Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནུབ་ཕྱོགས་ལྟ་གྲུབ་དང་ཚན་རིག་གི་གཞི་རྩའི་ཁྱད་པར་གླེང་སློང་ཙམ་བྱས་པ་མཛུབ་མོའི་རི་སྟོན།

Posted on 2013-08-22 By ཁ་བརྡ་ 15 Comments on ནུབ་ཕྱོགས་ལྟ་གྲུབ་དང་ཚན་རིག་གི་གཞི་རྩའི་ཁྱད་པར་གླེང་སློང་ཙམ་བྱས་པ་མཛུབ་མོའི་རི་སྟོན།

རིག་གྲུབ།

དེང་སྐབས་སྐྱེས་བོ་ཕལ་ཆེ་བའི་གཏམ་གྱི་གཞིར་འགྱུར་པ་ནི། ཚན་རིག་ཡིན་པ་དང་དེ་དང་མཐུན་པའི་གཏམ་བྱེད་པར་འབད་པ་། དེ་དང་མཐུན་ན་ཚད་མའམ་ཡང་དག ཐུན་མོང་གི་འཇུག་སྒོ་ལྟ་བུར་འདོད་ཅིང། སྲོལ་རྒྱུན་པར་རློམ་མཁན་ཚོས་ཀྱང་རང་རང་གི་སྲོལ་ལུགས་ཚན་རིག་དང་མཐུན་ཚུལ་གྱི་བཤད་པ་བྱེད། མཁས་པ་དང་བླུན་པོ། མི་ཆེ་མི་ཆུང་ཀུན་གྱིས་ཚན་རིག་ཅེས་པ་དོན་དངོས་ཐོག་ཅི་ཞིག་ཡིན་དང། དེའི་བྱ་བྱེད་ལས་གསུམ་གང་ཡིན་རང་བློར་གསལ་ཁ་གང་ཡང་མེད་རུང། ཚན་རིག་དང་ཚན་རིག་དང་མཐུན་པའི་གཏམ་ཞེས་སྒྲོག་བཞིན་བློས་ཡུལ་ལ་བླང་དོར་འཇུག་ལྡོག་བྱེད།

རང་རིགས་ཁྲོད་དུའང་ནང་ཆོས་ཚན་རིག་དང་མཐུན་ཚུལ་དང། ལྷག་པར་བོད་བརྒྱུད་ནང་བསྟན་ཚན་རིག་དང་མཐུན་པའི་གཏམ་ཡིན་པར་ཁུངས་ལུང་ཡོད་རྒུ་བཏོན་ནས་བཤད་ཐབས་བྱེད་ཀྱི་ཡོད། བཤད་ཚུལ་འདི་ལའང་བཤད་སྟངས་གཉིས་ཏེ། རིགས་གཅིག་གིས་ནང་ཆོས་ཕར་ཚན་རིག་དང་མཐུན་པ་ཡིན་ཚུལ་འགྲེལ། ཅིག་ཤོས་ཀྱིས་ཚན་རིག་ཚུར་ནང་ཆོས་དང་མཐུན་གྱི་ཡོད་ཟེར། བཤད་སྟངས་དང་པོའི་ཤུགས་སུ་ཚན་རིག་དབང་ཐང་ཆེ་བ་ཡིན་པར་གོ་འགྲོ་དོགས་ཀྱིས། བཤད་སྟངས་གཉིས་པ་འདི་བྱས་དང་བྱེད་བཞིན་ཡོད། ནང་ཆོས་ཕར་ཚུར་ཚན་རིག་དང་མཐུན་ཚུལ་ཇི་ལྟར་འགྲེལ་རུང། འདི་གཉིས་ཀྱི་བསམ་བློ་འཁོར་སྟངས་གཅིག་ཡིན་པར་འདོད། དེ་ནི་ཚན་རིག་དང་མཐུན་པ་ཞེས་པ་དེ་རེད།

ཉེ་རབས་ནས་མཁས་བླུན་མང་པོ་ཞིག་གིས་ཤཀྱཱ་ཐུབ་པའི་ལྟ་གྲུབ་དང་ཚན་རིག་བར་གླེང་སློང་མངས་སུ་བྱས་དང་བྱེད་བཞིན་ཡོད། གླེང་གཞི་འདི་དང་འབྲེལ་ནས་དཔྱད་གཏམ་ཀྱང་མི་ཉུང་པ་ཞིག་ལྟ་ཀློགས་བྱེད་རྒྱུ་བྱུང་བའི་མྱོངས་སྣང་ཞིག་ཏུ་མེད་པ་གཅིག་ནི། ཚན་རིག་དང་ལྟ་གྲུབ་དབར་གྱི་གཞི་རྩའི་ཁྱད་པར་དག་ལ་ཤེས་རྟོགས་དགོས་གལ་ཆེ་བ་མཐོང། དེ་མིན་གང་གཏམ་དུ་བྱས་ཀྱང་སྦོམ་བཤད་ཙམ་སྟེ། ཤིང་སྡོང་གཉིས་ཀྱི་སྡོང་བུ་དང། ཡལ་ག་དང། ལོ་མ་སོགས་ཀྱི་ཕྲ་སྤོམ་དང་རིང་ཐུང། ཆེ་ཆུང་དང་བཟང་ཞན། ཁ་མདོག་བཀྲ་ཆེ་ཆུང་སོགས་ཕྱིའི་སྣང་བ་རགས་པ་འགྲེལ་བརྗོད་བྱས་པ་ལྟ་བུ་ཞིག་མ་གཏོགས། ཤིང་སྡོང་གི་རྩ་བ་ས་འོག་ཏུ་ཇི་ཙམ་གྱེས་ཤིང་སྤེལ་ཡོད་པ་དང། ཤིང་སྡོང་ག་འདྲ་ཞིག་ཡིན་ཡང་ཚེ་སྲོག་རིང་ཐུང་ཀྱང་རྩ་བར་ཐུགས་ཡོད་པ་སོགས་ལ་རྒྱུས་ལེན་མེད་པ་ལྟ་བུ་ཞིག་ཆགས་ཀྱི་ཡོད།

དེ་ན་ནང་བསྟན་ལྟ་གྲུབ་དང་ཚན་རིག་གཉིས་ཀྱི་གཏམ་སྣ་ཚོགས་མ་བྱས་པའི་སྔོན་དུ། ནུབ་ཕྱོགས་པ་ཚོས་ནུབ་ཕྱོགས་ལྟ་གྲུབ་དང་ཚན་རིག་གཉིས་ཀྱི་ཁྱད་པར་ཇི་ལྟར་བྱེད་ཀྱི་ཡོད་པར་རྒྱུས་ལེན་ཕྲན་བུ་བྱེད་ཐུབ་ཚེ། རང་ཅག་གིས་རང་སྡེའི་ལྟ་གྲུབ་དང་རིག་གནས་དག་དང་ཚན་རིག་དབར་ཞིབ་བསྡུར་བྱེད་སྐབས་འཛིན་མཚམས་ཤིག་དང་བྱེད་ལུགས་ཤིག་ངེས་ནས་འཇུག་ཐུབ་སྙམ་མོ།།

འདིར་གླེང་པར་བྱ་བའི་བརྗོད་བྱ་དངོས་ནི། ནུབ་ཕྱོགས་ལྟ་གྲུབ་དང་ཚན་རིག་གི་གཞི་རྩའི་ཁྱད་པར་གླེང་སློང་ཙམ་བྱ་ན། ཐོག་མར་འདིར་ནུབ་ཕྱོགས་ལྟ་གྲུབ་ཀྱི་དབྱིན་སྐད་སྐད་དོད་ནི་Philosophyཞེས་བརྗོད། ཐ་སྙད་འདི་བོད་སྐད་ནང་ནུབ་ཕྱོགས་མཚན་ཉིད་རིག་པ་དང་ནུབ་ཕྱོགས་གྲུབ་མཐའ་སོགས་བཀོལ་སྤྱོད་བྱེད་མོད། འདིར་ནུབ་ཕྱོགས་ལྟ་གྲུབ་ཅེས་ བཀོད་ཡོད། བརྡ་ཆད་(Philosophy)ཞེས་པ་ནི་གྷེརིག་ཚིག་(phileo)ཞེས་པ་དགའ་བའམ་འགྲོགས་པ་དང། (sophia)ཞེས་པ་ཤེས་རབ་ཀྱི་དོན་ཅན་ཏེ་དེ་གཉིས་འདུས་པ་ལས་(the love of wisdom)སྟེ་ཤེས་རབ་ལ་དགའ་པའམ་ཤེས་རབ་ཀྱི་གྲོགས་ཞེས་པ་ལྟ་བུའི་དོན་ནོ།། གྷི་རི་སིའི་སློབ་དཔོན་སོག་རེ་ཊི་(469-399.B.C.)ཡིས་བརྡ་ཆད་(Philosophy)ཞེས་པ་ཤེས་རབ་དོན་གཉེར་དང་གོ་དོན་གཅིག་ཏུ་བཀོལ་སྤྱོད་གནང་ཡོད། འདི་ནི་དབྱིན་སྐད་བརྡ་ཆད་(Philosophy)ཞེས་པའི་ཚིག་གྲུབ་ཚུལ་ཙམ་ཞིག་རེད། 
ནུབ་ཕྱོགས་ལྟ་གྲུབ་སྨྲ་བ་གྷི་རི་སིའི་སློབ་དཔོན་པེ་ལེ་ཊོ་(427-347.B.C.)ཡིས་ལྟ་གྲུབ་ལ་(Dear delight)‘བརྩེ་བའི་བདེ་སྐྱིད་ལགས’ཞེས་བོད་ཀྱི་ཡོད། དེ་ན་ལྟ་གྲུབ་ཅེས་པ་ནི། ཡོད་པ་དང་དངོས་པོའི་གཤིས་ལུགས་ངོ་མཚར་ཅན་ཤེས་འདོད་ཀྱི་བློས་འཇུག་པ་དང། དེས་དངོས་པོའི་གནས་ལུགས་དང་གནས་ཚུལ་ལ་རྟོག་དཔྱོད་བྱེད་ཅིང་མི་ཚེའི་རིན་ཐང་དང་གལ་གནད་ཅི་ཡིན་འཚོལ་སྙེག་བྱེད། 
གཞན་ཡང་དེས་འགྲོ་བ་མི་དང་རང་བྱུང་ཁམས། མི་བུ་སྒེར་དང་སྤྱི་ཚོགས་དབར་འབྲེལ་བ་ཅི་ཡོད་ཀྱི་ཐད་བརྟག་ཞིབ་བྱེད། ལྟ་གྲུབ་ནི་ཐེ་ཚོམ་དང་དོན་གཉེར། ཤེས་འདོད་བཅས་ལས་བྱུང་གི་ཡོད། དེར་བརྟེན་ལྟ་གྲུབ་ནི། འཚོལ་ཞིབ་རང་བཞིན་སྟེ། བརྟག་དཔྱད། དགག་བཞག  འགྲེལ་བརྗོད། འཆར་སྒོ་བཅས་བྱེད་པའི་རྒྱུད་རིམ་ཞིག་ལ་ཟེར། འདིར་ཤེས་དགོས་པ་ཞིག་ནི། ནུབ་ཕྱོགས་ལྟ་གྲུབ་ནང་དད་པ་དང་ཐར་པ། ཐམས་ཅད་མཁྱེན་པ་ཞེས་སོགས་འབྲེལ་པ་རྩ་བ་ནས་ཆགས་ཀྱི་མེད། རྒྱུ་མཚན་ནི། ནུབ་ཕྱོགས་ལྟ་གྲུབ་དང་ཆོས་ལུགས་གཉིས་ཕན་ཚུན་ཤ་སོ་སོ་དང་གྲི་ཁག་ཁག་རེད།

ནུབ་ཕྱོགས་ལྟ་གྲུབ་ལ་སློབ་གཉེར་བྱེད་སྐབས་སློབ་གཞི་ཆེ་བ་ལྔ་དང་ཆུང་མང་དུ་ཡོད། དེ་དག་ལས་སློབ་གཞི་ཆེ་བ་ལྔ་ནི།

1.  གཏན་ཚིགས་རིག་པ།(Logic)
2.  མཛེས་ཆོས་རིག་པ།(Esthetics)
3.  ཀུན་སྤྱོད་རིག་པ།(Ethics)
4.  ཆབ་སྲིད་རིག་པ།(Politics)
5.  དངོས་ཁམས་དཔྱད་རིག(Metaphyiscs)

དང་པོ་གཏན་ཚིགས་རིག་པ་ནི། ཡུལ་དང་ཡུལ་ཅན་ཤེས་རྟོགས་ཀྱི་ཐབས་ཚུལ་ཡང་དག་ཅིག་ཏེ། ཕྱི་ཡུལ་ལ་ཞིབ་རྟོགས་དང་ནང་ཡུལ་ཅན་ལ་བྱ་ར་བྱེད་པ། མངོན་སུམ་དང་རྗེས་དཔག དབྱེ་ཞིབ་དང་ཕྱོགས་བསྡུས་བཅས་ཀྱི་ཐོག་ནས་བློ་དང་ཆོས་ཀྱི་གཤིས་ལུགས་ཤེས་རྟོགས་ཐུབ་པའི་ཐབས་ཚུལ་ཁྱད་འཕགས་པ་ཞིག་ཡིན།

གཉིས་པ་མཛེས་ཆོས་རིག་པ་ནི། ཆོས་ཀྱི་མཛེས་སྡུག་གམ་དབྱིབས་ཁྱད་འཕགས་པར་དཔྱད་ཐབས་ཤིག་ཏེ་སྒྱུ་རྩལ་རིག་པའི་ལྟ་གྲུབ་ཅེས་ཀྱང་བརྗོད།

གསུམ་པ་ཀུན་སྤྱོད་རིག་པ་ནི། མི་གཤིས་ལ་སློབ་སྦྱོང་བྱེད་ཐབས་ཤིག་ལ་ཟེར། ཀུན་སྤྱོད་རིག་པ་སྟེ་བཟང་ངན་གྱི་བླང་དོར་རྣམ་གཞག་གོ། འདི་ནི་སློབ་དཔོན་སོག་རེ་ཊི་ཡིས་ཤེས་ཡོན་སློབ་གསོ་གནས་བབ་མཐོ་ཤོས་དེ་ཡིན་པ་བཞེད་ཀྱི་ཡོད།

བཞི་པ་ཆབ་སྲིད་རིག་པ་ནི། སྒྲིག་འཛུགས་རིང་ལུགས་སྣ་ཚོགས་དང་འབྲེལ་བའི་སྐོར་གྱི་སློབ་སྦྱོང་ཞིག་ལ་ཟེར། དཔེར་ན། རྒྱལ་པོའི་རིང་ལུགས། སྐུ་དྲག་རིང་ལུགས། མང་གཙོའི་རིང་ལུགས། སྤྱི་ཚོགས་རིང་ལུགས། སྲིིད་གཞུང་མེད་པའི་སྤྱི་ཞེན་རིང་ལུགས། མོ་ཆོས་རིང་ལུགས་སོགས་བསླབ་གཞིར་ཚུད་ཡོད།

ལྔ་པ་དངོས་ཁམས་དཔྱད་རིག་ནི། འདི་ནི་ནུབ་ཕྱོགས་རིག་གནས་ཁྲོད་ཆེས་མགོ་རྙོག་ཅན་ཞིག་ལ་ངོས་འཛིན་བྱེད་པ་དང་མཁས་པ་ཚོས་ཀྱང་འགྲེལ་བརྗོད་སྣ་ཚོགས་གནང་ཡོད། དེ་ལྟར་ཆགས་དོན་ནི་བརྡ་དོན་ལ་རྨོངས་པས་མིན་པར་བརྡ་དང་དོན་ལས་དོན་གྱི་གནས་ལུགས་རྒྱུས་ལེན་བྱེད་པར་སྟབས་བདེ་ཞིག་མེད་པས་རེད། སྤྱིར་ན་དབྱིན་སྐད་Metaphyicsཞེས་པའི་སྐད་དོད་གྷི་རིག་ཚིག་(ta meta physika biblia)ཞེས་པ་དང་དོན་ནི་ ‘དངོས་ཁམས་རིག་པའི་དེབ་ལ་འཇུག་པའི་དཔེ་དེབ་’ ཅེས་པའོ།། དེ་ནི་སློབ་དཔོན་ཨ་རི་སི་ཊོ་ཊལ་གྱིས་མཛད་པའི་དེབ་ཅིག་ཡིན་པར་འདོད། དངོས་ཁམས་དཔྱད་རིག་ནི་བེམ་ཤེས་ཀྱི་ངོ་བོ་དང་གྲུབ་ཆ། མཐར་ཐུག་རང་བཞིན་དང་དེ་གཉིས་དབར་གྱིི་འབྲེལ་པ་བཅས་ལ་དཔྱོད་པའི་ཐབས་ཚུལ་མ་ལགས་ཤིག་ལ་གོ། འདིར་ཤེས་དགོས་པ་ཞིག་ནི་ནུབ་ཕྱོགས་ལྟ་གྲུབ་ནང་ས་ལམ་གྱི་རྣམ་གཞག་རིམ་པ་བརྒྱུད་པའི་སྤེལ་རིམ་ལྟར་དངོས་པོའི་གནས་ལུགས་ལ་འཇུག་པའི་བློའི་གནས་ཚད་མི་འདྲ་བའི་རྣམ་གཞག་བྱེད་ཀྱི་མེད།

ཚན་རིག་ནི། དབྱིན་སྐད་བརྡ་ཆད་Scienceཞེས་པའི་ཚིག་གི་རྩ་བའི་འབྱུང་ཁུངས་ནི་ལེ་ཊིན་ཚིག་(scientia)སྟེ་ཤེས་བྱ་ཞེས་པའི་དོན་ལ་འཇུག་གོ། ནུབ་ཕྱོགས་རིག་གནས་ཁྲོད་དུ་ཚན་རིག་ཅེས་པའི་བརྡ་ཆད་ཀྱི་གོ་དོན་དུས་སྐབས་རིམ་པའི་ནང་མི་འདྲ་བ་སྣ་ཚོགས་བྱུང་བ་ལས་བཞི་ཙམ་ཞིག་བཀོད་ན།

1. གནའ་རབས་གྷི་རི་སིའི་སློབ་དཔོན་ཨ་རི་སི་ཊོ་ཊལ་(384-322.B.C.)གྱིས་ཚན་རིག་ཞེས་པ་ནི་རྒྱུ་མཚན་ལྡན་པའི་ཤེས་བྱའི་ཕུང་པོའམ་ཤེས་བྱ་གང་ཞིག་རྒྱུ་མཚན་དང་རིགས་པས་འགྲེལ་བརྗོད་བྱེད་རྒྱུ་ཡོད་པ་ཞིག་ལ་བརྗོད། ཁོང་གིས་ཚན་རིག་ནི་ཤེས་བྱ་ཞིག་ལ་ངོས་འཛིན་གནང་ཡོད། སྲོལ་རྒྱུན་གྱི་བཤད་ཚུལ་ནང་ཚན་རིག་ནི་ཤེས་བྱའི་རིགས་ཤིག་ཏེ་ལྟ་གྲུབ་དང་འབྲེལ་པ་ཞིག་ཆགས་ཡོད།

2. དེང་རབས་གསར་པའི་མགོ་སྟོད་ནང་ཚན་རིག་དང་ལྟ་གྲུབ་ཞེས་པའི་བརྡ་ཆད་གཉིས་ཕན་ཚུན་དོན་གཅིག་མིང་གི་རྣམ་གྲངས་ལྟ་བུར་བཀོལ་ཡོད། དཔེར་ན། དུས་རབས་བཅུ་བདུན་ནང་རང་བྱུང་ལྟ་གྲུབ་(natural philosophy)ཞེས་པ་དེང་སྐབས་རང་འབྱུང་ཚན་རིག་ཅེས་བོད་ཀྱི་ཡོད་པ་དང། དེ་ཉིད་ལྟ་གྲུབ་ཀྱི་ནང་གསེས་དབྱེ་བ་ཞིག་ལ་འཇོག་གི་ཡོད།

3. སྒྲ་ཡང་པའི་འཇུག་པ་ནི་བརྗོད་གཞི་གང་ཡང་རུང་པའི་སྐོར་ཤེས་རྟོགས་བྱེད་པ་ལ་གོ། དཔེར་ན་དཔེ་མཛོད་ཚན་རིག་དང་སྲིད་དོན་ཚན་རིག་ཅེས་པ་ལྟ་བུའོ།།

4. དེང་རབས་གསར་པར་དེའི་དོན་ནི་ཤེས་བྱ་ཙམ་ལ་གོ་བ་མིན་པར་ཤེས་བྱར་ཇི་ལྟར་འཇུག་པའི་ཐབས་ཚུལ་སྒྲོམ་གཞི་མ་ལག་ཅིག་ལ་འདོད།         

5. ཡང་སྒྲ་དོག་པའི་འཇུག་པ་ནི་ཚན་རིག་པ་ཀེབ་ལར་(Kepler)དང་གྷེལི་ལུ(Galitieo)། ནིའུ་ཊོན་(Newton)བཅས་ཀྱིས་དངོས་པོའི་ཆོས་ཉིད་(law of nature)ཤེས་རྟོགས་ཀྱི་ཆོ་ག  དཔེར་ན། ནིའུ་ཊོན་གྱི་གཡོ་འགུལ་ངེས་སྲོལ་(law of motions)དག་གསར་གཏོད་གནང་ཡོད།

6. དུས་རབས་༡༩ནང་ཚན་རིག་ཅེས་པ་རང་བྱུང་འཇིག་རྟེན་ཁམས་ཀྱི་སྐོར་རྟོག་དཔྱོད་བྱེད་ཐབས་ཀྱི་དཔྱད་ཐབས་སྒྲོམ་གཞི་མ་ལག་གམ་ཚན་རིག་དང་མཐུན་པའི་དཔྱད་ཐབས་ཞེས་པ་དང་གཞི་ནས་འབྲེལ་འདྲིས་བྱུང་ཡོད། དུས་རབས་དེའི་གོང་དུ་ཚན་རིག་དང་མཐུན་པ་ཞེས་པའི་སྐད་ཆ་ནུབ་ཕྱོགས་ནང་མེད་པར་འདོད། དེ་ནས་ཚན་རིག་གི་བསླབ་པའི་གཉེར་བྱ་གསུམ་སྟེ། དངོས་ཁམས། རྫས་འགྱུར། སྐྱེས་དངོས་བཅས་སོ།། ‘ཚན་རིག་པ་’ ཞེས་པའི་ཐ་སྙད་འདིའང་ཆེས་ཐོག་མར་གསར་དུ་སྦྲུམ། དེ་ཡང་ཐོག་མར་རང་འབྱུང་དངོས་ཁམས་དང་ཆོས་ལུགས་སྨྲ་བ་ཝི་ལིམ་ཝི་ཝེལ་(William Whelwel)བཀོལ་སྤྱོད་གནང། ཨོསེ་ཕྷོེཊེའི་དབྱིན་སྐད་ཚིག་མཛོད་ནང་‘ཚན་རིག་པ་’ཞེས་པའི་ཐ་སྙད་འདིའི་འཁྲུངས་ལོ་ནི་༡༨༣༤ལོར་ཡིན་པར་འགྲེལ་ལོ།།

གོང་དུ་ཆེད་བཀོད་བྱས་པ་བཞིན་‘ཚན་རིག་’ཅེས་པའི་བརྡ་དོན་ནི་ནུབ་ཕྱོགས་རིག་གནས་ཁྲོད་དུས་རབས་རིམ་པར་བཀོལ་སྤྱོད་མི་འདྲ་བའི་ཐོག་ནས་གོ་དོན་ཡང་སྣ་ཚོགས་ཤིག་གི་ལམ་ནས་མཁས་པ་ཚོས་བདེ་སྤྱོད་བཏང་ཡོད། ང་ཚོས་རྒྱུན་གཏན་དེ་ནི་ཐ་སྙད་གོ་བ་གཅིག་ཀྱང་ལ་ངེས་ནས་ནུབ་ཕྱོགས་རིག་གནས་དང་འབྲེལ་པའི་འཆད་རྩོད་རྩོམ་གསུམ་བྱེད་སྐབས་བརྡ་དོན་གསལ་ཁ་མ་ཆགས་པའི་བཤད་པ་གོ་སྙོག་ཅན་མང་དུ་སྣང། དེར་བརྟེན་ངེས་དགོས་པ་ཞིག་ནི། ནུབ་ཕྱོགས་རིག་གནས་དང་འབྲེལ་པའི་གཏམ་བྱེད་སྐབས་ཐ་སྙད་གང་ཡང་དེའི་སྐབས་དོན་བཀོལ་སྤྱོད་ལ་དོ་ནན་བྱེད་གལ་ཆེ།

དེང་སྐབས་ཚན་རིག་ཅེས་པའི་ཐ་སྙད་ཀྱི་རྒྱུན་སྤྱོད་གོ་དོན་ནི། ཐབས་ཚུལ་སྒྲོམ་གཞི་ངེས་ཅན་ཞིག་གིས་ཐོག་ནས་འཇིག་རྟེན་ཁམས་ཀྱི་ཤེས་བྱའི་གནས་ལ་ཤེས་རྟོགས་འཇུག་པའི་རིག་གནས་ཤིག་ལ་གོ།  དེང་རབས་ཚན་རིག་གི་སློབ་གཞི་ཆ་ནས་དབྱེ་ན་ཆེ་བ་གསུམ་དང་ཆུང་མང་དུ་ཡོད། སློབ་གཞི་ཆེ་བ་གསུམ་ནི།

1. དངོས་ཁམས་རིག་པ། (Physics)
2. རྫས་འགྱུར་རིག་པ། (Chemistry)
3. སྐྱེས་དངོས་རིག་པ། (Biology)

འདི་གསུམ་བརྒྱུད་ནས་དེང་རབས་ཚན་རིག་གིས་བསྐྲུན་པའི་འཇིག་རྟེན་ཁམས་ཀྱི་ཕྱི་དངོས་པོའི་དཔལ་ཡོན་གྱི་ངོ་མཚར་ཕུན་ཚོགས་ཀྱི་ཞིང་ཁམས་ཏེ། ལོ་རྒྱུས་དང་རྟོག་སྒྲུང་ནང་གི་མི་མངོན་པའི་ཞིང་ཁམས་དག་མངོན་འགྱུར་བྱུང་ཡོད་ཅེས་བརྗོད་པས་ཆོག

འདིར་ནུབ་ཕྱོགས་རིག་གནས་སྨྲ་བ་ཚོས་ནུབ་ཕྱོགས་ལྟ་གྲུབ་དང་ཚན་རིག་གི་གཞི་རྩའི་ཁྱད་པར་རམ་འཛིན་མཚམས་རབ་འབྱེད་འགའ་ཞིག་ཕྱོགས་བསྡུས་ཀྱིས་བཀོད་ཐབས་བྱ་ན།

ཨང་རིམ།

ལྟ་གྲུབ།

ཚན་རིག

༡ སྡོམ་ཚིག་གི་འགྲེལ་བརྗོད། དབྱེ་ཞིབ་ཀྱི་འགྲེལ་བརྗོད།
༢ མངོན་དུ་མ་འགྱུར་པ་དང་ཕྱེད་མངོན་འགྱུར་གྱི་ཆོས་ལ་བཤད་པ་བྱེད། རྗེས་དཔག་ཐོག་ནས་འགོ་བཙུགས་ཀྱི་སྒྲུབ་བྱ་གྲུབ་འབྲས་མངོན་པར་བྱེད། ལྟ་གྲུབ་ལྟར་འགོ་བཙུགས་ཤིང་སྒྱུ་རྩལ་ལྟར་མཇུག་བསྡུས་བྱེད།
༣ ཁྱབ་ཚད་ངེས་ཅན་ལས་འགལ་ནས་རྟོག་དཔྱོད་བྱེད། ཁྱབ་ཚད་ངེས་ཅན་ཞིག་གི་གསང་པ་གཏོལ་ཐབས་བྱེད།
༤ ཆོས་ཧྲིལ་པོའི་གནས་ལུགས་རྟོགས་པར་བྱེད་པ་མ་གཏོགས་ཆ་ཤས་རྟོགས་ཀྱང་རྟོགས་གོ་མི་ཆོད། ཆོས་ཧྲིལ་པོ་དུམ་བུ་དང་ལུས་ཕུང་ཆ་ཤས་སུ་དབྱེ་འབྱེད་ཀྱིས་གནས་ཚུལ་ཤེས་རྟོགས་བྱེད།
༥ ཆོས་རྣམས་ཀྱི་རིན་ཐང་དང་གཤིས་ལུགས། ཧྲིལ་པོ་དང་མཐར་ཐུག་དགེ་ཕན་བཅས་ལ་རྟོག་དཔྱོད་འཇུག ཆོས་ཀྱི་རིན་ཐང་དང་གཤིས་ལུགས། ཧྲིལ་པོ་དང་མཐར་ཐུག་དགེ་ཕན་བཅས་ལ་རྟོག་དཔྱོད་མི་འཇུག
༦ མཐར་ཐུག་ཆོས་རྣམས་ཀྱི་རང་བཞིན་དང་གྲུབ་ཆ་ཅི་དང་ཅིའི་ཕྱིར་ངེས་ཚུལ་གྱི་རྣམ་གཞག སྐབས་ཐོག་གཟུགས་དག་གི་ངོ་བོ་དང་བྱེད་ལས་ཅི་དང་ཇི་ལྟར་ངེས་ཚུལ་གྱི་རྣམ་གཞག
༧ རང་བཞིན་དང་རིན་ཐང་ངོ་སྤྲོད་བྱེད། གནས་ཚུལ་ཤེས་རྟོགས་བྱེད།
༨ ག་དུས་བཅོས་དགོས་དང་གསོད་དགོས་མིན་ནི་ཤེས་རབ་ཀྱིས་བླང་དོར་བྱེད། བཅོས་ཐབས་དང་གསོད་སྟངས་ཀྱི་སློབ་གསོ་སྤྲོད། ཚེ་བསྲེངས་པར་བྱེད་ལ་དམག་སར་སྡེབ་གསོད་ཀྱང་བྱེད།
༩ གྲུབ་དོན་ལ་དགག་བཞག་དང་འབྲེལ་བ་བཏགས་རྒྱུ་ནི་ལྟ་གྲུབ། བྱ་བའི་རྒྱུ་རིམ་ལ་རྟོག་ཞིབ་དང་འཛུགས་སྐྲུན་བྱེད་ཐབས་ནི་ཚན་རིག
༡༠ དཔྱོད་ཤེས་དང་དགག་གཞག་ཐོག་ནས་འགྲེལ་བརྗོད་བྱེད། བརྟག་དཔྱད་དང་དབྱེ་ཞིབ་ཐོག་ནས་འགྲེལ་བརྗོད་བྱེད།
༡༡ ལྟ་ཚུལ་དང་གྲུབ་དོན་ལ་དཔྱད་པ་འཇུག དངོས་པོའི་བྱ་བྱེད་ཇི་ལྟར་ཐད་ཚུལ་ལ་ཤེས་རྟོགས་དང་ཞིབ་འཇུག་བྱེད།
༡༢ ཅིའི་ཕྱིར་ཞེས་པའི་དྲི་བར་ལན་འདེབས་བྱེད། ཇི་ལྟར་ཞེས་པའི་དྲི་བར་ལན་འདེབས་བྱེད།
༡༣ དབྱེ་ཞིབ་དང་བརྟག་དཔྱད་ཀྱི་ལན་འདེབས་བྲལ་པའི་དྲི་བའི་རིགས་དང་འབྲེལ་བ་ཡོད། གནས་ཚུལ་ལ་དབྱེ་ཞིབ་དང་བརྟག་དཔྱད་ཐོག་ཐབས་ཚུལ་མ་ལག་བརྒྱུད་ཤེས་བྱར་འཇུག
༡༤ ཤེས་རབ་སྤེལ་པར་བྱེད། ཤེས་བྱ་ཡོན་ཏན་རྒྱས་པར་བྱེད།

 
འདིར་ནུབ་ཕྱོགས་ལྟ་གྲུབ་དང་ཚན་རིག་གི་ཁྱད་པར་དང་འབྲེལ་པའི་གནས་ཚུལ་རགས་བཤད་ཙམ་ཞིག་བྱེད་ཁུལ་བྱས་པ་ནི། རི་བོའི་གཏོས་དང་མཉམ་པའི་རིག་གནས་གཉིས་ལ་དངོས་གནས་མཛུབ་མོས་རི་སྟོན་གྱི་དཔེར་གྱུར་སོང་སྙམ། གང་གླེང་སློང་ཙམ་བྱས་པ་ནི་དུས་རབས་སྔ་ཕྱི་རིམ་པའི་ནུབ་ཕྱོགས་མཁས་པ་ཚོས་མཛད་པའི་དཔེ་དེབ་དག་གི་གཏམ་གཞིར་བཞག་ཏེ་ཁོ་བ་ཚོས་འདོད་པ་གཙང་མ་གཙང་ཀྱང་ཞིག་རང་སྐད་ཐོག་གོ་བ་འགྲེལ་ཐབས་བྱས། ནུབ་ཕྱོགས་པ་ཚོས་སྐད་ཆའི་ནང་འཇིག་རྟེན་འདི་ནང་གི་སྐྱིད་སྡུག་འཚོ་བའི་གནས་ཚུལ་མང་དག་ཅིག་དྲང་པོ་དང་གསལ་པོར་གཏན་འབེབས་གནང་ཡོད། དེ་ན་འཇིག་རྟེན་འཐུན་འཇུག་བླང་དོར་འཇུག་ལྡོག་བྱེད་ཐབས་ནི་གཞུང་ལུགས་མང་པོའི་ནང་མཁས་པ་ཚོས་རང་རང་གིས་མི་ཚེ་ཧྲིལ་པོའི་དངོས་མྱོང་གཞིག་ཏེ་ཞིབ་ཆ་ཚད་ལྡན་གནང་ཡོད། 
འདིར་གླེང་སློང་ནི་ཉེ་རབས་ནས་རང་ཅག་སྤྱི་ཚོགས་ཁྲོད་མཁས་བླུན་ཀུན་གྱིས་ནུབ་ཕྱོགས་པའི་རིག་གནས་དང་བོད་ཀྱི་རིག་གནས་དབར་ཕན་ཚུན་མཐུན་དང་མི་མཐུན་སོགས་ཀྱི་གཏམ་སྣ་ཚོགས་ཤིག་བྱེད་བཞིན་ཡོད་པར་མཐོང་ཆོས་ཡིན་སྟབས། དེ་དག་གཏམ་བྱེད་སྐབས་ནུབ་ཕྱོགས་པ་ཚོས་སོ་སོའི་ས་སྐྱེས་རྡོ་སྐྱེས་ཀྱི་ལྟ་གྲུབ་དང་ཚན་རིག་གི་གཞི་རྕའི་ཁྱད་པར་ཇི་ལྟར་འབྱེད་ཀྱི་ཡོད་པར་གོ་རྟོེགས་ཅུང་ཟད་ཡོད་ན། དེ་དག་དང་རང་སྡེའི་རིག་གནས་དབར་གྱི་སྐད་ཆ་དག་འབྲེལ་ཆགས་པ་ཡོང་ངེས་ཡིན། དཔེར་ན། གོང་དུ་བཀོད་པ་བཞིན་ཚན་རིག་ཅེས་པའི་ཐ་སྙད་ཀྱི་གོ་རྒྱ་དང་བཀོལ་སྤྱོད། ནུབ་ཕྱོགས་ལྟ་གྲུབ་ནང་ཆོས་ལུགས་ལ་གོ་གནས་གང་ཡང་མེད་སྟབས་དད་པ་དང་ཚོགས་གསག་སྒྲིབ་སྦྱོང། ས་ལམ་ཡོན་ཏན་རིམ་གྱིས་རྫོགས་བྱང་འདོད་གཉེར་གྱི་གཏམ་དྲི་མ་ཙམ་ཡང་མེད།  འོན་ཀྱང་འཇིག་རྟེན་གྱི་དངོས་པོ་ཀུན་གྱི་གནས་ལུགས་ལ་དཔྱོད་པའི་རིག་ལམ་སྣ་ཚོགས་ཀྱིས་རང་འབྱུང་ཁམས་ཀྱི་གསང་བ་མང་པོ་ཞིག་གཏོལ་ཡོད།། །།
 
 
ཟུར་ལྟའི་དཔེ་དེབ།

1. The Story of Philosophy by Will Durant

2. History of Western Philosophy by Bertrand Russell

3. Political Thinkers, Trends and Processes. IIPUC Textbook

4. Western Idealism and its Critics by Jay L. Garfield

5. The Making of the Modern Mind by Randall, Jr and Johan Herman

6. The World Book Encyclopedia, 1994 World Book (Philosophy)

7. Physics for the Inquiring Mind by Roger and Eric M

E-Resource:

1. Wikipedia-science/philosophy

2. Encyclopedia-western philosophy

 

དཔྱད་རྩོམ།

Post navigation

Previous Post: ང་ཐ་མལ་པ་རང་སོར་ལུས།
Next Post: རུལ་དྲི་ཁ་བའི་སྤྱི་ཚོགས་ཤིག་ཏུ་མི་འགྱུར་བར་སྨོན།

Comments (15) on “ནུབ་ཕྱོགས་ལྟ་གྲུབ་དང་ཚན་རིག་གི་གཞི་རྩའི་ཁྱད་པར་གླེང་སློང་ཙམ་བྱས་པ་མཛུབ་མོའི་རི་སྟོན།”

  1. རླངས་སྔགས says:
    2013-08-22 at 1:09 pm

    བརྗོད་གཞི་ནི་ཧ་ཅང་གི་ཡིད་དུ་འཐད་པ་ཞིག་རེད། དེ་རིང་ཀློག་ཁོམ་མི་འདུག ནམ་ཁོམ་ན་ཀློག་ངེས་ཡིན།

  2. ཐོས་པ་དགའ says:
    2013-08-22 at 2:34 pm

    རིག་གྲུབ་ལགས་ཀྱིས་ནང་བསྟན་དང་ཚན་རིག་ཅེས་པའི་དེང་སང་ཡོང་གྲགས་ཀྱི་བརྗོད་གཞི་འདིའི་ནང་གི་ཚན་རིག་ཅེས་པའི་ཐ་སྙད་ཀྱི་འབྱུང་ཁུངས་དང་ལྷག་པར་དུ་ནུབ་ཕྱོགས་ལྟ་གྲུབ་ཀྱི་ཡ་གྱལ་ཞིག་ཏུ་འགྱུར་ཚུལ་ལ་དཔྱད་ཏེ་གོ་བདེའི་འགྲེལ་བཤད་བསྐྱོན་པར་ཐུགས་རྗེ་ཆེ་ཞུ།

    སྤྱིར་ནུབ་ཕྱོགས་ཀྱི་ལྟ་གྲུབ་དང་ཚན་རིག་གི་ཁྱད་པར་ཕྱེ་སྐབས་གཟབ་དགོས་པ་ཞིབ་ནི་དེང་སྐབས་སུ་ཚན་རིག་གི་ལྟ་གྲུབ་ཞིག་ཀྱང་འཆད་ཀྱི་ཡོད་སྐབས། སྐབས་དོན་དེར་ཚན་རིག་དེ་ནུབ་ཕྱོགས་ལྟ་གྲུབ་ལས་ལོགས་སུ་ཡིན་སྐོར་གྱི་འཆར་སྣང་ཞིག་བསྐྲུན་བཞིན་འདུག་པས་དེར་དཔྱད་པ་ཞིག་ངེས་པར་དགོས་སྙམ།

    ཡང་ནུབ་ཕྱོགས་ཚན་རིག་གི་ལྟ་གྲུབ་དེའང་ཚན་རིག་ལྟ་གྲུབ་མཁན་མཐུན་མོངས་ཀྱིས་ངོས་ལེན་བྱས་པའི་ལྟ་གྲུབ་ཞིག་མེད་རུང་གཞི་རིམ་གྱི་མཐུན་མོང་བའི་ཁས་ལེན་འགའ་ཞིག་ཡོད་པ་རེད། སྤྱིར་བཏང་ཚན་རིག་ནི་ཕྱིའི་ཤུགས་རྐྱེན་ལས་ཉམས་ཞིབ་ལ་གཞི་བཅོལ་ནས་རིག་གནས་བཅོས་བསྒྱུར་རང་བཞིན་ཅན་ཞིག་ཡིན་པས་ཚད་ལྡན་གྱི་ལྟ་གྲུབ་ཞིག་འཇོག་དཀའ། མ་ཟད་སྐུ་ཉིད་ནས་དབྱེ་འབྱེད་བྱེད་པའི་ཚན་རིག་གི་ནང་གསེས་དེ་དག་གི་ཕན་ཚུན་འབྲེལ་བ་དམ་ཟབ་ཡོད་ལ་ཕན་ཚུན་མ་ལྟོས་པར་རང་འགར་ཚན་རིག་གཅིག་འཇོག་ཐབས་མེད།

    གཞན་ཡང་བསམ་ཚུལ་འགའ་རེས་ཞུ་འདོད་ཀྱང་ད་རེས་དེ་མཚམས་བྱེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-08-22 at 3:50 pm

    ནང་པས་ཅིའི་ཕྱིར་ཞེས་པའི་དྲི་བར་ལན་འདེབས་བྱེད། ཚན་རིག་པས་ཇི་ལྟར་ཞེས་པའི་དྲི་བར་ལན་འདེབས་བྱེད། ཞེས་པ་འདི་མཐའ་སྡོམ་ཆེ་ཤོས་ཅིག་ཡིན་པ་སྔོན་མ་ངའི་བློ་ལ་ལན་མང་འཆར་མྱོང་།

  4. ཐོས་པ་དགའ says:
    2013-08-22 at 6:36 pm

    ནང་པའི་ཅི་ཕྱིར་ལ་ལན་འདེབས་དད་པ་དགས་སྣང་ལ་ལྟོས་པར་རིག་པ་གཅིག་པོས་སྒོ་ནས་ལན་འདེབས་ཡོད་མིན་མི་ཤེས། དེ་བཞིན་ཚན་རིག་གི་ཇི་ལྟར་གྱི་དྲི་བ་དེར་ཕྱི་དོན་གཙོ་བོར་བྱས་ནས་ལན་འདེབས་ཤིག་རྙེད་རྒྱུ་ཡོད་མིན་ཀྱང་མི་ཤེས་མེད།

  5. ཐོས་པ་དགའ says:
    2013-08-22 at 6:37 pm

    ལྟོས་ ཞེས་པ་དེ་ མ་ལྟོས་ལ་བཅོས་རོགས།

  6. བསམ་ཤེས། says:
    2013-08-22 at 7:29 pm

    ཡག་པོ་འདུག གནད་ལ་འཁེལ་བའི་ཞིབ་འཇུག་རེད། ང་ལ་འདི་དང་འབྲེལ་བའི་བསམ་ཚུལ་འགའ་ཤས་ཡོད་པས་རིམ་བཞིན་འབུལ་རྒྱུ་ཡིན། ཚན་རིག་ཅེས་པ་འདི་རྒྱ་ཡིག་ལས་ཐད་སྒྱུར་བྱས་པའི་ཚིག་ཅིག་རེད། དགེ་འདུན་ཆོས་འཕེལ་གྱི་དེ་ལ་རིག་གསར་ལྟ་བུ་བསྒྱུར་འདུག Science ཞེས་པ་འདི་དོན་སྒྱུར་བྱས་ནས། དཔྱད་པའི་རིག་པ་ལྟ་བུ་རེད། དཔྱད་པ་དེ་ཡང་ཕྱི་དངོས་པོའི་འདུ་གྱུའི་རིམ་པར་ཕྲ་ཞིང་ཕྲ་བ་དཔྱད་པ་བྱས་ནས་གནས་ལུགས་འཚོལ་བའི་རིག་པ་ཞིག་རེད། དེ་ལ་ཚན་རིག་ཅེས་བསྒྱུར་དུས་གོ་རྒྱུ་མིན་འདུག་རུང་། ད་ཆ་ཚིག་འདི་ཡོངས་གྲགས་ལ་བསྒྱུར་ཟིན་སྟབས་སྐྱོན་མེད།

    ནུབ་ཕྱོགས་པའི་ལྟ་གྲུབ་དེ་ཆོས་དང་འབྲེལ་བའི་ལྟ་གྲུབ་དང་ཆོས་དང་མ་འབྲེལ་བར་གུ་ཡངས་པོར་དཔྱད་པ་བྱེད་པའི་ལྟ་གྲུབ་གཉིས་ཡོད་པ་དེ་ལ་དབྱེ་ཞིབ་དང་དབྱེ་འབྱེད་གསལ་པོ་བྱེད་དགོས་པར་སྣང་། 

  7. ཀརྡོ་གཉེར་ཕྱག་པ་ says:
    2013-08-23 at 1:37 am

    སྣོབ་བཅུད་སོགས་ཇིགལྟར་འབྱུང་བ་རེད་ཟེར་དུས། ཚན་རིག་པས་མང་པོ་བཤད་ཐུབ། མི་དང་དུད་འགྲོ བདེ་བ་དང་སྡུག་བསྡལ་དག་ག་རེ་བྱས་ནས་བྱུང་བ་རེད། དྲིས་་ནཚན་རིག་པའི་ཁ་ནང་ལ་མཇུབ་མུ་བཙུག་ན་སྡོད་དུས། ནང་ཆོས་མཁས་པས་ཁྲི་ཐོན་པོར་འཛེགས་ནས་གསལ་བཤད་བྱེད་ཐུབ། ཧཧ། ཧོཧོ། ཨེ་མ་ཧོ།། །།

  8. ཐོས་པ་དགའ says:
    2013-08-23 at 2:10 am

    ཀརྡོ་ལགྶ།

    བདེ་བ་དང་སྡུག་བསྔལ་ག་རེ་བྱས་ནས་བྱུང་བའི་འགྲེལ་བཤད་དེ་དེང་སང་། བླ་ཆེན་མཁན་སྤྲུལ་དགེ་བཤེས་ཚད་མ་ནུབ་ཕྱོགས་སམ་འབྱོར་ལྡན་གྱི་ཡུལ་ལུང་རྐྱང་དུ་ཕེབས་ནས་བསྐྱོན་དགོས་དོན་ག་རེ་ཡིན་མིནན་ངས་ཤེས་མ་སོང་། གང་ལྟར་དབུལ་ཕོངས་ཉམས་ཐག་གི་ཡུལ་ལུང་ལ་དོན་ངོ་མའི་ཕན་ཐོགས་མཁན་ནི་ཚན་རིག་ལས་ཆོས་ལུགས་པ་ཞིག་མི་འདུག་སྙམ།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-08-23 at 3:03 pm

    ༨༽ ཐོས་པ་དགའ་ལགས།
    ད་ལྟ་ནང་ཆོས་དར་ཡུལ་ཤར་ཕྱོགས་པ་ལས་ལྷག་པའི་ནུབ་ཕྱོགས་པ་ཅིག་ཡོད་པར་ངོས་འཛིན་ན་ནོར་བ་རེད། ནུབ་ཕྱོགས་ནང་པ་དེ་ཚོ་ནང་པ་དད་པ་ཆེན་པོ་ཡོད་མ་རེད། ཡིན་ན་ཡང་ནང་པ་སྣང་བ་སྐྱིད་པོ་རེད་ལབ་ཆོག་པ་རེད། ནུབ་ཕྱོགས་པའི་དེ་རིང་གི་ནང་པ་དེ་དག སང་ཉིན་ནང་པ་བྱེད་བགྱི་མ་རེད། སང་ཉིན་གྱི་ནང་པ་དེ་དག་ཡང་་་་་་་་་ ཡང་་་་ ཡང་་་་་

  10. ཀརྡོ་གཉེར་ཕྱག་པ་ says:
    2013-08-24 at 1:53 am

    ཨ་ཤི་ཡ་རང་དབང་རླུང་ཁང་ནང་ནས།
    ༄༅༎ནུབ་ཕྱོགས་པའི་ཚན་རིག་པ་དང་ཞིབ་འཇུག་པས་ད་བར་ཤ་རྒྱགས་པའི་དཀའ་ངལ་སེལ་ཐབས་ལ་ལོ་མང་འཐབ་རྩོད་དང་ཞིབ་འཇུག་བྱས་པའི་རྗེས་ནུབ་ཕྱོགས་པའི་སྨན་དང་ཟས་སྤྱོད་ཀྱི་ཕན་ནུས་མ་ཐོན་པར་བརྟེན་ནས། ཁོང་ཚོས་ཤ་རྒྱགས་དྲག་པའི་དཀའ་ངལ་དེ་ནི་སྙིང་གི་ན་ཚས་རྐྱེན་བྱས་ཏེ་སྙིང་རྩ་འགག་སྟེ་ནད་པའི་ཚེ་སྲོག་ལ་གནོད་འཚེ་བཟོ་བའི་དཀའ་ངལ་དེ་སེལ་ཐབས་ལ་གནའ་བོའི་སྨན་བཅོས་ཀྱི་གཞུང་ལུགས་གཞན་ཞིག་འཚོལ་རྒྱུར་དུས་ཡུན་རིང་པོར་དཀའ་ལས་རྒྱབ་པའི་མཐར། ཉེ་ཆར་ཁོང་ཚོར་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་གི་ཟས་དང་སྤྱོད་ལམ་དེ་ནི་ཤ་རྒྱགས་པ་སྐམ་དུ་གཏོང་བའི་སྨན་བཅོས་ལེགས་ཤོས་ཤིག་ཡིན་པ་ཤེས་རྟོགས་བྱུང་ཡོད་པ་རེད།
    ནུབ་ཕྱོགས་པའི་ཚན་རིག་པས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ནང་དུ་གསུང་པའི་ཟས་དང་སྤྱོད་ལམ་གྱིས་ཤ་སྐམ་དུ་གཏོང་བའི་ཐོག་ལ་ཞིབ་འཇུག་བྱས་པ་དེ་ནི་ཧ་ལམ་ཐེངས་དང་པོ་ཡིན་ཞིང། ལྷག་དོན་མི་ཧ་ཅང་གི་ཤ་རྒྱགས་དྲག་པར་བོད་ཀྱི་གསོ་རིག་གཞུང་ལུགས་ནང་གསུངས་པའི་ཟས་དང་སྤྱོད་ལམ་གཉིས་ལམ་སྟོན་བྱས་ཏེ་ཕན་ནུས་ནི་ནུབ་ཕྱོགས་པའི་ཟས་དང་སྤྱོད་ལམ་གྱི་ལམ་སྟོན་གནང་བ་ལས་ཧ་ཅང་གི་མངོན་གསལ་དོད་པོའི་ནུས་པ་ཐོན་ཏེ་ལུས་ཀྱི་ལྗིད་ཚད་ཆགས་པ་མ་ཟད། ལྷག་དོན་སྙིང་གི་ན་ཚ་ཡོད་མཁན་ཁྲོད་ལ་ཕན་ནུས་ཆེན་པོ་ཐོན་ཡོད་པ་རེད། ཞིབ་འཇུག་གི་ལས་དོན་དེའི་ནང་ནུབ་ཕྱོགས་པའི་སྨན་པ་བཞི་དང་བཞུགས་སྒར་རྡ་རམ་ས་ལའི་བོད་གཞུང་སྨན་རྩིས་ཁང་ནས་སློབ་ཐེངས་ལྔ་པའི་གྲས་སུ་ཐོན་གནང་བའི་སྨན་པ་ཁྱུ་གསར་རྣམ་རྒྱལ་ལགས་ཟུང་འབྲེལ་གྱིས་གནང་བ་ཞིག་ཡིན་ཞིང། ཁོང་ཚོས་ཞིབ་འཇུག་གི་ལས་དོན་དེ་༢༠༠༨ ནས་༢༠༡༠ བར་ལོ་ངོ་གསུམ་རིང་ལ་ཤ་རྒྱགས་དྲག་པའི་ནད་པ་ཁྱོན་༥༢༤ ལ་ཞིབ་འཇུག་གནང་སྟེ་ཁག་ཅིག་ལ་ནུབ་ཕྱོགས་པའི་ཚན་རིག་ནས་གསུངས་པའི་ཟས་དང་སྤྱོད་ལམ་གྱི་ལམ་སྟོན་གནང་བ་དང་ཁག་ཅིག་ལ་བོད་ལུགས་གསོ་རིག་ནས་གསུང་པའི་ཟས་དང་སྤྱོད་ལམ་གཉིས་ལམ་སྟོན་གནང་སྟེ་ཕན་ནུས་ཆེ་ཆུང་ཐོན་མིན་ཞིབ་འཇུག་བྱས་པའི་ཁྲོད་བོད་ཀྱི་གསོ་རིག་གཞུང་ལུགས་ནས་གསུངས་པའི་ཟས་དང་སྤྱོད་ལམ་གྱི་ལམ་སྟོན་བྱེད་ཡུལ་གྱི་ནད་པ་ཚོར་དམིགས་བསལ་གྱི་ཤ་སྐམ་དུ་འགྲོ་བར་ནུས་པ་ཐོན་པར་བརྟེན་ནས། ཉེ་ཆར་གནས་ཚུལ་དེའི་སྐོར་རྒྱལ་སྤྱིའི་སྨན་གྱི་དུས་དེབ་ཅིག་གི་ཐོག་བཀོད་སྤེལ་བྱས་ཡོད་པ་རེད།།

  11. ཀརྡོ་གཉེར་ཕྱག་པ་ says:
    2013-08-24 at 1:55 am

    བོད་རིགས་རྒྱགས་པ་ཚོས། བོད་སྨན་གྱིས་སྐམ་པོ་བཟོ་རན་མི་འདུག་གམ། ལགས།

  12. བསམ་ཤེས། says:
    2013-08-24 at 2:38 pm

    ངས་བྱིས་པའི་སྒྲུང་འདྲ་བོ་འདི་ལ། བུ་གསོ་ཁང་གི་སྐད་བཀོལ་ནས་ལན་བརྒྱབ་པར་བྱ་སྟེ། མཁས་དབང་ཚོ་དགོངས་འགལ་མེད་པ་ཞུ། 

    ཇོག་འདྲ་བོ་འདི་འདྲས་མ་ལབ་ལོ། ཤ་རྒྱག་པ་དང་སྙིང་གི་ན་ཚར་སྒྲ་ཨེ་སྒྲི་༼diet༽བྱེད་དགོས་རེད་ཟེར་མཁན་དང་པོ་ནུབ་ཕྱོགས་པའི་སྨན་པ་རེད་ལོ། མ་པིན་མ་ཤོད་ལོ། སྔོན་མ་ཨཻན་ཇིའི་སྨན་པ་མེད་དུས་བོད་པའི་གྲྭ་པ་དེ་ཚོ་ལོ་༥༠དང་༦༠ནས་མང་ཆེ་བ་ཤི་འགྲོ་གི་ཡོད་ལོ། ད་དུང་གྲིབ་སྐྱོན་ལ་བོད་སྨན་གྱིས་གནམ་ནས་གཅིག་རྒྱབ་པ་རེད་ཟེར་རྒྱུ་ལས་ད་བར་མ་ཤེས་པར་རྗེས་མ་མགོ་སེར་གྱིས་སྙིང་གི་ནང་ལ་ཁྲག་རྒྱས་འདུག་ཟེར་དུས་གཞི་ནས་གོ་ཚོད་པ་རེད་ལོ། ཧམ་པ་མ་ཤོད་ལོ། རྒྱལ་བ་རིན་པོ་ཆེ་མཁྲིས་པའི་ནང་ལ་རྡོ་སྐྱེས་ནས་ན་ཚ་ག་ཚོད་བཏང་ནའི་བོད་སྨན་འགའ་ཤས་ལས་སྟེར་ཡས་མིན་འདུག་ལོ། རྗེས་མ་ཕྱི་རྒྱལ་ཨེམ་ཇིས་གཤགས་བཅོས་བྱས་ནས་མཁྲིས་པ་བཏོན་པ་རེད་ལོ། དེ་མིན་ན་སྐུ་མདུན་ད་ལྟ་ཞུགས་མེད་ཚོད་རེད་ལོ། དེ་ལ་བརྟེན་ནས་རྒྱལ་བ་རིན་པོ་ཆེས་བོད་སྨན་གྱི་བླ་སྨན་ཚང་མ་མེད་པ་བཟོས་ནས། ད་ནས་བླ་སྨན་ཟེར་བའི་ཚིག་འདི་བེད་སྤྱོད་གཏོང་མི་ཆོག་གསུངས་པ་ཡིག་ཆ་འདུག་ལོ། 

    བོད་སྨན་གྱི་ཟ་བཅུད་སྐོར་ལ་གནས་འགག་ཤེས་ཀྱི་ཡོད་ན། ད་བར་བླ་རྒན་དང་བླ་མ་མང་ཆེ་བ་ལོ་༦༠ནང་ལ་ཁྲག་རྒྱས་ནས་སྙིང་རྩ་འཐོར་ཏེ་གྲོངས་སོང་པ་དེ་དག་ལ་བཟས་དང་ཀུན་སྤྱོད་མ་སྟོན་པར་གཡུགས་བཞག་པ་རེད་དམ། དགོན་པའི་ནང་ལ་ན་ཚ་སྡུག་ཤོས་དེ་གྲིབ་སྐྱོན་རེད། ཁྱེད་ཚོས་བོད་སྨན་པ་ཚོས་དེ་ལ་སྐབས་དེ་དུས་གསལ་བཤད་མ་བྱས་པར་གཡུགས་བཞག་པ་ནི་སྨན་པའི་འགན་མ་འཁུར་བ་རེད། ལྟས་ངན་དེ་ཚོ་མི་ཤི་འཚར་ནས་མཇེ་བགྲེང་ཐབས་བྱེད་པ་འདི།

  13. བསམ་ཤེས། says:
    2013-08-24 at 2:40 pm

    གོང་གི་ལན་དེ་ནི་ཨེ་ཤ་རང་དབང་རླུང་འཕྲིན་ཁང་གི་བོད་སྨན་སྐོར་དེ་ལ་ཡིན་ནོ། 

  14. ཀརྡོ་གཉེར་ཕྱག་པ་ says:
    2013-08-25 at 12:34 am

    ་་་་ ཧམ་པ་མ་ཤོད་ལོ། རྒྱལ་བ་རིན་པོ་ཆེ་མཁྲིས་པའི་ནང་ལ་རྡོ་སྐྱེས་ནས་ན་ཚ་ག་ཚོད་བཏང་ནའི་བོད་སྨན་འགའ་ཤས་ལས་སྟེར་ཡས་མིན་འདུག་ལོ། རྗེས་མ་ཕྱི་རྒྱལ་ཨེམ་ཇིས་གཤགས་བཅོས་བྱས་ནས་མཁྲིས་པ་བཏོན་པ་རེད་ལོ། དེ་མིན་ན་སྐུ་མདུན་ད་ལྟ་ཞུགས་མེད་ཚོད་རེད་ལོ། དེ་ལ་བརྟེན་ནས་རྒྱལ་བ་རིན་པོ་ཆེས་བོད་སྨན་གྱི་བླ་སྨན་ཚང་མ་མེད་པ་བཟོས་ནས། ད་ནས་བླ་སྨན་ཟེར་བའི་ཚིག་འདི་བེད་སྤྱོད་གཏོང་མི་ཆོག་གསུངས་པ་ཡིག་ཆ་འདུག་ལོ། ་་་་་ཟེར།

  15. གོང་དཀར་ངག་རྣམ། says:
    2016-03-29 at 11:04 am

    དངོས་ཁམས་དཔྱད་རིག(Metaphyiscs)
    འདི་ལ་གཟུགས་འདས་རིག་པ་ཞེས་སྤྱོད་མཁན་ཡང་འདུག་ལ་གོ་རྒྱུ་ཡང་ཆེ་སྙམ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme