Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

པཎ་ཆེན་རིན་པོ་ཆེའི་སྲུང་མདུད།

Posted on 2011-01-282011-01-28 By དབང་ཕྱུག་ 31 Comments on པཎ་ཆེན་རིན་པོ་ཆེའི་སྲུང་མདུད།

10thpanchenlama
རྡོ་རྗེ་དབང་ཕྱུག

ང་རང་སློབ་ཆུང་གི་སྒོ་ཐེམ་ལ་གོམ་པ་སྤོས་ནས་ཅུང་མ་འགོར་བའི་དུས་ཚོད་དེ་འདྲ་ཞིག་ལ། དེ་སྔོན་མཐོང་རྒྱུ་ཕར་ཞོག གོ་མྱོང་ཡང་མེད་པ་སྐུད་པ་དམར་པོ་ཞིག་སྐེ་ལ་འདོགས་རྒྱུ་རག་སོང་། དེ་ནི་མི་ཚེའི་ནང་སྐེ་ལ་སྲུང་མདུད་ཅིག་བཏགས་པ་ཐོག་མ་དེ་ཡིན། དགའ་སྣང་ཞིག་དང་བཅས་སྲུང་མདུད་དེ་བཏགས་ནས་སློབ་གྲྭར་སོང་བར། བསམ་ཡུལ་ལས་འདས་པ་ཞིག་ལ། སྲུང་མདུད་དེས་ང་ལ་འགྲམ་ལྕག་ཚ་ཐག་ཆོད་ཅིག་རག་སོང་།
ཕ་མ་གཉིས་ཀྱིས་བཤད་སྟངས་བྱས་ན། རྩ་ཆེན་པོ་ཞེ་དྲག་ཡིན་པ་དང་། ཐ་ན་སྲུང་མདུད་ནང་ལ་རྡུལ་ཆགས་ཀྱི་མ་རེད། ཤིག་བརྒྱབ་ཀྱི་མ་རེད་སོགས་བཤད་ཀྱི་འདུག་པ་དེར་ཡ་མཚན་པོ་ཞེ་དྲགས་བྱུང་། ཡིན་ནའང་། ངའི་སྲུང་མདུད་དེ་ནི་དུས་ཚོད་ཐུང་ངུ་ཞིག་གི་ནང་ལ་འདོགས་རྒྱུའི་སྐལ་བ་རྫོགས་སོང་། ས་དྲེག་ཚི་དྲེག་ཆགས་ཀྱི་ཡོད་མེད་ལ་བལྟ་དགོས་བསམ་ཀྱང་བལྟ་ལོང་བྱུང་མ་སོང་། ཤིག་དང་སྲོ་མ་བརྒྱབ་ཀྱི་ཡོད་མེད་ལའང་བལྟ་ལོང་སྒུག་ལོང་རག་མ་སོང་། ངས་ད་དུང་ཡང་། ལོ་སུམ་ཅུ་ཙམ་གོང་གི་སྲུང་མདུད་དེ་མིག་ལ་འཆར་འོང་གིན་འདུག དགེ་རྒན་དེའི་ངོ་གདོང་ཡང་ཡིད་ལ་དྲན་འོང་གི་འདུག ངའི་སྲུང་མདུད་དེས་ཉེས་པ་གང་བསགས་པ་ཡིན་ནམ།
རྗེས་ལ་ལོ་རྒྱུས་ཡིག་ཆ་དེ་ཚོའི་ནང་ནས་གསལ་རྟོགས་བྱུང་བ་ལྟར་ན། དེ་ནི་ཕྱི་ལོ་ ༡༩༨༠ ལོའི་ཧོར་ཟླ་ ༩ ཚེས་ ༢༢ ཏེ་ལྷ་བབ་དུས་ཆེན་གྱི་ཉིན་དེར། ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་རེབ་གོང་ལ་ཆིབས་བསྒྱུར་བསྐྱངས་པ་དེ་སྐབས་མཇལ་ཁ་ཐོབ་པ་དང་མཉམ་དུ་རག་པ་ཞིག་རེད་འདུག
པཎ་ཆེན་རིན་པོ་ཆེ་ཕེབས་ཀྱི་ཡོད་པའི་གསར་འགྱུར་དེས། མི་རྒན་པ་ཚོ་འུར་འདྲ་ཞིག་ལངས་བཅུག་སོང་། ད་སྐྱིད་ཀྱི་ཉི་མ་ཤར་རྒྱུ་རེད་ཟེར་ནས་སྡོད་ཀྱི་འདུག ཡིན་ནའང་། ཁོང་ཚོས་ཕན་ཚུན་ལ་གླེང་མོལ་སྐབས་དགའ་སྣང་དེ་སྐད་ཆ་ཤབ་བེ་ཤུབ་བེ་འདྲ་ཞིག་བྱས་ནས་བཤད་ཀྱི་འདུག དེར་བལྟས་ན། ཁོང་ཚོར་ཞེད་སྣང་གཞན་ཞིག་ཀྱང་ཡོད་པ་འདྲ། པཎ་ཆེན་རིན་པོ་ཆེ་ཟེར་ན་སུ་རེད་ཅེས་དྲིས་པ་ཡིན་ན། རྗེས་ལ་ཧ་གོ་གི་རེད་ཅེས་པ་ཙམ་ལས་ཁོང་ཚོར་ཡང་གསལ་པོ་ཞིག་བཤད་རྒྱུ་མི་འདུག གཅིག་བྱས་ན་གསལ་པོ་ཞིག་བཤད་རྒྱུར་ཁོང་ཚོ་སྐྲག་གི་ཡོད་པ་འདྲ།
པཎ་ཆེན་རིན་པོ་ཆེ་རེབ་གོང་ལ་ཕེབས་སྐབས་དེར་ཕྱིར་དྲན་བྱས་པ་ཡིན་ན། ཉིན་དེ་ནི་གནམ་གཤིས་དེ་ཙམ་མི་དྭངས་པ་ཞིག་རེད། མི་ཚོགས་ཀྱི་འཚང་ཁ་ཆེན་པོ་འདུག ངའི་མི་ཚེའི་ནང་མི་ཚོགས་ཀྱི་འཚང་ཁ་ཆེ་ཤོས་ཤིག་མཐོང་བ་ཐོག་མ་ནི་དེ་ཡིན། ཉིན་རྒྱབ་ལ་ཡིན་པ་ཡོད། རླངས་འཁོར་ལྗང་མདོག་ཅིག་གི་སྟེང་ནས་གོས་ལ་སེར་པོ་གྱོན་པའི་མི་ཆེན་པོ་ཞིག་གིས་ལག་པ་ཡང་སེར་ཡར་བཀྱགས་ཏེ་མང་ཚོགས་ལ་ལག་བརྡ་བྱེད་བཞིན་ཕེབས་སོང་། རླངས་འཁོར་དེ་ང་ཚོ་བང་བསྒྲིགས་ནས་སྡོད་ས་དེར་སླེབས་སྐབས། མི་དེ་གསལ་པོ་མཐོང་གི་འདུག རླངས་འཁོར་སྟེང་གི་མི་ཆེན་པོ་དེ་གདོང་པ་ལ་འཛུམ་མདངས་དང་བཅས་ཏེ་ཕེབས་སོང་། ཡིན་ནའང་། ངའི་གཡས་གཡོན་ན་ཡོད་པའི་ཕ་མ་གཉིས་དང་། ད་དུང་མི་མང་པོ་ཡོད་པའི་ནང་གི་རྒན་པ་མང་ཆེ་བ་ངུ་གི་འདུག དེ་དུས། མི་གཅིག་དགའ་ནས་སླེབས་པ་ལ། མི་མང་པོ་སྡུག་ནས་ངུས་སོང་བསམ་པ་ཞིག་བྱུང་། ཕྱིར་ཁྱིམ་ལ་སླེབས་ནས་ཨ་མ་ལ། མི་དེ་ཞེ་སྣང་ཚ་བོ་ཞིག་ཡིན་པ་འདྲ་འདུག མི་དེ་འཁྲིས་ལ་སླེབས་ན་མི་རྒན་པ་ཚང་མ་སྐྲག་ནས་ངུ་གི་འདུག མི་སུ་རེད་ཅེས་དྲིས་པར། ཡང་ཨ་མ་ངུས་སོང་།
ཨ་མ་ངུ་བ་ལ་ཁག་མི་འདུག མོ་རང་གིས་ང་ལ་འགྲེལ་བཤད་འདི་འདྲ་ཞིག་བརྒྱབ་སོང་། མོ་རང་གི་པ་ལགས་དང་མོ་རང་གི་གཅེན་པོ་ཆེ་བ་དང་འབྲིང་བ་བཅས་མི་གསུམ་གྱི་སྐེ་ལ་ཐགས་པ་བསྐོན་ནས་བཙོན་ལ་འཁྲིད་པ་ནས་ཕྱིར་ཡོང་རྒྱུ་མེད་སོང་བ་དེ་ཚོ་དེ་རིང་ཡོད་ན། ཁོང་ཚང་གི་ཞལ་མཇལ་ཐུབ་ཡོད་པ་རེད། གསུང་ཐོས་ཐུབ་ཡོད་པ་རེད་ཟེར་བཞིན་ཡུན་རིང་ཙམ་བར་ངུས་སོང་། དེ་དུས་ང་ལོ་ན་དགུ་ལྷག་ཙམ་རེད། སེམས་ནང་ལ། དེ་རིང་གི་མི་ཆེན་པོ་དེ་ནི་ཡང་སྙིང་སུ་ཡིན་ནམ། པཎ་ཆེན་རིན་པོ་ཆེ་ཡིན་ནམ། ཡང་ན། ཨ་མའི་བཤད་པ་ལྟར་མི་མང་གི་སྐེ་ལ་ཐགས་པ་བསྐོན་ནས་འཁྲིད་མཁན་དེ་ཡིན་ནམ་སྙམ་པ་ལས། གཞན་གྱི་གསལ་ཁ་གང་ཡང་མ་བྱུང་།
pencehn-lamaཉིན་གཉིས་པ་ཡིན་ནམ་ག་དུས་ཡིན་ད་ལྟ་དྲན་གྱི་མི་འདུག་སྟེ། ཉིན་དང་པོ་ལས་མང་བའི་མི་ཚོགས་ཁྲོད་དེར་འཁྲིད་སོང་། ཉིན་གཉིས་པའི་མི་ཚོགས་ནི་ཉིན་དང་པོའི་མི་ཚོགས་ལས་མང་བ་འདུག ཁ་སང་གི་མི་ཆེན་པོ་དེ་ཁྲི་མཐོན་པོ་ཞིག་གི་སྟེང་ནས་མར་འཁོར་དེ། ཅིག་འདོན་གི་འདུག མི་རྒན་པ་ཚོ་ནི་མིག་ལ་མཆི་ཞག་འཁོར་ནས་ད་དུང་ཡང་ངུས་སྡོད་ཀྱི་འདུག ངའི་སེམས་ལ་མི་ཆེན་པོ་དེས་མི་རྒན་པ་ཚོར་སྡུག་ཅག་ཅིག་ནི་བཤད་ཀྱིན་ཡོད་ས་རེད་སྙམ་ནས་ཨ་མའི་གདོང་པ་ལ་ཡང་ཡང་བལྟས་བསྡད། ཨ་མ་དང་ད་དུང་དེའི་གཡས་གཡོན་གྱི་ཕ་མ་མང་པོ་ཞིག་ཀྱང་དེ་ལྟར་རེད། ཕྱི་དྲོ་ཙམ་ལ། ཨ་མས་ད་ནི་ཆོས་སྐད་ཅིག་རྣ་བས་གོ་སོང་བ་རེད། ཐུགས་རྗེ་ཅན། མ་སེམས་ཅན་ཐམས་ཅད་ཀྱི་མགོ་ལ་སྡུག་ཅིག་མི་ཡོང་བའི་སྨོན་ལམ། ཤི་བོ་དེ་ཚོར་ལམ་སྣ་རེ་སྟོན་པའི་སྨོན་ལམ་སོགས་མང་པོ་ཞིག་སྐྱོར་ནས་ཡང་ངུས་སོང་། གང་ལྟར། ཉི་མ་དེར་ངའི་ཨ་མ་ལགས་ངུས་ངུས་པར་བསྡད་སོང་།
ངའི་ཨ་མ་ལགས་ནི་ཡིག་རྨོངས་པ་ཞིག་ཡིན། ད་ལྟ་ངས་དེ་ཡག་པོ་བྱུང་འདུག་བསམ་གྱི་ཡོད། ངའི་ཨ་མ་ཡིག་རྨོངས་པ་ཞིག་ཡིན་པ་འདི་ཡག་པོ་བྱུང་འདུག་བསམ་པ་དེ་ལོ་ཤས་ཀྱི་གོང་ཙམ་ནས་རྒྱུན་དུ་སེམས་ནང་འཁོར་གྱི་འདུག དེ་ནི་འདི་འདྲ་རེད། ལོ་གཅིག་དང་ཕྱེད་ལྷག་གི་གོང་དེར། བཀའ་ཟུར་ཞེ་པོ་བློ་བཟང་དར་རྒྱས་ལགས་ཀྱིས་བརྩམས་པ་༼མི་ཚེ་རིང་པོར་སྐྱིད་གསུམ་སྡུག་གསུམ། དཔྱིད་ཉི་རིང་པོར་དྲོད་གསུམ་གྲང་གསུམ༽ཞེས་པའི་དེབ་དེ་བཀླགས་པ་ཡིན། དེའི་ནང་། དགོན་པའི་ནང་གི་བླ་མ་གྲྭ་པ་དང་། སྡེ་བའི་ནང་གི་མི་སྣ་དྲག་གྲས་རིགས་འཛིན་བཟུང་བྱས་ཚུལ། བཙོན་ལ་འཁྲིད་སྲོལ། བཙོན་ནས་སྡུག་ལས་སྣ་དགུ་བཏང་སྟངས། ལྟོགས་སྐོམ་མྱངས་བཅུག་ནས་འཆི་ལམ་དུ་བརྫངས་པའི་གནས་སྟངས་དེ་ཚོ་གློག་བརྙན་བཞིན་མིག་ལ་འཆར་འོང་བ་ཞིག་བྲིས་འདུག་པ་དེས། ཨ་མ་ལགས་ཀྱི་པ་ལགས་དང་གཅེན་པོ་གཉིས་ཀ་སྐེ་ལ་ཐགས་པ་བསྐོན་ནས་ག་ཤེད་ཅིག་ལ་འཁྲིད་ནས་ཕྱིར་ཡོང་རྒྱུ་མེད་པ་ཆགས་པ་དེ། ཚུལ་གང་འདྲ་ཞིག་གི་འོག་ནས་བྱུང་བ་ཡིན་པ་དེ་གསལ་གསལ་ཐིང་ཐིང་འདྲ་པོ་ཞིག་ཤེས་རྟོགས་བྱུང་སྟབས། སེམས་ནང་ལ། ཨ་མའི་སེམས་ཀྱི་སྡུག་བསྔལ་དེར་ཁག་མི་འདུག་བསམ་པ་བྱུང་ལ། དེ་དང་མཉམ་དུ་དེབ་དེའི་ནང་གི་གནས་སྟངས་འདི་ཚོ་ཨ་མས་ཧ་གོ་བ་ཡིན་ན། སྡུག་བསྔལ་གྱི་སྒང་ལ་སྡུག་བསྔལ་རེད་འདུག་ཨང་བསམ་པ་ཡང་ཡང་བྱུང་།
གང་ལྟར་ཉིན་གཉིས་པ་ཡིན་ནམ། གསུམ་པ་གང་ཡིན་ད་ཆ་དྲན་ཡུལ་ན་མི་འདུག་སྟེ། མི་ཚོགས་གཤར་སྒྲིག་གི་ཁྲོད་ནས། མཚམས་རེར་གནམ་སྔོན་པོ་དེ་མཐོང་ལ། མཚམས་རེར་གང་ཡང་མི་མཐོང་བའི་མུ་ཞིག་ནས། ཕ་རྒན་གྱིས་ཡར་བཀྱགས་སོང་། ད་ཁོང་གི་ཞལ་ལ་གསལ་པོ་མཇལ་དགོས་པ་རེད་ལྟོས་ཨ་ཟེར། དེ་གར་གྲྭ་པ་ཁ་ཤས་འདུག་པ་དེ་ཚོས་ཀྱང་ཁོང་གི་ཞལ་ལ་ལྟོས། ཁོང་གི་ཞལ་ལ་ལྟོས་ཟེར་གྱི་འདུག ཁོང་ཚོས་བཤད་པ་ལྟར་བལྟས་པ་ཡིན། དྲང་མོར་བཤད་ན། ཁོང་གི་མགོ་ན་ཞྭ་མི་འདུག རླངས་འཁོར་སྟེང་ནས་ཐེངས་དང་པོར་མཐོང་བའི་མི་ཆེན་པོ་དེ་རླངས་འཁོང་སྟེང་ན་ཡོད་པ་དེ་ལས་ཀྱང་ལྡབ་ཁ་ཤས་ཀྱིས་ཆེ་བ་ཡོད་པ་ཞིག་མཐོང་སོང་། རྗེས་ལ་ཤེས་དུས། དེ་དུས་མ་གོ་བ་རེད་མ་གཏོགས། ཁོང་གི་ཞལ་ལ་ཡག་པོ་ཞིག་མཇལ་དགོས་རེད་ཟེར་བ་ཡིན་འདུག ཨ་མདོའི་སྐད་ལ་ཁོང་གི་ཞྭ་དང་ཁོང་གི་ཞལ་ཟེར་བ་གཉིས་ཁ་ནས་བཤད་སྐབས་སྒྲ་གདངས་འདྲ་པོ་ཡོད་པ་དེས་འཁྲུལ་བཅུག་པ་དེ་ཡང་རྗེས་ལ་གཞི་ནས་ཤེས་རྟོགས་བྱུང་།
སྐུད་པ་དམར་པོའི་སྲུང་མདུད་དེ་ཡང་དེ་དུས་རག་སོང་། པཎ་ཆེན་རིན་པོ་ཆེའི་སྲུང་མདུད་རག་ས་དེ་ནི་ས་ཆ་གཞན་པ་ཞིག་མ་རེད། དེ་སྔོན་ང་རང་རུས་པ་དང་བལ་འཚོང་དུ་འགྲོ་ས་ཞིག་ཡོད་པའི་གྱང་ར་དེའི་མར་ཙམ་དེར་རེད། ཡིན་རྒྱུ་ནི་རོང་པོ་དགོན་པའི་ཚོགས་ཆེན་འདུ་ཁང་གི་ཁྱམས་ར་དེ་རེད།
དེ་དུས་སྲུང་མདུད་དེ་བཏགས་ནས་སློབ་གྲྭར་འགྲོ་མཁན་ང་གཅིག་པོ་མ་རེད། ཡིན་ནའང་། འགྲམ་ལྕག་རག་མཁན་དེ་ང་གཅིག་པོ་ཆགས་སོང་། ད་ཆ་བསམས་ན། ངས་ནི་སྲུང་མདུད་དེ་ལྭ་བའི་འོག་ལ་མ་བཅུག་པར་སུས་བལྟས་ནའང་མཐོང་བ་ཞིག་བྱས་ནས་སོང་བ་དེས་རེད། དྲང་མོར་བཤད་ན། དེ་དུས་ཀྱི་ང་ལ་མཚོན་ན། སྐེ་ཡི་སྲུང་མདུད་དེ་འགེབས་བྱེད་ཀྱི་སྟོད་ཐུང་ཞིག་ཧ་ལམ་ཡོད་རྒྱུ་མ་རེད། ད་ལྟ་དྲན་པ་བྱས་ན། དེ་དུས་ནི་མི་རྒན་པའི་སྟོད་ཐུང་རྙིང་སོང་ཞིག་ལ་ཐི་གུ་ཞིག་བཅིངས་ནས་སློབ་གྲྭར་འགྲོ་གི་ཡོད་པའི་སྐབས་རེད།
དགེ་རྒན་དར་རྒྱས་ཟེར་བ་ཞིག་ཡོད་པ་དེས། ཏང་གི་སློབ་གྲྭའི་ནང་ལ་མི་ངན་རིགས་བཞིའི་སྲུང་མདུད་བཏགས་ནས་ཡོང་ཆོག་གི་མ་རེད་ཟེར་ནས་འགྲམ་ལྕག་ཟེར་ན་མིག་ནས་མེ་སྟག་འཕྲོ་བ་ཞིག་གཞུས་སོང་། ཉི་མ་ཁ་ཤས་ལ་རྣ་ནང་ནས་ཝང་ཝང་ཟེར་བ་ཞིག་གཞུས་སོང་། སྲུང་མདུད་རག་པའི་དགའ་སྣང་དེ་ཡང་དེ་མུར་ཡལ་འགྲོ་བ་ཞིག་བྱུང་། ཐ་ན་གཞན་གྱི་སྐེ་ཡི་སྲུང་མདུད་མཐོང་ནའང་རང་གི་འགྲམ་པ་ཚ་བའི་སྣང་བ་ཡང་བྱུང་། ངའི་སྲུང་མདུད་དེ་སྐེ་ནས་བཅད་སོང་། དགེ་རྒན་དར་རྒྱས་ཀྱིས་བཅད་སོང་། དེ་ནས་ང་ལ་སྐུད་པ་དམར་པོའི་སྲུང་མདུད་དེ་འདྲ་མ་རག་པར་ལོ་ངོ་མང་པོ་ཞིག་འདས། མི་ངན་རིགས་བཞིའི་སྲུང་མདུད་དེ་ང་ལ་པཎ་ཆེན་རིན་པོ་ཆེས་གནང་བ་རེད། དེ་ནི་པཎ་ཆེན་རིན་པོ་ཆེས་གནང་བའི་སྲུང་མདུད་ཐོག་མ་རེད་ལ། མཐའ་མ་དེ་ཡང་ཆགས་སོང་།
པཎ་ཆེན་རིན་པོ་ཆེས་གནང་བའི་སྲུང་མདུད་དེས་ང་ལ་འགྲམ་ལྕག་ཚ་སྦིར་སྦིར་ཞིག་རག་བཅུག་བྱུང་ལ། ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༡ ཚེས་ ༢༨ ཞོགས་པར་པཎ་ཆེན་རིན་པོ་ཆེ་གཙང་བཀྲ་ཤིས་ལྷུན་པོ་ནས་སྐུ་གཤེགས་པའི་གསར་འགྱུར་དེས་ཀྱང་འགྲམ་ལྕག་ཚ་ཐག་ཆོད་ཅིག་རག་བཅུག་སོང་། ཉིན་དེའི་ཉིན་གུང་ཙམ་ལ་རེད། ཕལ་ཆེར་ཉིན་དེ་ནི་རེས་གཟའ་ཉི་མར་འཁེལ་ཡོད་པ་ཡོད། ངས་གསར་འགྱུར་དེ་རླུང་འཕྲིན་ལས་ཐོས་བྱུང་། ཉིན་གུང་རྒྱབ་ལ་སློབ་གྲྭར་འགྲོ་དགོས་སྟབས། སློབ་གྲྭར་འབྱོར་བ་དང་དེར་ངའི་ཞང་པོ་ཞིག་ཡོད་པ་ཁོང་གི་སར་ནམ་རྒྱུན་བཞིན་དགོང་ཟས་བཟའ་བར་སོང་བ་ཡིན། དགོང་ཟས་ནི་ང་རང་དགའ་ཤོས་ཀྱི་ཤ་རྡོག་བཙོས་རེད་འདུག
ངའི་ཞང་པོ་དེས། ལྕགས་ཐབ་འགྲམ་ན་མེར་བསྲོ་བཞིན་བསྡད་འདུག ཕ་མ་གཉིས་བདེ་མོ་རེད་དམ་ཞེས་དྲིས་སོང་བར། བདེ་འཚམས་རེད་ཅེས་ལན་ཕུལ་བ་ཡིན། དེ་མུར་ངས་པཎ་ཆེན་རིན་པོ་ཆེ་སྐུ་གཤེགས་སོང་བ་རེད་ཟེར་གི་འདུག་ཅེས་འགྲེལ་བཤད་རྒྱག་མགོ་བཙུགས་པར། ཞང་པོ་ལམ་སེང་རླུང་ལངས་ནས། ཅི་ཡིན་འདི་ཡིན་མེད་པར་འགྲམ་ལྕག་ཚ་ཐག་ཆོད་ཅིག་གཞུས་སོང་། ད་དུང་ལྕགས་ཐབ་ནང་རྡོ་སོལ་འཇོག་བྱེད་ལྕགས་ཀྱི་སྐམ་པ་དེ་ལག་པར་བཟུང་ནས། གཞུ་གྲབས་བྱེད་སྐབས་ང་ལམ་སང་སྒོ་ཕྱིར་བྲོས་མོད་ཀྱང་། ལམ་ཐག་རིང་ཙམ་བར་རྗེས་འདེད་བཏང་ནས་སླེབས་བྱུང་། གང་ལྟར་ཉིན་དེར་ཤ་རྡོག་བཙོས་དེ་བཟའ་རྒྱུ་ཕར་ཟད། དགོང་ཟས་དེའང་ནང་ནས་འཁྱེར་ཡོང་བའི་བག་ལེབ་སྐམ་བཟའ་བྱས་ནས་སྡོད་དགོས་པ་ཆགས་སོང་།
ལོ་ཤས་གོང་ཙམ་ལ། དགེ་རྒན་དར་རྒྱས་ཀྱི་ཕ་ཡུལ་གཅིག་པ་ཞིག་ལ་ཐུག་སོང་བ་དེར། དགེ་རྒན་དར་རྒྱས་ཀྱི་སྐོར་དྲིས་པ་ཡིན། ད་ནི་རྒས་འདུག་ཟེར། ཏང་ལ་བློ་དཀར་བ་ཞིག་ཡིན་པ་ཡོད་ཅེས་དྲིས་པ་ཡིན། ཁྱིམ་གྱི་མཆོད་ཁང་ནང་ན་མའོ་ཀྲུའུ་ཞིའི་པར་ཆེན་པོ་ཞིག་བཤམས་ཡོད་སྐོར་ལབ་སོང་། ཡིན་རྒྱུ་མ་རེད་ཅེས་ནན་འདྲི་ཞུས་པ་ཡིན། ཁ་ནང་ལ་ཟ་རྒྱུ་འཐུང་རྒྱུ་རག་འཇུག་མཁན་རྒད་པོ་དྲིན་ཅན་འདི་ཡིན་ཟེར་གྱི་འདུག་ལབ་སོང་།

སྣ་ཚོགས།

Post navigation

Previous Post: སྤྱི་ཁྱབ་རང་བཞིན་གྱི་བསམ་བློའི་ཚོར་རླབས།
Next Post: ཁྱེད་ཀྱིས་ཉོན་ཨ། དོ་ནུབ་བཤད་འདོད་པ་ཞིག་ཡོད་ཀི

Comments (31) on “པཎ་ཆེན་རིན་པོ་ཆེའི་སྲུང་མདུད།”

  1. ཀླུ་སྨྱོན། says:
    2011-01-28 at 1:05 pm

    ཉིན་དེར་ང་ཡང་དེ་ན་ཡོད། ངའི་ཕ་ཡུལ་ནས་རྟ་ལ་ཞོན་ནས་ཉི་མ་ལྔ་དྲུག་ཅིག་གིས་རྩེ་ཁོག་ཏུ་བསླེབས་སོང་། དེ་ནས་ཤར་རླུང་རྟགས་ཅན་གྱི་རླངས་འཁོར་ཞིག་ལ་བསྡད་དེ་རེབ་ཀོང་དུ་ཡོང་བ་ཡིན། རེབ་ཀོང་བ་ཚོས་ཕྱོགས་བཞིའི་མཇལ་བ་དག་ལ་རེབ་ཀོང་གོར་མོ་ཆེ་ཟེར་བའི་བག་ལེབ་ཆེན་པོ་ཤིང་རྟའི་འཁོར་ལོའི་ཆེ་ཆུང་ཡོད་པ་དག་ཕྱེད་གཏུབས་ཀྱིས་སྤྲོད་བཞིན་ཡོད་པ་དེ་ཡང་ཟོས་པ་ཡིན། དེ་ནས་པཎ་ཆེན་སྣང་བ་མཐའ་ཡས་མཆོག་གི་སྐུ་མདུན་ནས་མཇལ་ཁ་བྱིན་རླབས་དང་སྐྱབས་འགྲོ་དང་དམིགས་བརྩེ་མའི་ལྗགས་ལུང་། ཕལ་ཆེར་ཚེ་དབང་ཞིག་ཀྱང་ཐོབ་པ་ཡིན་བསམས་སོང་། དེ་ནས་བཟུང་སྟེ་ཡར་སྐྱར་མཇལ་རྒྱུ་མ་བྱུང་།

  2. གཙང་ཁ་བསོད་ནམས་རྡོ་རྗེ། says:
    2011-01-28 at 1:16 pm

    ལ་རྒྱ་ཅན་གྱི་ཞང་པོ་ཞིག འདིས་བོད་མི་དམངས་ཀྱི་བླ་སློབ་ཀྱི་དམ་ཚིག་བསྟན་འདུག

  3. gonpokyab says:
    2011-01-28 at 1:35 pm

    ཨ་རོག་ཁྱོད་ཀྱིས་ཡང་ད་ཐེངས་སྟོད་སྒལ་ལ་ན་ཟུག་གཅིག་སྟེར་སོང་། ངོ་མ་བོད་མི་དམངས་འདི་ཇི་འདྲའི་བསོད་ནམས་མེད་པ་ཞིག་རེད། པཎ་ཆེན་རིན་པོ་ཆེ་འདི་ངོ་མ་ཁ་ཡོད་ལག་ཡོད་ཀྱིས་བོད་མི་དམངས་ལ་བརྩེ་བ་ཆེན་པོ་ཡོད་མཁན་གྱི་བླ་མ་ཞིག་རེད་མོ། ཁོང་ད་ལྟ་བཞུགས་ཡོད་ན་བོད་ནང་གི་གནས་སྟངས་འདི་རྒྱ་ཡུལ་འདྲ་བ་ཞིག་མི་ཡོང་བ་ཐག་གིས་གཅོད་ནས་བཤད་ཐུབ། ང་ཆོས་ལུགས་ལ་དད་པ་ཡོད་མེད་ལ་མ་ལྟོས་པར་བླ་མ་འདི་ལ་མི་རིགས་ཀྱི་ལ་རྒྱ་དང་སྤོབས་སེམས། རྒྱབ་མདུན་ངོ་ལྐོག་མེད་པའི་ངར་ཤུགས་ཤིག་ཡོད་པ་ང་རང་གི་མི་ཚེ་འདིར་མིག་སྔོན་པོས་མཐོང་ནེ་ཞིག་ཡིན་པས་ངའི་མི་ཚེ་འདིར་ཁོང་ལ་གུས་བརྩི་ཆེ་ཤོས་ཡིན། རླབས་ཆེན་གྱི་བླ་མ་འདི་ཕངས་སོང་།

  4. རྡོར་དབང་། says:
    2011-01-28 at 1:38 pm

    ཀླུ་སྨྱོན་གྱིས་བཤད་པ་བདེན་འདུག ཡིག་ཆ་དེ་ཚོའི་ནང་ན། ཉི་མ་གང་ཡིན་གསལ་པོ་མི་འདུག་ནའང་། དེ་སྐབས་མ་ཅིག་གྲུབ་རྒྱལ་ལུགས་ཀྱི་ཚེ་དབང་དང་། སྲད་རྒྱུད་ལུགས་ཀྱི་བླ་མའི་རྣལ་འབྱོར། ལམ་མཆོག་སྒོ་འབྱེད་ཀྱི་བཤད་འཁྲིད། རིགས་གསུམ་མགོན་པོ་དང་ཚེ་ལྷ་རྣམ་གསུམ་གྱི་དབང་ལུང་རྗེས་གནང་སོགས་ཀྱང་གནང་སྐོར་བཀོད་འདུག

  5. gonpokyab says:
    2011-01-28 at 1:42 pm

    ངའི་མི་ཚེ་འདིར་ཁོང་གཤེགས་པ་ལས་ཕངས་པ་ཞིག་བྱུང་མ་མྱོང་། ཕལ་ཆེར་བོད་ནང་དུ་འཚར་ལོངས་བྱུང་བའི་མདོ་སྟོད་སྨད་ཀྱི་བོད་ཕྲུག་ཕལ་ཆེར་ལ་བསམ་ཚུལ་གཅིག་པ་ཞིག་ཡོད་རྒྱུ་རེད། དེ་ནི་ཁོང་གི་སྐུ་ཚེ་གང་བོད་མི་རིགས་འདིའི་དོན་དུ་སྐུ་ལས་སྐྱོན་པས་རེད།

  6. རྨ་ཆུའི་སྐལ་བཟང། says:
    2011-01-28 at 2:54 pm

    རྒན་རྡོ་རྗེ་དབང་ཕྱུག་ལགས་ནས་ཡག་པོ་ཞིག་བྲིས་འདུག།            གློག་བ་དང་
    མཉམ་ཏུ་༸བླ་མའི་མཛད་རྗེས་དང་བཀའ་དྲིན་རྗས་དྲན་གྱི་ཡི་རིང་གི་དགེ་བ་ཞིག་ཀྱང་བསགས་སོང།
    གཞན་དགའ་སྐྱོ་ཟུང་འབྲེལ་གྱི་ཚོར་བའི་སྐུལ་ཏེ་མིག་ཆུ་ཞིག་ཀྱང་བཞུར་སོང།

  7. གསང་གྲོལ། says:
    2011-01-28 at 3:05 pm

    དེ་དུས་སློབ་ཆུང་འཛིན་གྲ་དང་པོ་ན་ཡོད་ལ། རྫོངས་ཡོངས་ཀྱི་སློབ་གྲ་ཚང་མའི་སློབ་ཕྲུག་ཚོའི་ལག་ཏུ་མེ་ཏོག་རེ་བཟུང་ནས ལམ་འགྲམ་གཡས་གཡོན་དུ་བང་བསྒྲིགས་ཏེ་དགའ་བསུ། དགའ་བསུ། ལྷག་བསམ་རྣམ་དག་གིས་དགའ་བསུ་ཟེར་བ་ཞིག་འབོད་མྱོངས་བ་དང་། ཁོང་རིགས་ཇེབ་འཁོར་ནང་ནས་ཡར་བཞེངས་སྟེ་ཕྱག་གཡུག་བྱས་བཞིན་པའི་སྣང་བརྙན་དེ་ད་རུང་མིག་མདུན་ནས་ཡལ་མེད་ཀི ཁོང་རིགས་སྐུ་གྲོངས་སྟངས་ཀྱི་གསང་བ་དེ་གསལ་བོ་ཞིག་འཆད་ཐུབ་མཁན་འདྲ་ཨེ་ཡོད།

  8. ཟླ་བ་ཆོས་འཛོམས། says:
    2011-01-28 at 4:22 pm

    རྡོར་དབང་ལགས་བཀླགས་ཚར་ཡིན།ཡག་པོ་འདུགང་བླ་མ་དེར་ཧ་ཅང་གི་དགའ།ཁོང་དྲན་གྱིན་འདུག།ཁོང་ཡོད་ན་བོད་ལ་འདི་འདྲ་བྱུང་མེད་ཚོད་ཡིན་བསམ་བསམ་འདྲ་བོ་ང་ལ་ཡོང་གི་འདུག།ད་དུང་ཁོང་གི་ཡང་སྲིད་ཀྱང་འཇུས་སོང་།
    འདི་ནས་ངས་ཁོང་གི་སྲས་མོ་རིག་འཛིན་དབང་མོ་དང་པན་ཆེན་མཆོག་གི་བཟའ་ཟླའི་སྐོར་ཤེས་ན་འདོད་ཀི།རྡོར་དབང་ལགས་དེའི་སྐོར་ལ་ཡར་མར་ཅིག་བལྟས་ཏེ་རྩོམ་ཞིག་བྲིས་ཏེ་འདིར་འགོད་ཐུབ་ན་བཟང་ཀི་ཡ།
    འདི་ངའི་རེ་བ་ཡིན་ཡ།ངའི་རེ་བ་དོན་མེད་ཡིན་རྒྱུ་མ་རེད་འདོད།

  9. མདའ་ཚན་པ། says:
    2011-01-28 at 6:39 pm

    དེའི་སྐབས་དེར་ང་ཡང་རེབ་ཀོང་ན་ཡོད། པཎ་ཆེན་རིན་པོ་ཆེ་སླེབས་མེད་ན་ངས་སློབ་མཚམས་བཞག་ནས་ཕ་ཡུལ་ལ་ཕྱིན་ཚར་ཡོད། ཉིན་གང་པང་བསྒྲིགས་ནས་ཕྱིན་པར། ཕྱི་དྲོ་ཞིག་ལ་མཇལ་ཁ་རག་སོང་།

  10. ཨ་རིག་དགེ་མཐོང་། says:
    2011-01-28 at 6:44 pm

    ཞིབ་ཀློག་ཅིག་བྱས་ཡིན། དངོས་གནས་སྐུ་ཞབས་རྡོ་རྗེ་དབང་ཕྱུག་ནི་ཆུང་དུས་ནས་དབང་བོ་གསལ་བོ་ཅན་ཞིག་དང་རིག་པ་དཱངས་མོ་ཅན་ཞིག་ཡིན་པ་ཚོར་བྱུང་། དེ་ནས་གནས་སྟངས་མང་བོ་མི་མང་ལ་གསལ་བཤད་གནང་འདུག་པས་དགའ་ཡོད། གཞན་ཨ་མ་ཡིག་རྨོངས་པ་ཞིག་ཡིན་པ་དགའ་ཡོད་ཅེས་པ་འདི་ནི་སྙན་ངག་པས་འབོད་སྟངས་ཤིག་ཡིན་པ་འདྲ། ཀུ་རེ།

  11. གཞོན་ནུ་ཟླ་མེད། says:
    2011-01-28 at 7:12 pm

    སྐུ་ཞབས་རྡོར་དབང་ནས་རྩོམ་ཡིག་གི་གོ་རིམ་ཞིབ་ཚགས་ཡོད་པ་ཡག་པོ་ཞིག་བྲིས་འདུག རྩོམ་ཡིག་འདིས་དེའི་སྐབས་ཀྱི་གནས་ཚུལ་མང་པོ་ཞིག་དྲན་ཡོང་གི་འདུག

  12. ཨ་རིག་དགེ་མཐོང་། says:
    2011-01-28 at 8:28 pm

    མདའ་ཚན་པ་ཞེས་པ་འདི་ང་ཚོའི་རྫོང་གི་མདའ་ཚན་ཟེར་བའི་བུ་རྟ་ངར་བ་སྐྱེ་ས་དེ་ཨེ་ཡིན་ན།འབྲེལ་མེད་ཀྱི་མཆན་ཞིག་ཏུ་གྱུར་བར་དགོངས་དག་ཞུ།

  13. འོད་ཡུག་པ། says:
    2011-01-28 at 10:56 pm

    རིག་གནས་གསར་བརྗེའི་གཡས་གཡོན་ལ་སྐྱེས་པའི་ང་ལྟ་བུར་མཚོན་ན་སོ་སོ་མི་རིགས་གང་འདྲ་ཞིག་ཡིན་པ་དང་། ཡིད་མཆེད་བྱ་ས་དང་། ཆོས་ལུགས་གང་འདྲ་ཞིག་ལ་དད་པ་བྱ་གི་ཡོད་མེད་སོགས་གང་ཡང་ཤེས་ཀྱི་མེད། ཉིན་ཞིག་མའོ་པར་ལ་རྡོ་བཞུས་པའི་ཉེར་ལེན་ལས་ངའི་པ་ཕ་ཟླ་བ་་༦་རིང་བཙོན་ལ་བཅུག་སོང་། ཕྱི་ལོ་༡༩༨༦་གཡས་གཡོན་ཞིག་ལ་ཀུན་གཟིགས་མཆོག་ང་ཚོའི་ལུང་པ་རྒྱུད་ནས་གདན་ས་བཀྲ་ཤིས་ལྷུན་པོར་ཕེབས་ཀྱི་ཡོད་པའི་གནས་ཚུལ་ངའི་ལུང་པ་ཀུན་ཏུ་ཁྱབ་དེ་ནི་ཁོང་གི་དྲུང་ཡིག་ཆེན་མོའི་གཅུང་མོ་ཞིག་ང་ཚོའི་ལུང་པར་བཞུགས་ཡོད་པས་དེ་རྒྱུད་ནས་གོ་བ་ཡིན། ཀུན་གཟིགས་མཆོག་ཟེར་ན་སུ་ཡིན་ངས་ཤེས་ཀྱི་མེད། ངའི་པ་ཕ་དང་། སྤོ་སྤོ་གཉིས་དགའ་ནས་ངུ་གི་འདུག ང་ཚོ་རྒྱ་ལམ་གྱི་གཡས་གཡོན་དུ་སྔ་དྲོ་ནས་འགུགས་ནས་བསྡད་པ་ཡིན། ཉིན་གུང་ཙམ་ལ་མོ་གྲ་མང་པོ་གྲལ་འགྲིགས་ནས་སླེབས་སོང་། མོ་གྲ་གཅིག་གི་ནང་ནས་གོས་ཆེན་གྱི་ཕྱུ་བ་སེར་པོ་བསྣབས་ཤིང་། ཞལ་རས་རྒྱག་པ་ཞལ་མོ་བཞད་བཞིན་ཕྱག་དབྱུག་དབྱུག་གནང་བཞིན་ཕེབས་སོང་། དེ་ནི་ངས་ཀུན་གཟིགས་མཆོག་དང་པོར་མཇལ་བ་ཡིན།
    རང་རིགས་བསྣུན་ལ་དཔའ་བའི་མཆེ་སྡེར་ཅན།
    དཀའ་སར་བྲོས་ནས་བོས་ཀྱང་ཨང་མི་འཁུགས།
    དངོས་སུ་པད་ཅིང་ཚོགས་འདུ་ཆེན་པོའི་སར།
    ངོ་མས་གངས་ལྗོངས་སྲུང་ལ་གསོལ་བ་འདེབས།
    ཁྱེད་ཉིད་གངས་རིའི་ལྗོངས་སུ་བཞུགས་པའི་དུས།
    ཚོང་པ་རྒྱགས་པ་ཟེར་ནས་ཀུན་གྱིས་བསྙད།
    ཁྱོད་ཉིད་གངས་རིའི་ལྗོངས་དང་བྲལ་བའི་དུས།
    གངས་ལྗོངས་དཔའ་བོ་ཡིན་ཞེས་ཀུན་གྱིས་བསྔགས།
    ཁྱོད་ཉིད་བལ་པོའི་ཡུལ་དུ་ཕེབས་པའི་ཚེ།
    དར་ཆ་ནག་པོས་བལ་པོའི་ཁྲོམ་གཞུང་བཀངས།
    ཁྱེད་ཉིད་ལྷ་ལྡན་ཞིང་དུ་ཕེབས་པའི་དུས།
    རྡོ་ཡིས་བསྟུམས་པའི་ལྷ་དར་དཀའ་པོ་ཡིས།
    ཁྱོད་ཀྱི་དབུ་དང་ཕྱག་སོགས་སྐུ་ལུས་ལ།
    བསྙུན་ཟུག་དགྲ་པོས་བསྣུན་པ་ཨེ་བྱུང་ལགས།

  14. རྡོར་དབང་། says:
    2011-01-29 at 12:07 am

    ཟླ་བ་ཆོས་འཛོམས་ལགས།

    ཡིག་ཆ་ཁག་ཅིག་མཇལ་བ་དེ་ཚོའི་ནང་གསལ་བ་ལྟར་ན། གསང་ཡུམ་དང་ཞལ་འདྲིས་བྱུང་བ་ནི་ཕྱི་ལོ་ ༡༩༧༧ ལོ་གསང་ཡུམ་བཞེས་དུས་ནི་ཕྱི་ལོ་ ༡༩༧༨ ལོར་རེད། ཞལ་འདྲིས་དེ་ནི་གསང་ཡུམ་གྱི་སྤོ་པོ་ཏུའུ་ཆི་ཝུ་ནི་དེ་སྔ་གོ་མིན་ཏང་གི་དམག་དཔོན་ཞིག་ཡིན་པ་དེ་དང་པཎ་ཆེན་རིན་པོ་ཆེ་གཉིས་ཞིང་ཆེན་ལ་གཟིགས་སྐོར་ཕེབས་སྐབས། ཕེབས་ཡུལ་མེ་འཁོར་འབབ་ཚིགས་༼ས་གནས་གང་ཡིན་མ་ཤེས༽དེར། ཏུའུ་ཆི་ཝུ་ཡི་ཚ་མོ་ལི་ཅེ་ལགས་ཕེབས་བསུར་སླེབས་ཡོད་འདུག་པ་དེ་ནི་པཎ་ཆེན་རིན་པོ་ཆེ་གསང་ཡུམ་གཉིས་མཇལ་ཐེངས་ཐོག་མ་ཡིན་འདུག

    དེ་ལྟར་ན། ཐོག་མར་མཇལ་དུས་པཎ་ཆེན་རིན་པོ་ཆེ་དགུང་ལོ་སོ་དགུ་རེད། དགུང་གྲངས་བཞི་ཅུ་བཞེས་པ་ཕྱི་ལོ་ ༡༩༧༨ ལོར་གསང་ཡུམ་དུ་བཞེས་གནང་བ་དང་། གསང་ཡུམ་བཞེས་པའི་འཁྲུངས་སའི་མཛད་སྒོ་དེ་པེ་ཅིན་ནས་སྤེལ་བ་། ཕྱི་ལོ་ ༡༩༨༣ ལོར་སྲས་མོ་རིག་འཛིན་དབང་མོ་འཁྲུངས་པ་རེད། གསང་ཡུམ་ཕྱི་ལོ་ ༡༩༥༨ ལོར་འཁྲུངས་པ་རེད་ཅེས་ཀྱང་ཡིག་ཆ་དེ་ཚོའི་ནང་བཀོད་འདུག ཕྱི་ལོ་ ༢༠༠༣ ལོའི་ཕྱི་ཟླ་དགུ་པའི་ནང་དབྱིན་ལན་ནས་པཎ ཆེན་རིན་པོ་ཆེའི་སྲས་མོར་ཐེངས་གཅིག་མཇལ་རྒྱུ་བྱུང་། དབུས་སྐད་རྒྱག་གི་འདུག་སྟེ་དེ་ཙམ་གྱི་བྱང་པོ་ཞིག་མེད་འདྲ། གང་ལྟར་བོད་པ་ཚོ་ཐུག་འཕྲད་སྐབས་རྒྱ་སྐད་རྒྱག་པ་ལ་འཚེར་སྣང་འདྲ་ཞིག་བྱེད་ཀྱི་འདུག་པའི་ཚོར་སྣང་བྱུང་། དེ་དུས་རིག་འཛིན་དབང་མོ་ལགས་ཀྱིས་ཨ་རིར་སློབ་སྦྱོང་གནང་བཞིན་པའི་སྐབས་རེད། དབྱིན་ལན་དུ་ཕེབས་དོན་ནི་བོད་རིག་པའི་ཚོགས་འདུར་རེད། དེ་དུས་བོད་ཕྱི་ནང་ནས་ཕེབས་པའི་ཚོགས་ཞུགས་པ་མང་ཆེ་བས་སྲས་མོ་རིག་འཛིན་དབང་མོའི་ལྷན་དུ་འདྲ་པར་མང་པོ་བརྒྱབ་ཡོད།

    དེ་སྐབས་སྲས་མོ་རིག་འཛིན་དབང་མོས། གོས་ཆེན་དམར་སྨུག་གི་ཕྱུ་བ་ཞིག་དང་། འོག་འཇུག་སེར་པོ་ཞིག་གྱོན་འདུག བྲང་ཁར་པཎ་ཆེན་རིན་པོ་ཆེའི་སྐུ་པར་ཞིག་བཏགས་འདུག བོད་པ་མཐོང་ཚད་ལ་ཕར་བཀྲ་ཤིས་བདེ་ལེགས་ཞེས་འཚམས་འདྲི་དང་གུས་ཞབས་དཔེ་མེད་གནང་གི་འདུག དེ་ནི་པཎ་ཆེན་རིན་པོ་ཆེའི་སྲས་མོ་ཐེངས་གཅིག་མཇལ་བ་དེ་ཡིན།

  15. ཤར་ཕྱོགས་ཁུག་རྟ། says:
    2011-01-29 at 12:59 am

    ༧ཀུན་གཟིགས་མཆོག་གི་སྲུང་མདུད་དེ་ཐོག་མ་རེད་ལ། མཐའ་མའང་ཆགས་སོང་ཟེར་བའི་མཚམས་སུ་སླེབས་སྐབས། ཁྱེད་ཀྱི་སྐྱེད་མའི་སྨོན་ལམ་གྱི་ཚིག་འབྲུ་རེ་རེས་བྱུང་རབས་ཀྱི་གླེགས་བམ་ཞིག་སྐྱོར་བཞིན་པ་གོ་ཞིང། ཐབས་ཟད་འུ་ཐུག་གི་གནས་སུ་བསྐྱལ་བའི་ཁྱེད་ཀྱི་ཨ་ཞང་ལྟ་བུ་མང་པོ་ཞིག་གིས། རླུང་སྟོན་ས་ཚ་བོ་མིན་པ་ཤེས་བཞིན་དུ་སྙིང་རླུང་དྭངས་ཐབས་བྱེད་པའི་འགྲམ་ལྕག་དེས་ཀྱང་ཁྱེད་ཀྱིས་སྲུང་མདུད་དེ་དྲན་ངོགས་ནས་མ་ཡལ་བ་རྟོགས་ཐུབ་ལ།

    ལྟོ་བ་འགྲང་ཙམ་གྱིས་ཁ་ཆེན་པོ་གདང་ནས་ཚིག་ཆེན་པོ་བཤད་པ་དག་གིས་ཀྱང་ཁྱེད་ཀྱི་སྐྱེད་མ་ལྟ་བུའི་སྨོན་ལམ་གྱི་བརྒྱུད་རིམ་ཡོངས་རྫོགས་ལ་བསམ་བློ་རེ་གཏོང་ཐུབ་ན། དོན་དངོས་འགྲམ་ལྕགས་ག་ཚོད་ཅིག་གཞུ་དགོས་མིན་ཀྱང་བློ་ལ་འཁོར་ངེས་རེད།

    ཡག་བྱུང། སྐུ་ཞབས་རྡོ་དབང་ལགས།

  16. དགའ་ལྡན། says:
    2011-01-29 at 2:35 am

    དངོས་གནས་རྩོམ་ཡིག་འདི་ཀློག་དུས་མིག་ཆུ་ཤོར་རྣ་བུག་ལ་ན་ཚ་བཏང་བྱུང། ངའི་མི་ཚེའི་ནང་བློ་ཕམ་ཆེ་ཤོས་དེ་ཁོང་སྐུ་མྱ་ངན་ལས་འདས་པ་འདི་ཡིན། རྗེས་དྲན་ཞུ་འོས་པ་དེ་ཁོང་གི་སྐུ་ཚེ་ཧྲིལ་པོ་་བོད་རྒྱལ་ཁབ་དང་བོད་མི་རིགས་དེ་འཚོ་གནས་ཀྱི་སྐད་ཡིག་བཅས་ཀྱི་དོན་སྐུ་ངལ་ལྷོད་མེད་གནང་བ་དེ་ཡིན། ༸སྐྱབས་མགོན་ལགས་ངས་ད་ལྟ་ཁྱེད་རང་ཞེ་དྲག་དྲན་གྱི་འདུག་ ང་ཚོ་བོད་མི་རིགས་ལ་ཁྱེད་རང་ད་དུང་དགོས་མཁོ་འདུག ལྷག་པར་དུ་ཁྱེད་ཀྱིས་ང་ཚོའི་མི་རིགས་དའེི་འཆི་གསོན་ཆེད་བཞགས་གནང་བའི་དམ་བཅའ་༼ལས་བརྩོན་བཞིན་བོད་མི་རིགས་ཀྱི་ཕ་རབས་བུ་རྒྱུད་ཀྱི་མཚན་སྙན་གྱི་གནོད་པའི་བྱས་ཉེས་ཕྲན་བུ་ཙམ་ཡང་ངའི་མི་ཚེའི་ནང་མི་འཇོག་པའི་དམ་བཅའ་བཞགས་ཡོད།༽དེ་ཡིན།

  17. ལ་རྒྱའི་བདག་པོ། says:
    2011-01-29 at 3:29 am

    བཙན་བྱོལ་སྤྱི་ཚོགས་ནང་གི་དོན་དམ་པའི་ཤེས་ཡོན་ཅན་དང་ཉམས་ཞིབ་རྡོ་རྗེ་དབང་ཕྱུག་ལགས་སུ་བཀྲིས་བདེ་ལེགས་ཞུ་བ་དང་སྦྲགས།
    སྐུ་ཉིད་ཀྱིས་སྤེལ་བའི་༸ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་མཛད་རྣམ་དེས་གུས་༸ཀུན་གཟིགས་མཆོག་དངོས་མཇལ་ལྟ་བུའི་ཚོར་སྣང་ཞིག་བྱིན་སོང་བའི་ཐུགས་རྗེ་དང་ཡི་རངས་བསྔགས་བརྗོད་ཞུ་བ་ཐལ།
    རྗེས་སུ་ཡང་དེ་ལྟའི་རྩོམ་ཡིག་མང་ཙམ་སྤེལ་བའི་རེ་བ་ཞུ་རྒྱུ་ཡིན།

  18. BBC says:
    2011-01-29 at 4:09 am

    ངས་ཀྱང་ཕྱི་ལོ་༡༩༨༤་ལོར་སྐུ་དངོས་ཀྱི་མཇལ་ཁ་ཐོབ་མྱོང་བས་དངོས་གནས་སྐལ་བ་བཟང་སྙམ། ༸རྒྱལ་དབང་ཡབ་སྲས་གཉིས་ཀའི་ཕྱག་དབང་ཐོབ་པ་ནི་ཅི་འདྲའི་ཉམས་དགའ་བ་དང་། སྐལ་བ་བཟང་བའི་སྐལ་ལྡན་ལས་འགྲོ་ཅན་ཞིག་ཡིན་ཨང་། འོན་ཀྱང་ཁོང་གི་སྐུ་ཚེ་ལ་བར་ཆད་བྱུང་བ་ནི་བོད་མི་རིགས་ཀྱི་གོད་ཆགས་ཆེ་ཤོས་སུ་བསམས། ང་ཚོས་མཆོག་སྤྲུལ་ཁོང་གང་མགྱོགས་བཙོན་གྲོལ་ཡོང་རྒྱུར་འབད་བརྩོན་གནང་དགོས། །

  19. ཟླ་བ་ཆོས་འཛོམས། says:
    2011-01-29 at 4:24 am

    རྡོར་དབང་ལགས།ཐུགས་རྗེ་ཆེ་གྲངས་མེད་ཞུ་བཞིན་ཡོད།ང་ལ་དེའི་སྐོར་རྒྱུས་མངའ་ཉུང་ཉུང་ཡིན།ཡིན་ནའང་ཁྱེད་ཀྱི་དྲིན་ལས་ཕྲན་བུ་ཡར་རྒྱས་ལ་འགྲོ་སོང་།སྐུ་ཉིད་ལ་བྲེལ་བ་ཆེན་པོ་ཡིན་རྒྱུ་རེད་དེ་ཕྲན་གྱི་རེ་བ་གང་ཡོང་དང་ལེན་བྱས་པར་ཡང་བསྐྱར་ཐུགས་རྗེ་ཆེ་ཞུ།

  20. ལྷ་ནོར། says:
    2011-01-29 at 5:51 am

    བྲིས་བ་ལེགས། བསམ་ཚུལ་ཡོད་རྗེས་ལ་བཤད་ན་བཟང་།

  21. ཕ་ལམ་སྔོན་པོ། says:
    2011-01-29 at 7:32 am

    ཨོ། དེ་རེང་ཁ་བརྡ་ཁང་ན་ཁ་བརྡ་བྲོ་བ་ཅན་ཞིག་ཡིས་ཀི་འདུག་ག
    ངོ་ནས་དགའ་ནི་ཞིག་རེད། ཁ་བརྡ་འདི་འདྲ་ནི་ཁ་བརྡ་ཁང་ན་མཐོང་དཀོན་གི་ཡ།
    ཁ་བརྡ་འདི་ནི་དངོས་ནས་ཕྱིར་དྲན་གལ་ཆེན་ཞིག་རེད། ངས་ཀྱང་དེ་དུས་གི་གནས་ཚུལ་ཁ་ཤས་ཁྱེད་ཚོ་དང་འདྲ་བར་གསལ་གསལ་ཐིང་ཐིང་ངང་ཡིད་ལ་དྲན་སོས་གི་འདུག
    གཅིག ཕྱི་བ་གྱོན་པ་དེ་རེད། ཀུན་གཟིགས་མཆོག་ཕ་ཡུལ་ལ་ཕེབས་ཐེངས་གསུམ་པ་དེའི་སྐབས་ལ་རེད། དེའི་ཉིན་མོ་སློབ་ཕྲུག་ཚོས་ཀྱང་བོད་ལྭ་གྱོན་དགོས་པར་འདུག ང་ནི་མི་ཚེ་ནང་གི་ཕྱུ་བ་གྱོན་པ་ཐེངས་དང་པོ་དེ་ཡིན། སློབ་ཕྲུག་ཚང་མས་ལག་ཏུ་དཀར་དམར་སེར་གསུམ་གྱི་ཤོག་བུའི་མེ་ཏོག་འཁོར་ལོ་མ་དང་རིགས་འདྲ་མིན་གྱི་མེ་ཏོག་སྣ་ཚོགས་ལག་ཏུ་བཟུང་ནས་གཞུང་ལམ་གི་ཕྱོགས་གཅིག་ནས་བང་བསྒྲིགས་པ་དང་། མི་མང་རྣམས་ཕྱོགས་གཞན་དེ་ནས་ལག་ཏུ་དྲི་བཟང་དང་གདུག་སྤོས། ཁ་བཏགས་སོགས་འཁྱེར་བཞིན་བང་བསྒྲིགས་ནས་ཕེབས་བསུ་ཞུས་པ་རེད།
    སློབ་ཕྲུག་ཚོས་ལག་ཏུ་མེ་ཏོག་བཟུང་བ་ཙམ་མ་རེད། ཁ་ནས་དགའ་བའི་འབོད་ཚིག་སྒྲོག་བཞིན་བསུ་མ་ཞུས་པ་རེད། འབོད་ཚིག་ག་རེ་བཏོན་པ་རེད་ཟེར་ན་་་འབོད་ཚིག་དེ་ངས་ད་ལྟ་གསལ་བོ་ཡིན་ལ་དྲན་གི་འདུག ཆོས་རྒྱལ་རིན་པོ་ཆེ། །ཁྱེད་སྐུ་བདེ་བར་སྨོན། །ཆོས་རྒྱལ་རིན་པོ་ཆེ། །ཁྱེད་སྐུ་བདེ་བར་སྨོན། །
    འབོད་ཚིག་དེ་ལ་ཚིག་གཉིས་རང་གཉིས་མ་གཏོགས་མི་འདུག་མོད་་་་་ཚིག་དེ་འདོན་དུས་ལག་གི་མེ་ཏོག་གནམ་ལ་བཀྱག་ནས་ལན་གསུམ་རེ་གསུམ་རེ་གཡུག་དགོས་གི་རེད།
    གཉིས རི་འགོར་སིལ་ཏོག་འཐུ་བར་སོང་བ་དེ་རེད། ཉིན་ཤས་རྗེས་༧ཀུན་གཟིགས་མཆོག་སློབ་གྲྭ་ལ་ཕེབས་རྒྱུ་རེད་ཟེར། ཞོ་བྲང་གིས་ང་དང་སློབ་ཕྲུག་གཞན་བཅས་རི་འགོར་སིལ་ཏོག་འཐུ་བར་བཏང་སོང་། ང་ཚོས་ཨ་ནེ་ནགས་གི་ཤིག་ཏོག་རིགས་མི་འདྲ་བ་འཁོར་ལོ་གང་རེ་བཏུས་ནས་སློབ་གྲྭར་འཁུར་ཡོང་བ་ཡིན། སང་ཉིན་དེར་༧ཀུན་གཟིགས་མཆོག་སློབ་གྲྭར་ཕེབས་པ་དང་མཛད་སྟོན་གི་སྐབས་སུ་སྡེར་ཁར་བསྒྲིགས་པ་རེད། ལོ་དེ་ནི་ཕལ་ཆེར་༧ཀུན་གཟིགས་ཚང་ཕ་ཡུལ་ལ་ཕེབས་ཐེངས་ཐ་མ་དེའང་ཆགས་པ་རེད། ཕྱི་ལོ་དེར་ང་ཚོའི་མགོ་ཐོག་ལ་རྐྱེན་ངན་དེ་འདྲ་ཞིག་བྱུང་བ་རེད། ལོ་འདྲ་ཞིག་སོང་ན་ཡང་ང་ཚོས་ཁོང་གི་མཛད་རྗེས་ཉིན་མ་གཅིག་ལ་ཡང་བརྗེད་ན་རུང་གི་མ་རེད། མཆོད་ཤོམས་ནང་གི་༧སྐུ་པར་མཇལ་ཐེངས་རེར་༧ཁོང་ཡིད་ལ་ལྷམ་མེར་་་་་་་་་་་་་་་

  22. མེ་ཏོག་དཀར་པོ། says:
    2011-01-29 at 12:14 pm

    རྡོ་རྗེ་དབང་ཕྱུག་ལགས་ལ་སྙིང་ནས་ཐུགས་རྗེ་ཆེ་ཞུ། དུས་སྐབས་མང་པོ་ཞིག་ནས་ཁ་བརྡ་འདིར་བློ་ལ་འཐད་པའི་རྩོམ་ཞིག་ལ་ལོངས་སུ་སྤྱོད་རྒྱུའི་གོ་སྐབས་གནང་བྱུང། རྩོམ་འདི་བཀླགས་གིན་བཀླགས་གིན་མང་པོ་ངུས་ཡིན། དངོས་ནས་ཁོང་དྲན་གི་འདུག སྙིང་ནས་དྲན་གི་འདུག
    སྐུ་ཞབས་ཀླུ་གཙོས་ཁྱེད་རྣམས་ངོ་མ་བསོད་ནམས་ཅན་རེད་འདུག སྐྱེས་བུ་དམ་པ་ཁོང་གི་ཞལ་མཇལ་ཞིང་གསུང་ཐོས་འདུག ང་ལ་མཚོན་ན་དམ་པ་ཁོང་གི་སྐུ་པར་དང་ ༨༠ ནང་ལྷ་ས་ཕྱོགས་སུ་ཕེབས་པའི་བརྙན་ཕྲིན་མཇལ་བ་ཙམ་ཡིན། བརྙན་ཕྲིན་དེར་ངའི་དོ་སྣང་ཞིག་བྱུང་བ་ནི་ལྷ་ས་ནས་ཕྱིར་པེ་ཅིང་ལ་ཕེབས་རྒྱུའི་གནམ་གྲུའི་སྒོ་ནས་མི་མང་ལ་ཕྱིར་གཟིགས་ཏེ་ཕྱག་གཉིས་གཡུག་གཡུག་གནང་བ་དང་། དམིགས་བསལ་རང་གི་ཕྱག་གཉིས་དམ་པོར་བསྡམས་ཏེ་མི་མང་ལ་ཡང་ཡང་བརྡ་སྟོན་གནང་སོང་བ་དེ་ནི་བོད་མི་ཚང་མ་ཆིག་སྒྲིལ་བྱོས་གསུངས་པའི་བརྡ་རེད་སྙམ། གང་ལྟར་ཁོང་ལ་བཅོས་མིན་གྱིས་དད་འདུན་ཤུགས་དྲག་ཡོད། ལྷག་པར་ཁོང་གིས་བོད་དང་བོད་མི་རིགས་ལ་བཅངས་པའི་བརྩེ་
    གདུང་དང་ལ་རྒྱ་ལ་བསམ་ན་བོད་པ་ཡིན་ནོ་ཅོག་གིས་ཁོང་གི་མཛད་རྗེས་དུས་ནམ་ཡང་བརྗེད་ཐབས་མེད་པ་ཞིག་རེད། ཁོང་ནི་སྒང་པ་བོད་པའི་བླ་མ་རེད་ལ་རྒྱལ་གཅེས་ཀྱི་དཔའ་བོ་ཞིག་ཀྱང་རེད། ས་ཡ་དྲུག་པོ་གཅིག་ཏུ་སྒྲིལ་བའི་ཐག་པ་རེད་ལ་ཁ་བ་རི་པའི་ལོ་རྒྱུས་ནང་ནི་ཉི་མ་ཞིག་ཀྱང་རེད། དམ་པ་ཁོང་གི་དགོངས་བཞེད་རྒྱལ་གྱུར་ཅིག
    སླར་ཡང་རྡོ་རྗེ་དབང་ཕྱུག་ལ་ཐུགས་རྗེ་ཆེ་ཞུ།

  23. འོད་ཡུག་པ། says:
    2011-01-29 at 9:33 pm

    དྲ་གྲོགས་མང་པོ་ཞིག་ནས་ཀུན་གཟིགས་མཆོག་དགོངས་པ་རྫོགས་སྟངས་ལ་དོགས་པ་བྱེད་བཞིན་པར་ཐུགས་་ཁག་མེད། གལ་སྲིད་ཀུན་གཟིགས་མཆོག་དགོངས་པ་མ་རྫོགས་ན་ཝུ་ཅིང་ཐོའུ་སྲིད་འཛིན་ཆགས་སྲིད་དམ།
    གཤན་པ་དམར་པོ་དེ

    ཏ

  24. འོད་ཡུག་པ། says:
    2011-01-29 at 9:45 pm

    མེ་ཏོག་དཀར་པོ་ལགས་ངས་ཀུན་གཟིགས་མཆོག་དྲན་ནས་ཉིན་ལྟར་ངུས་ནས་བསྡོད་ཀྱི་ཡོད།
    དངོས་གནས་ང་སྨྱོ་འདུག ཀུན་གཟིགས་མཆོག་དགོངས་པ་རྫོགས་པའི་ཉིན་མོ་དེ་ནས་ང་སྨྱོན་པ་ཆགས་སོང་།་
    ངས་ཉི་ལྟར་ཆང་གཏུང་བཞིན་དུ་ཁོང་གི་མཚན་འབོད་ཀྱི་ཡོད། ཁོང་བོད་མི་མང་ལ་ཞེན་པ་དེ་འདྲ་གང་འདྲ་རེད། ཁོང་གང་དུ་ཡོད་དམ་དེ་ཚོ་ངས་ཤེས་ཀྱི་མེད། གང་ལྟར་ཡང་ཁོང་མེད་པའི་ཉི་མོ་དེ་ནས་ཁ་བ་གངས་ཅན་གྱོན་གུན་ཆེན་པོ་ཞིག་འཕོགས་པ་ངས་ཤེས་ཀྱི་ཡོད།

  25. རྩམ་དགའ། says:
    2011-01-29 at 10:43 pm

    བོད་མི་དམངས་ཀྱི་སེམས་ཁུང་ན་ཡལ་མི་ཐུབ་པའི་༧སྐུ་གཟིགས་པཎ་ཆེན་མཆོག་གི་གསེར་ཞལ་ལ་ཐེངས་གཅིག་མཇལ་མྱོང་བ་ངོ་མས་བསོད་རྣམས་རེད་བསམ་གི་ཡོད། ཡིན་ནའང་ཁོང་གིས་དབུས་གཙང་གི་སྐད་ཐོག་ཡིན་ན་་འབྲོག་སྐད་ཡིན་ན་ཞིག་གི་ཐོག་ནས་་བཀའ་སློབ་མང་བོ་མང་བོ་ཕེབས་གནང་ཡང་་་་་་ང་ཚོ་ཡུལ་མི་གྲོང་གསེབ་ལས་ངན་ཚོས་གོ་གི་མི་འདུག ད་དུང་ཡང་ཁོང་གི་ཕྱག་ལག་དྲོན་པོས་མཇལ་ཁ་གནང་བ་དྲན་གི་འདུག སྲུང་ཐག་དམར་བོ་རེ་མཇལ་ཞུ་བ་རེ་རེར་གནང་གི་འདུག་པ་དེ་ཡང་ད་དུང་བརྗེད་མི་ཐུབ། ཁོང་གི་སྐུ་ལུས་རྒྱག་པ་དང་རིང་བོ་ཞིག་ཡིན་པའི་སྣང་བ་དེ་ཡང་ད་དུང་དྲན་གྱིན་འདུག འདི་ཙམ་ལས་གཞན་རིན་པོ་ཆེའི་གསེར་ཞལ་འདི་འདྲ་ཞིན་ཡིན་དྲན་གྱིན་མི་འདུག
    གང་ལྟར་ཡང་བོད་མི་དམངས་དང་་་་་སྐད་ཡིག་སྲུང་སྐྱོབས་ཐུབ་ཙམ་བྱུང་བ་འདི་ཡང་ཁོང་གི་སྐུ་དྲིན་ཡིན་པ་ནམ་ཡང་བརྗེད་མི་ཉན།

  26. གཙང་རིགས says:
    2011-01-30 at 12:29 am

    དེ་རིང་དངོས་གནས་དགའ་སྐྱོའི་ཚོར་སྣང་སྟེར་བས་རྩོམ་དང་ཁ་བརྡ་ཡག་པོ་ཞིག་ལ་རོལ་ཐུབ་སོང་།
    མུ་མཐུད་དུ་དེ་འདྲ་རེ་གླེང་རོགས་ཞུ།  ཐུགས་རྗེ་ཆེ།

  27. འོད་ཡུག་པ། says:
    2011-01-30 at 10:37 pm

    སྲས་མོ་རིགས་འཛིན་དབང་མོ་ཨ་རིའི་རྒྱལ་སའི་མཐོ་སློབ་གཅིག་ཏུ་མཇལ་མྱོང་ཡོད། ཕལ་ཆེར་༢༠༠༢་ལ་ཡིན་པ་ཡོད། ང་ཚོ་མི་ཁ་ཤས་ཡོད། དེ་དུས་ཁོང་བོད་པའི་ཕྱུག་པ་ཞིག་མཆོད་འདུག །ཁོང་གིས་ང་ཚོར་ཀུན་གཟིགས་མཆོག་གིས་སྐུ་གདུང་མཆོད་ཤང་ཤར་བཀྲ་ཤིས་རྣམ་རྒྱལ་ཆེན་པོ་དབུ་འབྱེད་མཛད་སྒོའི་སྐོར་གྱི་ལོ་རྒྱུས་ཀྱི་དེབ་རེ་གནང་སོང་། ཁོང་གི་དབུ་ཐོད་དེ་མཇལ་དུས་ཀུན་གཟིགས་མཆོག་གི་དབུ་ཐོད་འདྲ་བོ་འདུག་དེ་དུས་ང་ནི་ཀུན་གཟིགས་མཇལ་བ་འདྲ་བའི་ཚོར་སྣང་ཞིག་གི་ཐོག་ནས་ངུ་མང་པོ་ཤོར་སོང་། སྲས་མོ་ཁོང་ཡང་ཤུམས་ཀྱི་འདུག ངས་ཚིག་ཐོན་ལ་མ་ཐོན་གྱི་ཐོག་ནས་ཁྱེད་རང་ཀུན་གཟིགས་མཆོག་གི་སྲས་མོ་རེད། ངའི་རེ་བ་ལ་ཀུན་གཟིགས་མཆོག་གི་མཛད་རྗེས་ལ་ཐུགས་ཞིབ་གནང་ནས་དེ་སྐོར་ལ་ཁྱོད་རང་ནས་དེབ་གཅིག་བྲི་ཐུབ་པའི་རེ་བ་ཞེས་ཞུས་པ་ཡིན།

  28. རྩམ་དགའ། says:
    2011-01-31 at 5:21 pm

    འོ་རེད་་་་་ང་ཡང་ཁོང་གི་སྲས་མོ་རིགས་འཛིན་དབང་མོར་ཐེངས་མ་གཅིག་ལ་མཇལ་མྱོང་ཡོད། ཕལ་ཆེར་གཉིས་སྟོང་བཞི་ལྔ་ཞིག་གི་ནང་ཡིན་ས་ཡོད། ང་ཚོ་མཉམ་གཅིག་ཉིན་གང་ཁ་བརྡ་བྱས་ནས་བསྡད་པ་ཡིན། མོ་རང་གི་ སྐད་ཆ་བཤད་སྟངས་དང་ཁ་ལག་ཟ་སྟངས་འདུག་སྟངས་བཅས་སྣང་བ་འགྲོ་སེར་འདུག བུ་མོ་ཉམ་ཆུང་ལ་རྒྱལ་ཅན་ཕ་ཤུལ་འཛིན་མཁན་ཞིག་ ཡོང་ས་རེད་བསམ་ནས་དགའ་བོ་ཡང་བྱུང་། མོས་ངའི་ཕ་ལགས་ཀྱིས་ནམ་རྒྱུན་རྩམ་པ་མཆོད་ཀི་རེད་མོད་་་ང་དང་ཨ་མ་ལགས་རྩམ་པ་དེ་ཙམ་རང་དགའ་རྒྱུ་མེད་ཟེར། ཕ་ལགས་ཀྱིས་རྩམ་པ་མཆོད་དུས་ངར་ཏོག་ཙམ་ཨུ་ཚུགས་ཀྱིས་ཟ་རུ་བཅུགས་ཀིན་རེད་ཟེར། བོད་ཙམ་ཟོ་་་བོད་ཆས་གོན་དགོས་ནི་རེད་ཟེར་ཞོར་་་་་དེང་སང་བོད་རིགས་ན་གཞོན་ཚོས་བོད་ཆས་དང་རྩམ་པ་མཆོད་རྒྱུ་དེ་ཙམ་དགའ་བོ་གནང་གི་མི་འདུག་ཟེར་ནས་བཀའ་བཀྱོན་གནང་མྱོང་ཟེར།
    སྐད་ཆ་བཤད་ཞོར་མོ་རང་ངུས་བྱུང་། ངས་མོ་རང་ལ་ད་མ་ངུ་ཟེར་བཞིན་ང་ཡང་མིག་ཆུ་རྡོག་འགའ་ཤོར་བྱུང་།

  29. དགའ་ལྡན། says:
    2011-02-01 at 8:53 am

    འོ་རེད་སྲས་མོ་རིག་འཛིན་དབང་མོ་ལགས་དེ་སྔོན་ངས་ཨ་རི་ནས་ཐོག་མ་མཇལ་མྱོང་དངོས་གནས་ཁོང་ཀུན་གཟིགས་མཆོག་འདྲ་བ་ལ།

  30. བསེ་རུ་ says:
    2011-02-02 at 10:14 am

    ང་ཡང་ཕྱིར་དྲན་ཞིག་བྱེད་དུ་བཅུག་བྱུང་།
    ང་རང་ཡང་ཆུང་དུས་སློབ་གྲྭར་འགྲིམས་སྐབས་ལུང་པའི་མི་རྣམས་ལ་པཎ་ཆེན་རིན་པོ་ཆེ་དངོས་སུ་ཞལ་མཇལ་བྱུང་མེད་ནའང་། གཞུང་ལམ་སྟེང་ནས་པཎ་ཆེན་རིན་པོ་ཆེའི་སྲུང་མདུད་ཆག་པ་ཁ་ཤས་ལག་གསོན་བྱུང་སྟེ། ཡུལ་མི་མང་པོ་ཞིག་ལ་འདོགས་རྒྱུ་བྱུང་བ་དེ་རེད།

    ང་རང་ལ་སློབ་ཆུང་སྐབས་མཚན་དཀྱིལ་ལ་སློབ་མ་རྣམས་གོང་དཀར་ཆོས་སྡེ་ཞེས་པའི་དགོན་པའི་ཕྱི་ལོགས་སུ་རུ་སྟར་བསྒྲིགས་ཏེ་པཎ་ཆེན་རིན་པོ་ཆེ་མཇལ་བར་ཁྲིད། འོན་ཀྱང་། མཚན་མོའི་སྨག་རུམ་ཁྲོད་ས་བཞུ་ཞེས་པའི་བཞུ་མར་གྱི་འོད་མདངས་ཀྱི་དབུས་ནས་ཀུན་གཟིགས་མཆོག་རྒྱང་མཇལ་ཙམ་ཐོབ་ཙམ་བྱུང་།

    དེ་རྗེས་ལྷ་ལྡན་གཙུག་ལག་ཁང་དུ་ཁོང་གིས་དད་ལྡན་མི་མང་ལ་གོས་ཆེན་གྱི་ཕྱུ་པ་སེར་པོ་དེ་མཆོད་དེ་མཇལ་ཁ་སྩོལ་སྐབས་མཇལ་ཁ་ཞུས་པ་ཙམ་མ་ཟད། ཕྱག་དབང་དང་སྲུང་མདུད་ཀྱང་རག དེ་ནི་ངའི་སེམས་ནང་བརྗེད་ཐབས་མེད་པའི་ཉིན་མོ་ཞིག་ཏུ་གྱུར།།

  31. ཆབ་བྲག་ལྷ་མོ་སྐྱབས། says:
    2012-04-23 at 5:33 pm

    ཚང་མར་ཕྱིར་དྲན་ཞིག་དང་བསམ་གཞིགས་རེའམ་ཚོར་སྣང་རེ་བསླངས་པ་འདི་འདྲ་ལ་རྩོམ་ཡིག་གི་རིན་ཐང་ངམ་ཕན་ནུས་ཟེར་ཆོག རྩོམ་ཡིག་དོན་སྙིང་ཅན་རྣམས་རང་གི་དྲ་ངོས་འདིར་ཡང་ཉར་གིན་ཡོད།
    http://www.chapdaklhamokyab.fr/%E0%BD%91-%E0%BD%A2-%E0%BD%84-%E0%BD%82-%E0%BD%A6-%E0%BD%96-%E0%BD%84/%E0%BD%82%E0%BD%9E%E0%BD%93-%E0%BD%A2-%E0%BD%98-%E0%BD%A3-%E0%BD%82%E0%BD%A6-%E0%BD%96%E0%BD%91%E0%BD%98%E0%BD%A6/

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme