་ལག་འཛིང་ཁ་འཛིང་རིགས་ཅི་ཡང་མ་བྱུང་བ་དང་། ཁོང་ལ་ལག་ལྕགས་རྒྱག་དུས་ཀྱང་ངོ་རྒོལ་བྱས་མ་སོང་། ཉེན་རྟོག་པ་དེ་ཚོ་ཡོང་ནས་དྲི་བ་སོགས་གཅིག་ཀྱང་མི་འདྲི་བ་མ་ཟད། མ་མཐའ་རྒྱུ་མཚན་ཞིག་ཀྱང་མི་བཤད་པར་ལག་ལྕག་བརྒྱབས་ནས་འཁྲིད་སོང་པ་དང་། པདྨ་ཚེ་བརྟན་གྱི་ནང་མིར་བརྡ་ལན་ཙམ་ཡང་མ་སྤྲད་པས། པདྨ་ཚེ་བརྟན་གྱི་ནང་མིས་ད་དུང་ཡང་གནས་ཚུལ་དེ་ཤེས་རྟོགས་བྱུང་མེད། ཟེར།

ཉིན་ལྔར་བཀག་ཉར།

ཉེན་རྟོག་པ:པདྨ་ཚེ་བརྟན་གྱིས་ཉེན་རྟོག་མི་སྣའི་བཀག་སྡོམ་བསླབ་བྱ་ལ་མི་ཉན་པ་མ་ཟད་བཏང་འཛིན་ཁུལ་ནས་ཕྱིར་ཡང་མི་འགྲོ་བར། མུ་མཐུད་ནས་བཏང་འཛིན་ཁུལ་དུ་ཁ་རྩོད་ཚིག་རྩོད་བྱས་ནས་བསྡད་སྟབས། ཉེན་རྟོག་པས་བཙན་ཤེད་གྱི་དོན་རྐྱེན་བྱུང་ས་ནས་ཕར་ཁྲིད་དེ་བརྟག་ཞིབ་བྱས་པ་དང་། བརྟག་ཞིབ་སྐབས་ལས་འགན་སྒྲུབ་མཁན་ཚོས་སུན་མེད་ངང་རིང་གིས་སློབ་གསོ་དང་སྲིད་ཇུས་ངོ་སྤྲོད་བྱས་ཀྱང་། པདྨ་ཚེ་བརྟན་གྱིས་བརྟག་ཞིབ་ལ་ངོས་ལེན་མི་བྱེད་པའི་མ་ཚད་ཉེན་རྟོག་པའི་དྲི་བར་ལན་ཡང་བཏབས་མེད།
ཉེན་རྟོག་ཕྱོགས་ཀྱིས་པདྨ་ཚེ་བརྟན་གྱི་བྱ་སྤྱོད་དེ་སྤྱི་བོའི་སྒྲིག་སྲོལ་དཀྲུག་པར་ངོས་འཛིན་གྱིས་ཁོང་ལ་ཉིན་ལྔར་བཀག་ཉར་བྱ་རྒྱུ་ཐག་གཅོད་བྱས་ཏེ། པདྨ་ཚེ་བརྟན་ཕེང་ཨན་ཁུལ་འཛིན་སྐྱོང་བཀག་ཉར་ཁང་ལ་བསྐྱལ་བ་ཡིན།
༼ ཡིན་ན་ཡང་། བཀག་ཉར་དཔང་ཡིག་ཡོད་མེད་ད་དུང་གསལ་ཆ་མེད།༽

བཀག་ཉར་ཁང་དུ་ཐུག་འཕྲད།

ཁཱ་ཁཱི:དོན་དག་བྱུང་བའི་མཚན་མོ་དེར། གནམ་ཐད་དུ་བསུ་ཆེད་སོང་བའི་མི་གཉིས་ཀྱི་ནང་གི་གཅིག་གིས་ང༼ ཁཱི་ཁཱི ༽ལ་ཁ་པར་བརྒྱབས་ནས་གནས་ཚུལ་གྱི་བྱུང་སྟངས་གསལ་བཤད་ཞུས་ཤིང་། ཚེས ༢༦ཉིན། ཁཱི་ཁཱི་ཡི་ཉལ་ཆས་སོགས་ཁྱེར་ནས་ཕེང་ཨན་ཁུལ་བཀག་ཉར་ཁང་ལ་བདེ་འདྲི་ཆེད་སོང་བ་དང་། བཀག་ཉར་ཁང་གི་ལས་རེས་ཁང་གི་སྒོ་ཁར་དུས་ཡུན་སྐར་མ་གཉིས་གསུམ་ཙམ་ཐུག་ཐུབ་བྱུང་ལ། སྐབས་དེར་པདྨ་ཚེ་བརྟན་ལ་ལག་ལྕག་བརྒྱབས་ཡོད་པ་དང་། ལག་པའི་སྟེང་རྨ་ཁ་མང་པོ་མཐོང་གི་འདུག
སྨན་ཁང་ལ་བསྐྱལ་བ།

ཁཱ་ཁཱི:བཀག་ཉར་ཁང་གི་མི་སྣ་ཞིག་གིས་ཁོང་ཚར་བཤད་རྒྱུར། “པདྨ་ཚེ་བརྟན་གྱི་བྲང་ཁར་ན་ཟུག་སྐྱེ་བ་དང་། མགོ་ན་བ་སོགས་ཀྱི་ནད་རྟགས་ཡོད་པས་སྨན་ཁང་ལ་སྟོན་དགོས”ཟེར། ད་དུང་བཀག་ཉར་ཁང་གི་མི་སྣ་དེས“ཁྱེད་རང་ཚོ་རང་གིས་སྟོན་དགོས། སྨན་རིན་ཡང་རང་ཉིད་ཀྱི་སྤྲོད་དགོས། སྨན་བཅོས་བྱས་ནས་དྲག་སྐྱེད་བྱུང་རྗེས། མི་མཐུད་ནས་བཀག་ཉར་བྱེད་དགོས”ཟེར།
པདྨ་ཚེ་བརྟན་གྱི་སྙིང་ཁམས་ཧ་ཅང་མི་བདེ་བ་དང་། བྲང་ཁར་ན་ཟུག་སྐྱེ་བ། གཟའ་མིག་དམར་གྱི་མཚན་མོར་ཁྲག་ཚད་ལ་བརྟག་སྐབས། མཐོ་ཤོས ༢༠༠། དམའ་ཤོས ༦༠ ཡིན་ཞིང་། ཁྲག་གི་མངར་ཆའང་ཇེ་མཐོར་ཕྱིན་ཡོད་པས། ལག་པ་གཉིས་སྦྲིད་ནས་ཚོར་བ་མེད་པར་གྱུར་འདུག དེ་མིན་སྨན་པས་བཤད་པ་ལྟར་ན། པདྨ་ཚེ་བརྟན་གྱི་རྒྱབ་དང་ཕྲག་མགོ་སོགས་སུ་རྨ་ཁ་ཡོད་པ་དང་། མཚན་མོར་ན་ཟུག་ལངས་ནས་གཉིད་ཀྱང་མི་ཁུག་པའི་གནས་སྟངས་ཡིན་པ་རེད།
“སྟག་ཁྲིར” བཀྱིགས་ནས་འདྲི་རྩད།

བསོད་ནམ་རྒྱལ:ལས་བྱེད་པས་འགྲེལ་བཤད་གསལ་བཤད་གཅིག་ལའང་མི་ཉན་པར་རྣམ་འགྱུར་དྲག་པོ་བསྟན་པ་དང་། པདྨ་ཚེ་བརྟན་གྱི་གནས་ལུགས་རྒྱུ་མཚན་བཤད་ཀྱང་མི་ཉན་པར། ལམ་སང་ཉེན་རྟོག་པར་གཏུག་པ་དང་། ཉེན་རྟོག་པ་ཡོང་མ་ཐག་གསལ་བཤད་ཙམ་ཡང་མེད་པར་བྱ་ངན་སྤྱོད་ངན་སྟོན་ཞོར་པདྨ་ཚེ་བརྟན་ལ་ལག་ལྕགས་བརྒྱབས་རྗེས། ཁོང་གི་ཕྱགས་རོགས་དང་། ཁ་ལོ་བ་བཅས་ཁོང་རྣམ་པ་གསུམ་གནམ་ཐང་གི་ཉེན་རྟོག་ལས་ཁང་དུ་འཁྲིད་པ་དང་། དེ་རྗེས་ཟི་ལིང་གནམ་ཐང་གི་ཟི་ལིང་ཡན་ལག་ཉེན་རྟོག་ལས་ཁང་ལ་རྩིས་སྤྲད་འདུག
པདྨ་ཚེ་བརྟན་རང་གིས་བཤད་པར་གཞིགས་ན། ཉེན་རྟོག་པས་བཙན་ཤེད་ཀྱིས་ཁོང་གི་ལག་པ་གཉིས་ལ་རྒྱབ་ཏུ་ལག་ལྕགས་བརྒྱབས་པའི་མ་ཚད། ཤུགས་ཆེན་པོས་ཡར་བཀྱགས་ནས་བཟོད་དཀའ་བའི་ན་ཟུག་སྐྱེ་རུ་བཅུག་པ་དང་། གནམ་ཐང་ཉེན་རྟོག་ལས་ཁང་དུ། པདྨ་ཚེ་བརྟན་ལགས་ལྕགས་གཟེབ་ནང་བཅུགས་པ། དེ་ནས་རྒྱའི་སྐད་དུ་ལོ་ཧོ་ཏེང་ཟེར་བའི་རྐུབ་སྟེགས་སྟེང་ཟྭ་བརྒྱབས་རྗེས་དུས་ཡུན་རིང་པོ་ཚ་འདྲི་བྱས་ཡོད་པ་རེད།

རྒྱ་ནག་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་གསལ་བསྒྲགས།

རྒྱ་ནག་གློག་བརྙན་འཁྲབ་ཁྲིད་པའི་མཐུན་ཚོགས་ཀྱི་གསལ་བསྒྲགས་སྤེལ་ནས། གསལ་བསྒྲགས་ནང་རྒྱ་ནག་གློག་བརྙན་འཁྲབ་ཁྲིད་ནི་ལས་རིགས་མཐུན་ཚོགས་ཤིག་ཡིན་པའི་ཆ་ནས། མཐུན་ཚོགས་ཀྱི་ཚོགས་མིའི་བབ་འོས་ཀྱི་ཁེ་དབང་སྲུབ་སྐྱོབ་བྱེད་རྒྱུ་ནི་གཞི་རྩའི་འོས་འགན་ཡིན། མཐུན་ཚོགས་ཀྱིས་དོན་རྐྱེན་དེའི་བྱུང་རྐྱེན་དང་འཕེལ་རིམ་ལ་དོ་སྣང་ཆེན་པོ་བྱས་དང་བྱེད་ཀྱིན་ཡོད། འབྲེལ་ཡོད་སྡེ་ཚན་གྱིས་སྤྱི་ཚོགས་ཀྱི་སེམས་འཚབ་ལ་ཡ་ལན་སྤྲོད་རྒྱུར་འབོད་སྐུལ་ཞུས་པ་ཡིན་ལ། དེའི་ནང་ཉེན་རྟོག་པས་དྲག་ཤེད་བཀོལ་དོན་གྱི་རྒྱུ་མཚན་དང་ཁྲིམས་ལུགས་ལག་བསྟར་སྐབས་ཉེན་རྟོག་པས་ཁྲིམས་སྲོལ་ལྟར་བྱས་ཡོད་མེད། དྲག་པོའི་ལམ་ཁྲིམས་ལག་བསྟར་དང་ཡང་ན་ཚད་ལས་བརྒལ་ནས་ཁྲིམས་ལག་བསྟར་བྱས་ཡོད་མེད་སོགས་ཀྱང་ཐེ་ཡོད་ཅེས་གསལ་བསྒྲགས་ནང་བཀོལ་འདུག

སྨྱན་བྱད་དང་། གནད་ཡོད་མི་སྣ་དང་སྤྱི་ཚོགས་ཀྱི་དོ་སྣང་།

གཟའ་ལྷག་པའི་ཉིན་ནས་བཟུང་། རྒྱ་ནག་ནང་རྒྱུགས་ཆེ་བའི་སྤྱི་ཚོགས་སྨྱན་བྱད་རིགས་ཝེ་པོ་དང་སྐད་འཕྲིན་སོགས་དང་། དེ་བཞིན་འཛམ་གླིང་ཡོངས་ན་རྒྱུགས་ཆེ་བའི་ངོ་དེབ་དང་ཊི་ཝེ་ཊིར་སོགས་སུ་བར་མེད་དུ་ཐོན་གྱིན་པའི་གནས་ཚུལ་ཞིག་ནི་བོད་རིགས་འཁྲབ་ཁྲིད་པ་གྲགས་ཅན་སྐུ་ཞབས་པདྨ་ཚེ་བརྟག་ལགས་ཟི་ལིང་གནམ་ཐང་ཉེན་རྟོག་པས་འཛིན་བཟུང་དང་བཀག་ཉར་བྱས་པའི་དོན་རྐྱེན་དེ་རེད། དེ་དང་མཉམ་དུ་མི་སྣ་གྲགས་ཅན་མི་ཉུང་ཞིག་གིས་ཀྱང་ཁོང་ཚོའི་སེམས་འཚབ་བཏོན་འདུག་ལ། དཔེར་ན་རྒན་འཇམ་དཔལ་རྒྱ་མཚོ་ལགས་ཀྱིས “ཉེན་རྟོག་མི་སྣས་ཁྲིམས་ལུགས་ལྟར་ཁྲིམས་སྐྱོང་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་གྱི་ཁྲིམས་མཐུན་ཐོབ་ཐང་དང་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས” ཞེས་འབོད་སྐུལ་དང་། གླུ་མ་གྲགས་ཧན་ཧོང་ལགས་ཀྱིས། “ངས་ལྟད་མོ་བལྟས་ནས་འདུག་མི་སྲིད” ཅེས་དང་། དེ་བཞིན་དུ་བོད་རིགས་གླུ་མ་གྲགས་ཅན་གཡང་ཕྱུག་འཚོས་གཙོས་པའི་རིག་རྩེད་ཀྱི་སྡེ། དེ་མ་ཡིན་པའི་གཞིས་བྱེས་བོད་རིགས་མི་དམངས་ཀྱིས་རྒྱབ་སྐྱོར་དང་ཐུགས་ཁུར་གནང་ཡོད་པ་དང་། དེ་མིན་རྒྱ་ནག་གི་དྲྭ་ཚིགས༼ཚེ་ཞིན་དྲྭ་ཚིགས༽དང་དབྱིན་ཇིའི༼བྷེ་བྷེ་སེ༽། ཨ་རིའི་ནིའུ་ཡོག་དུས་བབ། རོ་འེ་ཊིར་སོགས་སུ་གནས་ཚུལ་བཀོད་འདུག

གཞན་ཡང་། པདྨ་ཚེ་བརྟན་གྱི་དགེ་རྒན་པེ་ཅིང་གློག་བརྙན་སློབ་གླིང་གི་དགེ་རྒན་ཆེན་མོ་སྐུ་ཞབས་ཧིག་ཅན་ལགས་ཀྱིས་ཚེ་ཞིན་དྲྭ་བར “པདྨ་ནི་ཧ་ཅང་གི་མི་གཤིས་ཀ་འཇམ་པོ། གུས་བརྩི་ཅན། འགྲོ་འདུག་སྤྱོད་གསུམ་ལ་རང་ཚོད་རང་ཟིན་ཅན་ཞིག་ཡིན་ལ། ཁོང་གི་ངོ་ན་དུས་ནམ་ཡང་འཛུམ་མདངས་ཀྱིས་ཁེངས་ཡོད། སྐད་ཆ་བཤད་དུས་ཀྱང་སྐད་མཐོན་པོས་བཤད་མི་སྲིད། དེ་འདྲའི་མི་ཀུན་སྤྱོད་ཡག་པོ་ཅན་ཞིག་གིས་ཧོལ་རྒྱུག་བྱས་སོང་ཟེར་ན། ང་ལ་དེར་ཡིད་ཆེས་མེད”ཅེས་བཤད་འདུག   

གནས་ཚུལ་ཡོང་ཁུངས་ལྟར་ན། པདྨ་ཚེ་བརྟན་ལགས་ད་དུང་སྨན་ཁང་ནང་སྨན་གསོ་བྱེད་མུས་སུ་ཡིན་པ་རེད།   ཉེན་རྟོག་ལས་ཁང་གི་བཤད་སྲོལ་ལ་གཞིགས་ན། སྨན་ནང་ལས་ཐོན་རྗེས་ཕྱིར་ཕེང་ཨན་ཁུལ་བཀག་ཉར་ཁང་ལ་ལོག་ནས་ཉིན་ལྔའི་བཀག་ཉར་གྱི་ཉེས་ཆད་དེ་འཁུར་དགོས་པ་རེད། ཡིན་ན་ཡང་། གནས་སྟངས་ལ་འགྱུར་བ་ཐེབས་ཡོད་ཀྱང་སྲིད་ལ། གནས་ཚུལ་ཡོང་ཁུངས་ཤིག་གིས་ཉིན་གསུམ་གྱི་བཀག་ཉར་ཉེས་ཆད་ཕྱིར་འཐེན་བྱས་ཡོད་པ་འདྲ།

གསར་འགྱུར།

Post navigation

Previous Post: འཁྲིག་ཐབས་སློབ་ཁྲིད།
Next Post: བོད་ནང་དུ་གླིང་སྐོར་ལ་འགྲོ་མཁན་མེད་པ་ཆགས་འདུག༼འཆར་ཡན་གྱི་རྩོམ།༽

Comments (6) on “པདྨ་ཚེ་བརྟན། ༠༠༡ །”

  1. ཀླུ་སྨྱོན། says:
    2016-06-30 at 1:56 am

    ཨ་རི་ཡིན་ན་གནམ་ཐང་དུ་མར་ཡོང་ས་ནས་ཡར་འཛུལ་མི་ཆོག་ལ་ཡར་འཛུལ་ས་ནས་མར་ཐོན་མི་ཆོག་པའི་ཁྲིམས་ལུགས་འདུག ཟི་ལིང་ན་དེ་ཡོད་ཚེ་དེ་ནི་རྒྱལ་ཁབ་ཀྱི་ཁྲིམས་ལུགས་ཤིག་རེད། འཛུལ་མི་ཆོག་པའི་རྟགས་ཡོད་ས་དེར་བདེ་འཇགས་ལས་བྱེད་ཡོད་མེད་གཉིས་ཀའི་དུས་སུ་འཛུལ་ཆོག་གི་མ་རེད། རྒན་པདྨ་ཚེ་བརྟན་ལགས་དེ་འདྲའི་རྟགས་ཡོད་ས་ནས་ཡར་འཛུལ་བ་ཡིན་ནམ། ད་དུང་གསལ་བོ་ཞིག་བརྗོད་རོགས་ཞུ། གོང་གི་གསར་འགྱུར་ལ་བལྟས་རྗེས་ཁོང་ཡང་ཡར་འཛུལ་མི་ཆོག་པའི་སྒོ་ནས་དེ་ནས་ཡར་འཛུལ་བ་འདྲ་བོ་ཞིག་འདུག ཡིན་ཡང་གསལ་ཁ་རེ་ཡོད་ན་བཀའ་དྲིན་ཆེ།

  2. བསོད་ནམས། says:
    2016-06-30 at 6:40 am

    རྒྱ་གུང་ཁྲན་གྱིས་བོད་མི་གཅིག་ཀྱང་ཡར་ལངས་བཅུག་གི་མ་རེད། པད་མ་ཚེ་བརྟན་བོད་ཡུལ་ནས་འཛམ་གླིང་གར་སྟེགས་སྟེང་འགྲོ་གི་ཡོད་དུས་རྒྱ་དམར་མིག་ཚ་ནས་ཡོད་རེད། དོན་དག་རྩ་བ་དེ་རེད་སྙམ།

  3. ས says:
    2016-06-30 at 7:13 am

    འཛུལ་སྒོ་ནོར་སྲིད་ཀྱང་གནས་ལུགས་ཚམ་ཡང་ཞུ་ས་མེད་པར་བརྡུང་བརྡེག་ཚད་མེད་གཏོང་སྲོལ་ལ་་བལྟས་ན། ནང་དོན་གཞན་ཞིག་ཡོད་ངེས་པ་རེད་།

  4. རི་རྒྱལ་ཏི་སེ says:
    2016-06-30 at 10:42 am

    གནམ་གྲུ་ཐང་དེར་རྐྱེན་ངན་དེ་འདྲ་ཞིག་བྱུང་བ་ནི། རྒྱ་གཞུང་གི་གཡོ་བྱུང་ཞིག་ཡིན་གཏན་འཁེལ་བར་སྙམ།

  5. ཀརྨ་བློ་གསལ་ says:
    2016-06-30 at 11:29 am

    བོད་པའི་འཛིན་བྱང་ཡོད་པ་ཙམ་གྱིས་གཅར་རྡུང་མྱོང་ངེས་རེད། ཁོང་ནི་མི་ཆེན་རེད་ལ་སྐད་གྲགས་ཅན་རེད། ཡིན་ནའི། བོད་མི་མང་ག་རེ་གནང་དགོས་སམ། བོད་མི་རེ་རེ་ལ་འཕྲད་པའི་དཀའ་ངལ་ལྷན་རྒྱས་ནས་གསར་ལམ་ཁག་ཏུ་དུས་ལྟར་གཏོང་ཐུབ་བམ། བཏང་ཡང་འགོད་དམ། ངས་འདི་ལྟར་བཤད་དོན་ཁོང་ལ་གུས་བརྩི་དང་སྐྱིད་སྡུག་མཉམ་མྱོང་མེད་པ་མིན། ད་ལྟ་བོད་མི་རིགས་ཀྱི་མདུན་དུ་ལྷགས་པའི་དཀའ་ངལ་འདི་རེད། ད་ལྟ་ཐབས་ཤེས་གཅིག་འདུག པདྨ་ཁོང་བོད་ཀྱི་སྐུ་ཚབ་ཞིག་གི་ཚུལ་དུ་རྒྱལ་སྤྱིའི་རྟགས་མ་ཆེ་ཁག་རེག་ཐབས་ལ་ཐབས་ཤེས་གཏོང་ཐུབ་མཁན་ཡོད་དམ། དེ་ནས་རྟགས་མ་རེག་པ་ཡིན་ན་དེང་ཕྱིན་གང་བྱུང་གཅར་རྡུང་ལ་ཚད་འཛིན་ཐེབས་ངེས། རྒྱུ་མཚན་ནི་རྒྱལ་སྤྱིའི་སྤྱི་ཚོགས་ལ་དོ་སྣང་མི་ཡོང་བའི་ཆེད་རེད། ཐབས་རྡུགས་ས་ནས་འདི་ལྟར་རེད་བསམ།

  6. བསོད་ནམས་བཟང་པོ།༠༨ says:
    2016-08-16 at 1:19 am

    གུ་རུ་པདྨ་འབྱུང་གནས་ཀྱིས།།བོད་རྣམས་བཀའ་དྲིན་ཆེན་པོས་བསྐྱངས།།བཀྲིན་དྲན་ནོ་གུ་རུ་རྗེ།།ཁྱེད་ལ་ལོག་པར་ལྟ་བ་ཡི།།
    མི་དང་མི་མིན་འབྱུང་པོའི་ཚོགས།།ངན་འབྲེལ་འཁོར་བ་མཐའ་ཅན་དུ།།
    དགོངས་ནས་ཐུགས་རྗེས་གཡེལ་མི་མངའ།།དུས་ངན་སྙིགས་མའི་འགྲོ་རྣམས་ལ།།ལྷག་པར་བརྩེ་བ་ཁྱེད་ལས་མེད།།དུས་གསུམ་མཁྱེན་པས་ལུང་བསྟན་ལྟར།།ད་ལྟ་ནད་མཚོན་མུ་གེ་དང་།།འབྱུང་བའི་དགྲ་སོགས་འགལ་རྐྱེན་ཀུན།།མགོན་པོ་ཁྱེད་ཀྱིས་སེལ་དུ་གསོལ།།སྐུ་གསུམ་འདུས་ཞལ་པདྨ་འབྱུང་།།མངལ་སྐྱོན་མ་གོས་ཐོད་ཕྲེང་རྩལ།།པད་སྡོང་དབུས་ནས་འཁྲུངས་པ་ཡི།།དུས་བཟང་འདི་ལ་ཁྱེད་ཀྱི་དྲིན།།སྙིང་ནས་དྲན་ནོ་ཐུགས་རྗེས་བཟུང་།།ཉིད་དང་དབྱེར་མེད་བྱིན་གྱིས་རློབས།།དྷྭ་ཛས་བྲིས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme