Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནུབ་ཕྱོགས་རྒྱལ་ཁབ་ནང་བོད་ཀྱིི་སྐད་ཡིག་སྲུང་སྐྱོབ་དང་རྒྱུན་འཛིན་སྐོར་གྱི་ཐབས་ལམ་ཅུང་ཟད་གླེང་བ།

Posted on 2011-11-18 By ཁ་བརྡ་ 60 Comments on ནུབ་ཕྱོགས་རྒྱལ་ཁབ་ནང་བོད་ཀྱིི་སྐད་ཡིག་སྲུང་སྐྱོབ་དང་རྒྱུན་འཛིན་སྐོར་གྱི་ཐབས་ལམ་ཅུང་ཟད་གླེང་བ།

ཕྲན་མཁས་གྲུབ་གྱིས།

མི་རིགས་སོ་སོར་འབྱེད་ཀྱི་རྟགས་མཚན་ལ་ཡུལ་སྲོལ་གོམས་གཤིས་སོགས་རིག་གནས་ཀྱི་གྲུབ་ཆ་སྣ་ཚོགས་མཆིས་ཤིང་དེ་ལས་གལ་ཆེ་ཤོས་སྐད་དང་ཡི་གེ་ཡིན་པ་འཛམ་གླིང་ཤར་ནུབ་གྱི་མཁས་པ་མང་པོའི་ཐུན་མོང་གི་ལྟ་གྲུབ་ཏུ་སྣང་བས། རྒྱ་དམར་སྲིད་གཞུང་གིས་ཀྱང་སྐད་ཡིག་ནི་བོད་རྩ་མེད་དུ་བཟོ་ཐུབ་པར་གནད་འགགས་ཡིན་པ་རྟོགས་ཏེ། དེ་འབྲེལ་གྱི་སྲིད་ཇུས་མང་བོ་གཏན་ལ་ཕབས་པ་ཤིང་། བོད་ནང་གི་སློབ་གྲྭ་ཁག་དང་དགོན་པ་ཁག་གི་ནང་དུ་ལས་རིགས་སྣ་མང་གི་སྒྲོམ་གཞི་ལག་ལེན་དུ་ལྟར་བཞིན་པ་རེད། ལྷག་པར་དུ་ཉེ་བའི་ལོ་འགའི་ནང་ལས་རིགས་ཀྱི་སྒྲོམ་གཞི་དེ་དག་གི་གོམ་འགྲོས་ཇེ་མགྱོགས་སུ་བཏང་སྟེ། རིག་གཞུང་དང་བཅས་པ་ཉེན་ཁའི་གནས་སུ་བསྐྱལ་བཞིན་པའི་གནས་སྟངས་འདི་ནི། བོད་མི་ཚང་མས་དོ་སྣང་སྤྲོད་འོས་པའི་གནད་དོན་གལ་ཆེན་ཞིག་ཡིན་པས། རང་གི་མཐོང་ཐོས་མྱངས་གསུམ་གཞིར་བཞག་སྟེ་ཁ་ན་ཊའི་གྲོང་ཁྱེར་ཊོ་རན་ཊོའི་བོད་པའི་སྤྱི་ཚོགས་དང་། ནུབ་ཕྱོགས་རྒྱལ་ཁབ་གཞན་ན་ཡོད་པའི་བོད་ཀྱིི་སྐད་ཡིག་སྲུང་སྐྱོབས་དང་རྒྱུན་འཛིན་སྐོར་གྱི་ཐབས་ལམ་ཅུང་ཟད་གླེང་བར་འདོད་དོ།།
སྤྱིར་ནུབ་ཕྱོགས་སུ་ཡོད་པའི་བོད་པ་རྣམས་ལབ་གླེང་ལ་དགའ་ཞིང་། གཞན་གྱི་སྐྱོན་འཚོལ་བ་དང་། གཞན་གྱི་ཞན་ཆ་གླེང་རྒྱུར་གོམས་ཆགས་སུ་སོང་ཡོད་པའི་རང་གཤིས་རེ་ཡོད་པས། རང་ཉིད་ཀྱི་ཀུན་སྤྱོད་ལ་བྱི་དོར་དགོས་པ་ཕལ་ཆེར་མི་དྲན། ནམ་རྒྱུན་བོད་མི་རེ་ཟུང་ལྷན་ཏུ་འཛོམས་ཏེ་བོད་མའི་འཚོ་གནས་དང་འབྲེལ་བའི་གླེང་མོལ་ལ་ཞུགས་སྐབས། བཙན་བྱོལ་བོད་གཞུང་དང་། བོད་རིགས་སྤྱི་མཐུན་ཚོགས་པའམ། ཚོགས་པ་ག་གེ་མོས་མ་འགྲིགས་པ་ཁོ་ན་བཤད་པ་ལས། སྤྱི་ཚོགས་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱིན་པའི་བྱ་སྤྱོད་དེ་དཔེ་མཚོན་ལ་བཞག་སྟེ་གཟུར་བོར་གནས་པའི་སྐད་ཆ་བཤད་མཁན་ཉུང་། ང་ཚོ་མུ་མཐུད་གཤིས་ཀ་འདི་དང་ལྷན་དུ་མདུན་སྐྱོད་དང་། མི་རིགས་འཚོ་གནས་ལ་འགན་ལེན་མེད་པར་ཅི་མི་སྙམ་པར་བསྡད་ན། ནུབ་ཕྱོགས་སུ་གནས་པའི་བོད་མི་རྣམས་ནི་གནས་ཡུལ་རྒྱལ་ཁབ་སོ་སོའི་མི་རིགས་ཀྱི་ངོ་བོར་མགྱོག་པོར་འགྱུར་འགྲོ་བ་ལ་ཐེ་ཚོམ་མི་དགོས་པ་རེད།
གངས་ལྗོངས་ཆོས་ལྡན་གླིང་ལྟ་བུའི་བོད་ཀྱི་རིག་གཞུང་རྒྱུད་འཛིན་གྱི་ཆེད་དུ་བཙུགས་པའི་ནུབ་ཕྱོགས་སྤྱི་ཚོགས་ནང་གི་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱི་དམིགས་འདུན་དེ། བོད་མི་རིགས་ཀྱི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་བྱ་རྒྱུ་དེ་ཡིན་ན། ས་གནས་ཁག་གི་བོད་མིའི་སྤྱི་ཚོགས་ནང་དུ་བོད་ཀྱི་སྐད་ཡིག་འབྲི་ཀློག་བཤད་གསུམ་ལ་རྨོངས་པའི་གཞོན་སྐྱེས་ཀྱི་གྲངས་འབོར་ཉི་མ་རེ་རེར་འཕར་གྱིན་པའི་གནས་སྟངས་འཇིགས་སུ་རུང་བ་འདི་ལ་དོ་སྣང་གཟབ་ནན་གནང་དང་། ས་གནས་སོ་སོའི་བོད་རིགས་ན་གཞོན་རྣམས་སྐད་ཡིག་བྲི་ཀློག་བཤད་གསུམ་གྱི་རྨོངས་པ་ལས་སྐྱོབས་ཐབས་བཙལ་ཏེ། མི་རབས་རྒན་པའི་ཞབས་རྗེས་སུ་ཤར་མར་བསྐྱོད་པ་ལ་ཆོད་སེམས་འགྱུར་བ་མེད་པའི་གཤོག་ཟུང་གཉིས་ལྡན་གྱི་མི་རབས་གསར་བ་ཞིག་བསྐྱང་དགོས་པ་ནི་གལ་ཆེན་པོར་མཐོང་ངོ་།།
སྐད་ཡིག་རྒྱུད་འཛིན་དང་འབྲེལ་བའི་བྱ་འགུལ་མང་བོ་བོད་ཕྱི་ནང་གི་སྤྱི་ཚོགས་ནང་དུ་སྤེལ་གྱིན་པ་དང་། གྲུབ་འབྲས་ཀྱང་གང་འཚམས་རེ་ཐོབ་བཞིན་ཡོད་པ་ནི་དགའ་འོས་པ་ཞིག་ཡིན་མོད་ཀྱང་། ནུབ་ཕྱོགས་ཀྱི་བོད་མིའི་སྤྱི་ཚོགས་ནང་དུ་དེ་དང་དེ་འདྲ་བའི་བྱ་འགུལ་སྤེལ་མཁན་མེད་པའམ་ཉུང་བ་མ་ཟད། རིག་གཞུང་སྲུང་སྐྱོབས་ཀྱི་ཆེད་དུ་བཙུགས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གིས་སྐད་ཡིག་གི་ལས་དོན་གལ་ཆེན་དུའང་རྩིས་མེད་ལ། ཁོར་ཡུག་གི་དབང་དུ་སོང་སྟེ། བོད་ཀྱི་སྐད་ཡིག་བདག་མེད་ད་ཕྲུག་བཞིན་གནས་དགོས་པའི་རྒྱུ་རྐྱེན་ནི། ང་ཚོ་རང་ཉིད་ལ་ཐུག་ཡོད་པ་དང་། རང་དབང་དང་ཐོབ་ཐང་ཆ་ཚང་ཡོད་པའི་གནས་ཡུལ་རྒྱལ་ཁབ་གྱི་སྲིད་གཞུང་རིམ་པར་ཁག་འགེལ་མི་རུང་སྙམས་ཤིང་། ཁག་འགེལ་ས་གཞན་གང་ཡང་མེད།
བོད་ཀྱི་སྐད་དང་ཡི་གེ་སྲུང་སྐྱོབ་ཀྱི་ཆེད་དུ་བཙུགས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་རྣམས་ཀྱིས་འདི་ནི་བོད་ཀྱི་སྐད་ཡིག་ལ་བཟུང་པའི་ལྟ་བ་དང་། དེ་རྒྱུན་འཛིན་བྱེད་ཐབས་ལ་དམིགས་ཏེ་བདམས་པའི་ལམ་ཀ་ཡིན། ལམ་ཀ་འདི་ནི་ཞབས་རྡོལ་བའི་གྲུ་གཟིངས་ཤིག་རྒྱ་མཚོར་བྱིང་པའི་ངང་ཚུལ་ལས་མ་འདས་པས། ནུབ་ཕྱོགས་བོད་མིའི་སྤྱི་ཚོགས་ཀྱི་སྐད་ཡིག་གི་གནས་ཚད་ལ་བརྟག་དཔྱད་ཞིབ་འཇུག་དང་། དེ་འབྲེལ་ལས་དོན་ལག་ལེན་དུ་སྤེལ་ཕྱོགས་ཐོག་ནས་འགྱུར་བ་གཏོང་སྟངས་དང་། དེ་དང་འབྲེལ་བའི་བསམ་འཆར་འགའ་སྟེ།
དང་པོ། ནུབ་ཕྱོགས་ན་གནས་པའི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་གི་རིག་གཞུང་འབྲེལ་མཐུད་པའི་ལས་འཛིན་འོག་ཏུ་བོད་དབྱིན་གཉིས་ལ་བྱང་ཆ་ཡོད་པའི་དམིགས་བསལ་ཤེས་རིག་ཚོགས་ཆུང་ཞིག་ངེས་པར་འཛུགས་དགོས་པ་དང་། རིག་གཞུང་བྲེལ་མཐུད་མི་སྣ་དེ་ནི་བོད་ཡིག་གི་ཤེས་ཚད་མཐོན་པོ་ཡོད་མཁན་ཞིག་ཡིན་ཐོག སྐད་ཡིག་སློབ་གསོའི་བྱ་བཞག་དང་འབྲེལ་བའི་ལས་དོན་ཕྱོགས་ལའང་སེམས་ཤུགས་དང་ཉམས་མྱོང་ཡོད་མཁན་ཞིག་ངེས་པར་ཡིན་དགོས། སྐད་ཡིག་རིག་གནས་རྒྱུད་འཛིན་གྱི་ལས་དོན་ཐམས་ཅད་ཚོགས་ཚུང་འདི་བརྒྱུད་དེ། སྤྱི་ཚོགས་ནང་དང་། ཁྱིམ་ཚང་ནང་ལ་འཕྲད་ཀྱིན་པའི་ཡིད་སྐྱོ་བའི་སྐད་ཡིག་ཉམས་ཆག་གི་གནས་བབས་འདི་སྐྱོབས་ཐབས་ལ་འབད་དགོས་པར་སེམས་སོ།།
གཉིས་པ། ཤེས་རིག་ཚོགས་ཆུང་མི་སྣས་འཇིག་རྟེན་སྤྱི་ལུགས་ལྟར། དཔྱད་ཞིབ་གྱི་རིམ་པ་ཡོངས་སུ་བརྒྱུད་མཐར། སློབ་ཁྲིད་ཀྱི་ཆ་རྐྱེན་ཕུན་སུམ་ཚོགས་པ་ཡོད་བའི་མི་སྣ་གཟའ་སྤེན་པའི་སྐད་ཡིག་འཛིན་གྲྭའི་དགེ་རྒན་ལ་འདེམས་དགོས་པ་དང་། འཛིན་ཞུགས་སློབ་མའི་གྲངས་འབོར་འཕར་ཐབས་སྐོར་སློབ་ཕྲུག་གི་ཕ་མ་དང་མཉམ་དུ་གྲོས་མོལ་ནང་སྟེ། གཟའ་འཁོར་གཅིག་གི་ནང་གི་གཟའ་སྤེན་པ་དེ་བོད་རིགས་སྤྱི་མཐུན་ཚོགས་པ་དག་གི་བོད་ཡིག་གི་ཉིན་མོར་འགྱུར་ཐུབ་པ་ལ་འབད་དགོས་ཤིང་། ཕ་མ་དང་བུ་ཕྲུག་གི་དུས་ཚོད་འཕྲ་བརླག་ཏུ་མི་གཏོང་བའི་འགན་ལེན་གཙང་མ་བྱེད་དགོས། འཛིན་གྲྭ་ཚོགས་ཡུལ་དང་འཛིན་ཞུགས་སློབ་མའི་གྲངས་འབོར་ལ་འབྲེལ་བ་དམ་ཟབ་ཡོད་པས། འཛིན་གྲྭ་འཚོག་ཡུལ་དེ་མི་མང་གནས་ཡུལ་ས་ཁུལ་དང་འགྲིམ་འགྲུལ་བདེ་ས་ཤིག་ངེས་པར་ཡིན་དགོས།
གསུམ་པ། ནུབ་ཕྱོགས་སུ་གནས་པའི་བོད་རིགས་སྤྱི་མཐུན་ཚོགས་པའི་ལས་བྱེད་པ་འགའ་ཞིག་གི་སེམས་སུ། རིག་གཞུང་རྒྱུན་འཛིན་ནི་ཟློས་གར་ཁྲབ་སྟོན་ཁོ་ན་ཡིན་པར་སྙམ་པ་དང་། ཟློས་གར་དེ་ཡང་བོད་གཞས་ཀྱི་གདེངས་དབྱིན་ཡིག་ཐོག་བྲིས་ཏེ་འཁྲིད་བཞིན་ཡོད་པ། ཟློས་གར་ཁྲབ་མཁན་གྱི་གཞོན་སྐྱེས་དག་གིས་ཟློས་གར་སློབ་པ་ལ་བོད་ཡིག་ངེས་པར་ཤེས་མི་དགོས་པ་འདོད། ཐབས་སྐྱོ་བའི་བྱེད་སྟངས་ངན་པ་འདི་མཚམས་བཞག་སྟེ་བོད་སྐད་དང་བོད་ཡིག་རྨང་གཞིར་བགྱིས་ཐོག་བོད་ཀྱི་ཟློས་གར་སློབ་འཁྲིད་བྱེད་དགོས་པ་གལ་ཆེའོ། །
བཞི་བ། ཊོ་རན་ཊོར་ན་ཡོད་པའི་གངས་ལྗོངས་ཆོས་ལྡན་གླིང་ལ་མཚོན་ན། ཆོས་དང་རིག་གཞུང་གི་བྱེད་སྒོ་དང་འབྲེལ་བའི་ཕྱི་ནང་གི་ཡིག་ཆ་ཡོངས་རྫོགས་དབྱིན་ཡིག་ཁོ་ན་བེད་སྤྱོད་བྱེད་པའི་ལམ་དང་ལུགས་སྲོལ་དར་ཁྱབ་ལ་སོང་ཚར་ཡོད། ལམ་དང་ལུགས་སྲོལ་འདི་ནི་འཆི་ལམ་ཁོ་ན་ཡིན་པ་ངོས་ཟིན་པར་བྱས་ཏེ། ད་ལྟ་ནས་བཟུང་ཚོགས་པའི་ཕྱི་ནང་གི་བྱེད་སྒོ་དང་འབྲེལ་བའི་ཡིག་ཆ་ཚང་མ་བོད་དབྱིན་ཤན་སྦྱར་ཐོག་འབྲི་བའི་ལམ་ལུགས་གསར་བ་གཏོད་དགོས། གལ་ཏེ། དེ་ལས་ཟློག་སྟེ་སྔར་ཡོད་ལམ་ལུགས་ལ་བསྒྱུར་བཅོས་མ་བཏང་བར་བསྡད་པ་ཡིན་ན།ནུབ་ཕྱོགས་སུ་བོད་ཀྱི་རིག་གཞུང་རྒྱུན་འཛིན་དང་སྲུང་སྐྱོབ་ཟེར་བ་ཁ་གཡང་ཙམ་དུ་ཟད་དོ།།
ལྔ་བ། ནུབ་ཕྱོགས་བོད་མིའི་སྤྱི་ཚོགས་ཀྱི་ཆེད་ལས་པའི་གྲངས་འབོར་ལོ་རེ་བཞིན་ཡར་འཕར་བཞིན་པ་དང་། སྤྱི་ཚོགས་ཞབས་ཞུ་དང་འབྲེལ་བའི་ལས་རིགས་གཉེར་མཁན་ཡང་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས། ཆེད་ལས་པ་དེ་དག་གིས་ངེས་པར་དུ་ཡུལ་དེའི་རྒྱལ་ཁབ་གྱི་གོ་སྐབས་དམ་འཛིན་གྱིས། བོད་མིའི་ས་ཁུལ་དག་ཏུ། སྐད་ཡིག་བེད་སྤྱོད་སའི་སྤྱི་ཚོགས་ཞབས་ཞུའི་ཚོགས་པ་གསར་བ་འཛུགས་ཐབས་ལ་འབད་དགོས་པ་དང་། ལྷག་པར་དུ་བོད་མིའི་ས་ཁུལ་ཁག་གི་སྤྱི་ཚོགས་ཞབས་ཞུ་ཁང་དག་གི་ནང་དུ་ཕྱག་ལས་གནང་བཞིན་པའི་བོད་མི་དེ་དག་གིས་རང་ཉིད་ཀྱིས་ཕྱག་ལས་གནང་སའི་ཚོགས་པ་དེའི་ཞབས་ཞུའི་ལས་རིགས་དང་འབྲེལ་བའི་གསལ་བསྒྲགས་ཡིག་ཆ་དང་། ངོ་སྤྲོད། བྱེད་སྒོ་དང་འབྲེལ་བའི་ཡིག་ཆ་རྣམས་བོད་ཡིག་ནང་དུ་འགྲེམ་སྤེལ་བྱེད་ཐུབ་པར་བརྩོན་དགོས། གལ་ཏེ་འདི་འདྲའི་ཕྱག་ལས་ལ་ཤུགས་སྣོན་རྒྱག་ཐུབ་པ་ཡིན་ན། ས་གནས་བོད་མིའི་འཚོ་གནས་དང་སྐད་ཡིག་བར་ལ་འབྲེལ་བ་བརྟན་པོ་ཞིག་ཆགས་ཐུབ་པ་དང་། སྐད་ཡིག་བེད་སྤྱོད་བྱེད་སའི་ཁོར་ཡུག་ཇེ་ཆེ་དང་ཇེ་རྒྱས་སུ་འགྲོ་ཐུབ་པར་སྙམ་མོ།།
དྲུག་པ། ནུབ་ཕྱོགས་སུ་ཡོད་པའི་བོད་མི་མང་ཤོས་བོད་ཡིག་འབྲི་ཀློག་ལ་རྨོངས་པ་ཤ་རྟག་ཡིན་མིན་མི་ཤེས་ཏེ། བོད་ཡིག་འབྲི་ཀློག་ལ་མི་དགའ་པ་དང་གཅིག བོད་མི་ནང་ཁུལ་ལའང་དབྱིན་སྐད་ཁོ་ན་བཤད་དེ་གླེང་མོལ་གནང་བ་དང་གཉིས། ཕ་མ་ལ་ལས་བསམ་བཞིན་དུ་བུ་ཕྲུག་ལ་དབྱིན་སྐད་ཁོ་ན་བཤད་པ་དང་གསུམ། ཕ་མ་ལ་ལས་རང་གི་དབྱིན་སྐད་ཡར་རྒྱས་སུ་གཏོང་ཕྱིར་བུ་ཕྲུག་བེད་སྤྱོད་བྱེད་པ་དང་བཞི། ཕ་མ་ལ་ལས་བུ་ཕྲུག་གི་མ་འོངས་བ་དབྱིན་སྐད་ལ་རེག་ལས་ཡོད་བསམ་ཞིང་བོད་ཀྱི་སྐད་ཡིག་ལ་མཐོང་ཆུང་དང་ལྔ། བོད་མི་རིགས་ཀྱི་འཆི་གསོན་ལ་བསམ་བློ་གཏོང་བའི་གཤིས་ཀ་མེད་པ་དང་དྲུག རྒྱལ་བའི་བཀའ་ཁ་ལ་འཁྱེར་བ་ལས་ཉམས་སུ་མི་ལེན་པ་དང་བདུན། དཔལ་འབྱོར་ལ་འཛིན་པའི་རིན་ཐང་ཆེ་དྲག་པ་དང་བརྒྱད་ནི། ཁྱིམ་ཚང་དང་སྤྱི་ཚོགས་ནང་གི་བོད་ཀྱི་སྐད་ཡིག་ཉམས་ཆགས་སུ་འགྲོ་བའི་རྒྱུ་རྐྱེན་དག་ཡིན། རྒྱུ་རྐྱེན་འདི་དག་གི་མཇུག་འབྲས་ནི་མིའི་བསམ་ཡུལ་ལས་འདས་པའི་གོད་ཆགས་འཇུགས་སུ་རུང་བ་ཡིན་པ་ལ་བསམ་གཞིག་ལེགས་པར་གཏོང་བའི་དུས་བསླེབས་པ་ན། བོད་མི་རེ་རེའི་ངོས་ནས་རང་གི་བྱ་སྤྱོད་ལ་བཟང་ངན་གྱི་དབྱེ་ཞིབ་བྱས་ཏེ་མི་རིགས་ཀྱི་ཚེ་སྲོག་སྐྱོབ་པའི་ལས་ཀརཞུགས་རྒྱུ་གལ་ཤིན་དུ་ཆེ་བར་མཐོང་ངོ་།།
བདུན་པ། བོད་ཡིག་འབྲི་ཀློག་ལ་རྨོང་བའི་དེང་དུས་ཀྱི་ཆེད་ལས་མི་སྣ་དང་ལྷན་པར་དུ་སྐད་ཡིག་གི་གལ་ཆེའི་རང་བཞིན་དང་། དགོས་མཁོའི་རང་བཞིན་སོགས་གླེང་བ་ཡིན་ན། ཕལ་ཆེ་བ་ཞིག་གི་ངོ་མདོག་འགྱུར་འགྲོ་བ་དང་། དོག་མི་བདེ་བ་གྱུར་བ། གླེང་མོལ་ལས་གཡོལ་ཐབས་བྱེད་པ་སོགས་ཡིན། ཆེས་ཉུང་ཞས་ཤིག་གིས་གནོང་རང་ཐོག་ཏུ་བླངས་ཏེ་དེ་མ་ཐག་ཁོང་ཁྲོ་ལངས་པ་དང་། བོད་ཡིག་བོད་སྐད་མ་ཤེས་ནའང་སྤྱི་ཚོགས་ལ་ཞབས་ཞུ་བསྒྲུབ་ཐུབ་པའི་དཔེ་མཚོན་དུ་བོད་དོན་འཐབ་རྩོད་ལ་སྣེ་ཁྲིད་མཁན་གྱི་མི་སྣ་རེ་ཟུང་དྲངས་ནས་འབྲེལ་མེད་དོན་གཞན་ཞིག་གི་ཐོག་ལ་རྩོད་པ་བྱེད། བོད་མི་འདི་དག་ལ་མཚོན་ན་ཁོར་ཡུག་གི་གནས་སྟངས་དང་ཆབ་སྲིད་ཀྱི་གནས་སྟངས་སོགས་རྒྱུ་རྐྱེན་མང་བོས་བོད་ཡིག་དང་བོད་སྐད་ལ་སྦྱོང་བའི་གོ་སྐབས་དང་མཐུན་རྐྱེན་མ་འཛོམས་པའི་དཀའ་ངལ་འཕྲད་ཡོད་པ་ནི་དངོས་ཡོད་རེད། ཡིན་ནའང་། རང་ཉིད་ཀྱི་མི་རབས་ཚ་རྒྱུད་རྣམས་བོད་མི་རིགས་ཀྱི་ངོ་བོ་རང་ལ་གནས་ཐུབ་པ་དང་། བོད་དོན་འཐབ་རྩོད་ཀྱི་རྒྱུན་མི་རབས་ནས་མི་རབས་ལ་གནས་ཐུབ་དགོས་པར་སེམས་གཏིང་ནས་འདོད་ན། ལོ་རྒན་དྲུག་ཅུ་བདུན་ཅུ་ལོན་པའི་བོད་མི་ཞིག་ཡིན་ནའང་། བོད་ཡིག་འབྲི་ཀློག་དང་བཀོལ་སྤྱོད་ཀྱི་ལས་ལ་བརྩོན་དགོས་པར་གལ་ཆེ་བར་མཐོང་ངོ།།
བརྒྱད་པ། བོད་ཡིག་འབྲི་ཀླིག་གི་གནས་ཚད་ཅུང་ཟད་ཡག་པོ་ཡོད་མཁན་རྣམས་ཀྱིས་ཀྱང་བོད་ཡིག་འབྲི་ཀློག་གི་ལས་ལ་བརྩོན་བཞིན་པའི་བོད་མི་རྒན་གཞོན་རྣམས་ལ་མཐོང་ཆུང་དང་། སྡུག་མོད། དམའ་འབེབས་དང་ཟུར་ཟ་སོགས་ནི། བོད་ཡིག་འབྲི་ཀློག་ལ་གསར་དུ་འཇུག་བཞིན་པའི་ལས་དང་བོ་རྣམས་ཀྱི་སེམས་ཤུགས་ལྕོགས་བྱེད་ཉག་གཅིག་ཏུ་མཐོང་བས། རང་རང་གིི་ལུས་ངག་གི་བྱ་སྤྱོད་ལ་གཟབ་ནན་བྱས་ཏེ། ལྷག་བསམ་རྣམ་དག་གིས་བརྡ་སྤྲོད་དང་། ཡི་གེའི་དག་ཆ། སྡེབ་སྤྱོར་བདེ་མིན་ལ་སོགས་ལ། རོགས་སྐྱོར་དང་འཛུབ་སྟོན་གནང་བ་ཡིན་ན་བོད་ཀྱི་སྐད་ཡིག་འབྲི་ཀློག་བཤད་གསུམ་གྱི་བྱེད་མཁན་གྱི་གྲངས་ཀ་འཕེལ་རྒྱས་སུ་འགྲོ་བར་ཕན་ཐོག་ཆེན་པོ་ཡོད་པ་རེད་སྙམ་མོ།།
མཐའ་དོན་མི་སུ་ཡིན་ནའང་རང་བློ་ལ་དཔག་པའི་ཡོན་ཏན་རེ་ཡོད་པ་དང་། རང་ལ་ཡོད་པའི་ཡོན་ཏན་དེ་རྩ་ཆེན་དུ་བརྩི་བ་ནི་འགྲོ་བ་མིའི་རང་གཤིས་ཤིག་ཀྱང་རེད། བོད་ཡིག་གི་རྨང་གཞིའི་ཐོག་ནས་སློབ་གསོའི་ཐེམ་རྐེས་ལ་འཛེགས་མ་མྱོང་བའི་མི་ཤིག་ལ་མཚོན་ན། བོད་སྐད་དང་བོད་ཡིག་ལ་མཐོང་ཆེན་མི་བྱེད་པ་ནི་མི་དེའི་རང་གཤིས་ཞིག་ཏུ་མཐོང་བ་དང་། སྤྱི་ཚོགས་སློབ་གསོའི་ལས་དོན་གྱི་རྐང་ལམ་བགྲོད་མ་མྱོང་བའི་བོད་ཀྱི་སྐད་ཡིག་གི་གནས་ཚད་མཐོན་པོ་ཡོད་མཁན་རྣམས་ལ་མཚོན་ནའང་། རང་གི་སྐད་ཡིག་གི་གནས་ཚད་ཁོ་ནས་སྟེང་ནས་གཞན་ལ་གོང་ཚོད་གཅོད་ཀྱིན་པའི་རང་གཤིས་ཤིག་ཡོད་དུས། སྐད་ཡིག་སློབ་གསོའི་ལས་དོན་དང་འབྲེལ་བའི་ནུབ་ཕྱོགས་བོད་མིའ་སྤྱི་ཚོགས་ནང་དུ་ཤུགས་རྐྱེན་ཆེན་པོ་ཐེབས་ཐུབ་གྱི་མེད། དེས་ན། ཚོགས་སྒེར་སུ་ཡིན་ནའང་། རང་སྟེང་ན་རང་མི་རིགས་ཀྱི་ཁྱད་ཆོས་ག་ཚོད་ཚང་ཡོད་མེད་ལ་དབྱེ་ཞིབ་དང་བསམ་གཞིག་ཡང་དག་པ་བྱས་ཏེ། ནུབ་ཕྱོགས་ཀྱི་བོད་མིའི་སྤྱི་ཚོགས་ནང་སྐད་ཡིག་ཉམས་ཆགས་ཀྱི་ཉེན་ཁ་ལས་སྐྱོབས་ཐབས་ལ། ཕྱར་བ་གྲུ་འདེགས་ཀྱི་བྱ་བར་ཞུགས་དགོས་པའི་གཉན་འཕྲེང་གི་དུས་ལ་བསླེབས་ཡོད་པ་ནི་བོད་ནང་གི་རང་ལུས་མེ་བསྲེགས་ཀྱི་བྱ་འགུལ་སོགས་ཀྱིས་བརྡ་སྤྲོད་བཞིན་ཡོད་པ་འདི་ལགས་སོ།།

རྩོམ་རིག

Post navigation

Previous Post: བརྗེད་མི་རུང་དེ་རིང་གི་ཉིན་མོ།
Next Post: སྟོན་པ་ལྷ་ལས་བབས་པའི་སྙན་ངག

Comments (60) on “ནུབ་ཕྱོགས་རྒྱལ་ཁབ་ནང་བོད་ཀྱིི་སྐད་ཡིག་སྲུང་སྐྱོབ་དང་རྒྱུན་འཛིན་སྐོར་གྱི་ཐབས་ལམ་ཅུང་ཟད་གླེང་བ།”

  1. འཕན་པོ་བསྟན་དར says:
    2011-11-18 at 3:11 am

    མཁས་གྲུབ་ལགས། ཁྱེད་ཀྱིས་ལྷག་བསམ་ཐོག་དྲང་བདེན་གྱི་འབོད་སྒྲ་འདིར་རྒྱབ་་སྐྱོར་ཞུ་རྒྱུ་ཡིན།།

  2. འཕན་པོ་བསྟན་དར says:
    2011-11-18 at 3:14 am

    ༄༅།། དཀར་དཀར་གངས་རིས་བསྐོར་བའི་ཞིང་ཁམས་ན།།
    དམར་དམར་རླུང་ཚུབ་གྲགས་པོས་མུན་པ་སྒྲིབས།།
    ལྗངས་ལྗངས་སྤང་ལྗོངས་སྟེང་གི་ལུག་ཁྱུ་རྣམས།།
    ནག་ནག་སྤྱང་གིས་བསྐོར་བ་ཡིད་རེ་སྐྱོ།། །།

  3. འབའ་བྱ་ཁྱུང། says:
    2011-11-18 at 4:49 am

    བསམ་ཚུལ་དང་འབྲེལ་བའི་རྩོམ་ཡིག་གནད་འཁེལ་འདི་འདྲ་ཚ་ཐོག་ཏུ་སྤེལ་བར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན།
    དེ་དང་ཆབས་ཅིག་སྨྱུག་ཐོགས་པ་རྣམས་ཀྱིས་ཁོང་གི་རྩོམ་ཡིག་ལ་དཔེ་བླངས་ནས་ད་གཟོད་རང་རང་སོ་སོའི་སྨྱུག་གུའི་སོ་ཁ་བོད་གཞུང་དང་རང་ཉིད་ཀྱི་ཕོར་པར་མི་གཏད་པར་བོད་ཀྱི་ཆབ་དཔལ་རིག་ཉམས་པ་སོར་ཆུད་དང་མི་ཉམས་རྒྱུན་འཛིན་ཇི་ལྟར་བྱ་དགོས་མིན།་་་བོད་ནང་གི་བོད་མིའི་མངོན་འདོད་དང་ཕུགས་རེ་ཇི་ལྟར་འཛིན་བཞིན་ཡོད་མེད།་ད་དུང་རང་གི་སྨྱུག་གུའི་སོ་ཁ་རྒྱ་གཞུང་ལ་གཏད་དེ་བོད་ཀྱི་ཆོས་དང་རིག་གཞུང་མི་རིགས་དང་བཅས་པ་རྩ་བརླགས་ཇི་ལྟར་བཏང་དང་གཏོང་བཞིན་སོགས་གླེང་སློང་གིས་རང་རེའི་བུ་རབས་ཚ་བརྒྱུད་རྣམས་ལ་སྨྱུག་གུའི་དམག་འཐབ་ཀྱི་གཡུལ་ས་ཆེན་པོ་ཞིག་བསྐྲུན་དགོས་པ་དུས་བབས་ཀྱི་ཆ་ནས་འུ་ཚོའི་འོས་འགན་གལ་ཆེ་ཞིག་ཡིན་པ་ཡང་ཡང་དྲན་གསོ་དགོས་པ་མཐོང།

  4. ཡང་དག་དགེ་བསྙེན་ says:
    2011-11-18 at 6:22 am

    ནོར་ཉེན་ཆེ་བའི་ཤ་དང་སེམས་ཅན་སྟག་ལས་གྲུབ་པའིམིང་ཚིག ཤ་སྟག་འདི་ཤ་རྟག་དུ་བྲིས་པ་ལས་གསར་གཏོད་ཤ་ཏག་ཏུ་བྲིས་ན་ལེགས།

  5. ཡང་དག་དགེ་བསྙེན་ says:
    2011-11-18 at 6:24 am

    ནོར་ཉེན་ ཆེ་བའི་ ཤ་དང་ སེམས་ཅན་ སྟག་ལས་ གྲུབ་པའི་ མིང་ཚིག ཤ་སྟག་ འདི་ ཤ་རྟག་ཏུ་ བྲིས་པ་ལས། གསར་དུ་ གཏོད་ན་ ཤ་ཏག་ཏུ་བྲིས་ན་ལེགས།

  6. གཉན་གཡག་ཕྲུག says:
    2011-11-18 at 7:37 am

    ཡང་དང་དགེ་བསྙེན་ལགས། དེང་སང་མཁས་པ་མང་དྲག་ནས་སྔོན་དུས་ལོ་པཎ་བྱང་ཆུབ་སེམས་དཔའ་རྣམས་ཀྱི་ལེགས་པར་གཏན་ལ་ཕབ་པའི་མིང་ཚིག་མང་པོ་ཞིག་གང་བྱུང་གིས་བསྒྱུར་བཟོ་བྱེད་པ་འདིས་དུས་ནམ་ཞིག་བཀའ་བསྟན་གཉིས་ཀྱི་མིང་ཚིག་ཐ་སྙད་དེ་རྣམས་གོ་མི་ནུས་པར་འགྱུར་ཉེན་ཆེ་བས་ཐ་སྙད་རང་སོར་བཞག་ན་མི་ལེགས་སམ།
    རྒྱ་མི་གུང་གིས་བོད་པའི་རིག་གཞུང་བསྒྱུར།
    ཟམ་གདོང་བླ་མས་དམངས་དེ་མང་དུ་བསྒྱུར།
    ཆུང་ཚེས་སྐྱེ་དམན་སྐྱེ་སྨན་བསྒྱུར།
    ཁྱེད་ཀྱིས་ཤ་སྟག་ཤ་ཏག་བསྒྱུར།
    ཁུངས་ལྡན་རིེག་གཞུང་ཡལ་བར་དོར།
    ཁུངས་མེད་བླུན་པོས་བསྒྱུར་བཟོས་བྱེད།
    མི་རབས་རྗེས་མར་དྲིན་རེ་ཆུང་།
    ཅིས་ཀྱང་ཐུགས་ལ་འཇག་པར་ཞུ།

  7. རིག་པའི་མེ་ལྕེ། says:
    2011-11-18 at 10:20 am

    སྔོན་ཡང་སྐད་གསར་བཅད་ཀྱིས་གཏན་ལ་ཕབས་པ་སོགས་ལོ་རྒྱུས་ཀྱི་རྡོ་རིང་སྟེང་ན་ཡོད་པའི་ཕྱག་རྗེས་འདི་ལ་བསྙེག་མཁན་ཚོར་རྗེས་སུ་ཡི་རང་དང་བཀྲ་ཤིས་བདེ་ལེགས་ཡོད། འོན་ཀྱང་སྔོན་གྱི་དུས་སུའང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་བསམ་བཞིན་མིའི་རྫུ་རུ་ཕེབས་པའི་ལོ་པཎ་དག་གིས་མཛད་པ་ཁོ་ན་ཡིན་སྐད། དེར་བརྟེན་ང་ཚོའི་མི་རབས་འདིར་ཡང་མིང་ཚིག་ཡར་རྒྱས་སུ་གཏོང་བ་གལ་ཆེ་ན་ཡང་། དོན་ལ་མཁས་པ་རྣམས་ཀྱིས་བསྡུ་བསྒྲིག་བྱེད་པ་ལས་རང་རེ་གྲོང་གསེབ་ཏུ་རྒྱུ་བའི་དྲ་འབུ་ཚང་མས་རང་མོས་ཀྱིས་སྐད་གསར་བཏོད་བྱས་ན། ང་ཚོ་བོད་ཆོད་གསུམ་གྱི་བར་དུ་སྐད་བརྡ་མི་འཕྲོད་པའི་རྙོག་དྲ་སྔར་ནས་ཡོད་ཐོག མི་རིང་བར་ནང་མི་རེར་སྐད་ཡིག་རེ་ཡོད་པ་དང་མཐར་བོད་མའི་ནང་ཁུལ་དང་ནང་མིའི་ནང་ཁུལ་དུའང་བརྡ་མི་འཕྲོད་པའི་ཉེན་ཁ་བསླེབ་སྲིད་པས་ཐུགས་གཟབ་མཛད་རོགས།།

  8. ཡང་དག་དགེ་བསྙེན་ says:
    2011-11-18 at 10:46 am

    ལགས་རེད། གསུང་རབས་དང་བརྡ་དང་མཐུན་པའི་དེང་གི་སྤྱི་ལ་མཐུན་པའི་སྐད་ཅིག་སྒྲིག་མ་ཐུབ་ན་བརྡ་སྙིང་ཁག་དྲགས། ཡུལ་སྐད་བསྲེས་དྲགས་ནས་རྙོག་ཁྲ་གསར་པ་མི་ཡོང་བའི་ངེས་པ་མེད།

  9. བྲག་ཞོལ་སྤེན་པ། says:
    2011-11-18 at 11:23 am

    དུས་རབས་ཀི་དགོས་མཁོ་དང་བསྟུན་བོད་ཀྱི་བརྡ་སྤྲོད་གཞུང་ལུགས་ལ་ནང་བྱན་ཆུབ་པའི་མཁས་པ་ཚོས་མིང་ཚིག་གསར་བཟོ་བྱས་ན་འོས་འཚམས་རེད།འོན་དེང་ཕྱི་རྒྱལ་གྱི་བོད་མི་བོད་སྐད་དག་མ་ཅིག་ཀྱང་གསུང་འབྱོན་མི་ཐུབ་མཁན་ཚོས་བོད་ཡིག་ལ་གསར་བརྗེ་བྱེད་འདོད་ཧམ་སེམས་བཅིངས་བཞིན་པ་གཏོར་བཤིག་ཁོ་ན་རེད།དེ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།རྒྱ་མི་དང་བོད་མི་སུས་བོད་ཀྱི་རིག་གཞུང་གཏོར་བརླག་བཏང་ན་ངོ་རྒོལ་ཡོད་པ་གཅིག་མཚུངས་ཡིན།

  10. བོད་ཡིག་སྐྱབས། says:
    2011-11-18 at 2:50 pm

    ངའི་གོ་ཚོད་ལ་ཕྱི་སྡོད་བོད་མི་ཚོ་མི་རིགས་གཞན་ལ་བསྒྱུར་ཀྱང་འགྱུར་དཀའ་རབས་ཟེར། འདི་མི་རིགས་གཞན་དག་གིས་བཤད་པའི་མཐོང་སྣང་ཞིག་རེད། དེ་བདེན་པ་འདྲ། མ་གཞི་ནས་སྐད་ཡིག་དང་རིག་གཞུང་ཕྱུག་པོ་ཅན་གྱི་མི་རིགས་ཤིག་ལས་སླ་བོར་འཆི་དཀའ།
    གང་ལྟར་བོད་དང་དེའི་རིག་གཞུང་གི་ཆེད་དུ། དེའི་རིག་གཞུང་གིས་ཀུན་ལ་ཕན་ཕྱིར་བོད་ཡིག་ལ་རེ་བ་བཅོལ་ན་བོད་ཡིག་གིས་ཀྱང་བོད་མི་ཚོར་མགོན་སྐྱབས་གནང་ཁོ་ཐག་ཡིན། བོད་མི་མི་མཚན་ཉིད་པ་ཞིག་བྱེད་འདོད་ན་བོད་ཡིག་ཚད་ལོངས་པ་ཞིག་ཤེས་དགོས་ངེས་རེད་ཅེས་བཤད་ན་ཁས་ལེན་ནམ།

  11. མཁས་གྲུབ says:
    2011-11-18 at 2:57 pm

    དྲ་གྲོགས་རྣམས་ལ་རེ་སྐུལ། དོན་ཚན་བརྒྱད་པ་ཞུབ་མོར་ཀློག་ནས་རྩོམ་ཐུང་འདིའི་ནང་དུ་མ་དག་པ་དང་མ་འགྲིག་པ་ཡོད་པ་དག་བཅོས་རོགས་གནང་ཞུ་རྒྱུ་ཡིན། ང་ནི་བོད་ཡིག་ལ་གཞི་ནས་དོན་གཉེར་བྱེད་བཞིན་པའི་ཕྱི་རྒྱལ་གྱི་བོད་མི་ཞིག་ཡིན། བོད་ཡིག་གི་ཕྱོགས་ནས་རྣམ་པ་ཚོའི་ཡོན་ཏན་ཕྲན་ལས་ཁྱད་དུ་འཕགས་ཡོད་པའི་ཡིད་ཆེས་ཡོད་ལ་གུལ་བརྩི་ཡང་ཡོད།

  12. རྒོད་བསམ་རང་འགན་རང་ཁུར་ says:
    2011-11-18 at 5:14 pm

    བོད་ཡིག་ནི་བོད་ནི་གངས་ཅན་པ་ས་ཡ་དྲུག་གི་བླ་སྲོག་ཙམ་མིན་པ་ནང་པའི་ཆོས་ཀྱི་ཨ་མ་གཙོ་བོར་འགྱུར་པའི་འཛམ་གླིང་འདིར་ཞི་བདེའི་སྒྲོན་མེ་ཞིག་སྟེ་
    གལ་སྲིད་བོད་པ་ཞིག་ཡིན་ཚེ་བོད་ཡིག་ཤེས་པ་ནི་རང་ཉིད་ཀྱི་ངོ་བོ་དང་པོ་སྟེ་་་་་
    གཞན་སྐད་ཇི་སྙིད་ཤེས་ཀྱང་རང་གི་སྐད་ཡིག་མ་ཤེས་ཚེ་ཆེས་ནམ་ཡང་བློ་ཕམ་གྱི་རྒྱུ་ཞིག་
    སོང་ཙང་སྤུན་གྲོགས་ཚོ་ནམ་ཡང་རང་ཉིད་ཀྱི་བོད་ཡིག་ལ་དོ་སྣང་དང་བརྩི་བཀུར་དེ་བཞིན་རང་ཉིད་ཀྱི་ཉིན་རེའི་ལས་དོན་དང་འབྲེལ་བ་ཡོད་མེད་ལ་མ་བལྟ་བར་བོད་མི་ཞིག་ཡིན་སྙམ་པའི་འགྱུར་མེད་ལ་རྒྱའི་རི་མོ་སེམས་ཀློང་ལྡུམ་རར་ས་བོན་བཏབ་རྒྱུ་ནི་རང་ཉིད་ཀྱི་ལས་འགན་ཞིག་ཡིན་པ་ནམ་ཡང་མ་བརྗེད་རོགས་།།
    བོད་ཡིག་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་སྤེལ་མཁན་དག་སྙིང་ནས་བསྟོད་བསྔགས་ཀྱི་ཁ་དར་དཀར་པོ་ཕུལ་ལོ་

  13. ཉེར་གཅིག་པའི་ཅོང་རྡ། says:
    2011-11-19 at 5:11 am

    མཁས་གྲུབ་ལགས།
    ཞུབ་མོར་མ་རེད། ཞིབ་མོར་རེད།
    གུལ་བརྩི་མ་རེད། གུས་བརྩི་རེད།

    ཁྱེད་དངོས་གནས་དྲྭ་གྲོགས་རྣམས་ལས་ཁྱད་ལས་འཕགས་པ་འདུག

  14. རྒྱ་གར་རྨ་བྱ། says:
    2011-11-19 at 7:04 am

    མངོན་པར་བསྟོད་དོ།།

  15. མཁས་གྲུབ says:
    2011-11-19 at 11:51 am

    ཉེར་གཅིག་པའི་ཅོང་རྡ་ལགས་ཀྱིས་ཕྲན་གྱི་ཡིག་ནོར་བཅོས་གནང་བ་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ། ད་ནས་བཟུང་ཞིབ་མོར་ཞེས་པའི་ཡིག་གེ་འདི་ངས་ནོར་གྱི་མ་རེད།

  16. ལུང་རྟོགས། says:
    2011-11-19 at 12:38 pm

    བོད་ཀྱི་རྩོམ་པ་པོ་ཚོས་རྩོམ་ཡིག་འདི་འདྲ་རེ་སྤེལ་ཐུབ་ན་ང་ཚོའི་སྤྱི་ཚོགས་ཀྱི་འཆི་གསོས་ཀྱི་སྨན་ལ་གྱུར་ངེས། མཁས་གྲུབ་ལགས་ཀྱི་གསུངས་པ་ལ་རྒྱ་ཆ་རྒྱ་རྒྱབ་སྐྱོར་ཡོད། སྐད་ཡིག་བརླག་སོང་ན་རིག་གནས་ཀྱི་རྩ་བ་བརླག་སོང་བ་རེད་ལ། རིག་གནས་བརླག་སོང་ན་མི་རིགས་ཀྱི་ངོ་བོ་གཏན་ནས་གནས་ཐབ་མེད། དེས་ན་མི་རིགས་འདི་ལ་དུང་བ་ཅན་རེ་ཡོད་ན་རང་རིགས་ཀྱི་སྐད་ཡིག་འདི་ལ་ཤུགས་རྒྱག་རྒྱུ་ཤིན་ཏུ་གལ་ཆེ།

  17. ཨ་རིག་དགེ་མཐོང་། says:
    2011-11-19 at 12:55 pm

    མཁས་གྲུབ་ལགས། ཁྱེད་ཀྱིས་ལྷག་བསམ་རྣམ་པར་དག་པའི་སྒོ་ནས་བྲིས་པའི་རྩོམ་འདི་ལ་རྗེས་སུ་ཡི་རང་ཞུ། ཁོ་བོ་ད་ལྟ་འཇང་དགུན་ཆོས་ཀྱིས་དེད་ནས་ཡོད་པས་མཆན་བུ་འདེབས་པ་དང་དག་ཆ་བཅོ་རྒྱུའི་ལས་ཀ་དེ་རིགས་འཐུས་ཤོར་རེད། གོང་དུ་མཆན་བུ་འདེབས་མཁན་གྱི་ཁྲོད་དུ་ཡིག་ནོར་ཁག་ཅིག་འདུག་མོད།གནས་སྐབས་འབའ་སྲས་ལགས་སུ་སྐྱབས་འཇུག་ཞུ་རྒྱུ་ལས་ཁོ་བོ་ལ་དུས་ཚུད་མེད།

  18. སྒྲོན'མེ' says:
    2011-11-19 at 2:06 pm

    མཁས’གྲུབ’ལགས།སྐུ’ཉིད’བཞུགས’ས’ཕྱི’རྒྱལ’དུ’བཞུགས’ནས’
    བོད’ཡིག’ལ’དོ’སྣང’བྱས’པ’ཐུགས’རྗེ’ཆེ’ཞུ’བ’དང’ཆབས’ཅིག’
    སྐུ’ཉིད’ནང’བཞིན’ཕྱི’རྒྱལ’བཅའ’བཞུགས’བོད’ཕྲུག’བོད’ཡིག’ལ’དོ’
    སྣང’བྱེད’པ’མང’བོ’ཡོངས’བར’རེ’བ’ཞུ’བ’ཡིན།

  19. ཨ་ར་དཀར་པོ says:
    2011-11-19 at 2:38 pm

    རྒོད་བསམ་ལགས། ཁྱེད་ཀྱི་ཡིག་ནོར་འདི་ལྟར།
    གཙོ་བོར་འགྱུར་པའི་ནོར། གཙོ་བོར་གྱུར་པའི་ཟེར་དགོས།
    ཇི་སྙིད་ནོར། ཇི་སྙེད་ཡིན།
    ཆེས་ནམ་ཡང་། ཆེས་ལ་གོ་རྒྱུ་ཅང་མེད་པས་མེད་ན་ལེགས།
    བཏབ་རྒྱུ་ནོར། འདེབས་རྒྱུ་ཟེར་དགོས།
    ཕུལ་ལོ་ནོར། འབུལ་ལོའམ་ཕུལ་ཏོ་འབྲི་དགོས།

  20. ཨ་ར་དཀར་པོ says:
    2011-11-19 at 2:46 pm

    གོང་གི་མཆན་༡༦པ།
    ལུང་རྟོགས་ལགས་ཀྱི་ཡིག་ནོར་གཤམ་གསལ།
    འཆི་གསོས་ཀྱི་སྨན་ལ་གྱུར་ངེས་ཞེས་པ་ འགྱུར་ངེས།
    རྒྱ་ཆ་རྒྱ་ཞེས་པ། བརྒྱ་ཆ་བརྒྱ།
    གནས་ཐབ་མེད། གནས་ཐབས་མེད་བཅས་སོ།

  21. ཨ་ར་དཀར་པོ says:
    2011-11-19 at 2:58 pm

    མཆན་བདུན་པ་རིག་པའི་མེ་ལྕེ་ལགས་ཀྱི་ཡིག་ནོར།
    སྐད་གསར་བཏོད་ ནོར་ སྐད་གསར་གཏོད་ཡིན།
    ཆོད་གསུམ་ ནོར་ ཆོལ་གསུམ་ཡིན།
    ཉེན་ཁ་བསླེབ་སྲིད་པས་ ནོར་ སླེབས་སྲིད་པས་ཡིན

  22. ཨ་ར་དཀར་པོ says:
    2011-11-19 at 3:09 pm

    འབའ་བྱ་ཁྱུང་ལགས་ཀྱི་ཡིག་ནོར་དང་ནོར་བཅོས།
    ཆབ་དཔལ་རིག སྲིད་འབྱོར་རིག
    སྨྱུག་གུ སྨྱུ་གུ
    ཕོར་པར ཕོར་བར
    རྩ་བརླགས རྩ་བརླག

  23. མཁས་གྲུབ says:
    2011-11-19 at 3:13 pm

    ལུང་རྟོགས་ལགས་དང་། ཨ་རིག་དགེ་མཐོང་ལགས། སྒྲོན་མེ་ལགས་སོགས་ཀྱིས་རྒྱབ་སྐྱོར་གནང་ལ་བཀའ་དྲིན་ཆེ།

  24. མཁས་གྲུབ says:
    2011-11-19 at 3:17 pm

    ཨ་ར་དཀར་པོ་ལགས། ཉིད་ཀྱིས་ཡིག་ནོར་བཅོས་པ་དག་ཕྲལ་ལ་མཚོན་ན་དངོས་གནས་ཕན་ཐོག་ཆེན་པོ་འདུག་པས། ཐུགས་རྗེ་ཆེ་ཞུ་འདོད་བྱུང་།

  25. ཨ་ར་དཀར་པོ says:
    2011-11-19 at 3:17 pm

    མཆན་གཉིས་པ།
    འཕན་པོ་བསྟན་དར་ལགས་ཀྱི་ཡིག་ནོར་དང་ནོར་བཅོས་གཤམ་གསལ།
    རླུང་ཚུབ་་་་་་་་་་་་་་་རླུང་འཚུབ།
    ལྗངས་ལྗངས་་་་་་་ལྗང་ལྗང་།
    སྤྱང་གི་་་་་་་་་་་་སྤྱང་ཀི

  26. ཨ་ར་དཀར་པོ says:
    2011-11-19 at 3:28 pm

    ཨ་དགེ་ལགས།
    འབའ་སྲས་ཀྱང་ཕེབས་མི་འདུག་པས་ཕྲན་ནས་ཡིག་ནོར་འགའ་རེ་བཅོས་ཁུལ་བྱས་ཡོད། གོང་དུ་ཡིག་ནོར་བསྟན་པ་རྣམས་ཀྱིས་མ་ཤེས་པར་ནོར་བ་ཁོ་ན་མིན་པར་མཉམ་འཇོག་མ་བྱས་པར་ཁ་ལག་བར་ནས་ནོར་བའང་ཚང་མར་འབྱུང་བཞིན་ཡོད་ན་བདག་ཀྱང་དེ་བཞིན་ནོ།

  27. ཨ་ར་དཀར་པོ says:
    2011-11-19 at 3:33 pm

    མཁས་གྲུབ་ལགས།
    ཁྱེད་ལ་རྗེས་སུ་ཡི་རང་བྱེད་བཞིན་ཡོད། སྤྱིར་ཡིག་ནོར་ང་ཚོ་ཚང་མས་འབྲི་བཞིན་ཡོད་ལ་ཞུ་དག་པའང་ང་ཚོ་རང་ཡིན།

  28. ཚ་ཕྲུག་རྒྱལ། says:
    2011-11-20 at 1:38 am

    ཟུར་མཆན་ ༡༧༽ ཨ་རིག་དགེ་མཐོང་ལགས་ཀྱིས་གཞན་དག་གི་ཡིག་ནོར་གསུངས་བཞིན་པས་དེ་གར་རང་དུ་ཉིད་རང་གིས་ཀྱང་ཡིག་ནོར་འགའ་བཟོས་འདུག་པས་ནོར་བཅོས་ཞུ་ན་འདོད།
    ༼དག་ཆ་བཅོ་རྒྱུའི་ལས་ཀ་དེ་རིགས་༽ དག་ཆ་བཅོ་རྒྱུའི་ལས་ཀ་དེའི་རིགས་
    ༼ཁོ་བོ་ལ་དུས་ཚུད་མེད།༽ ཁོ་བོ་ལ་དུས་ཚོད་མེད།
    དྲྭ་ཐོག་གི་ཡིག་ནོར་ནི་མི་ཤེས་པའམ་སེམས་དང་མིག། ལག་དང་མཛུབ་གནོན་བར་ནས་ཤོར་བ་སོགས་ཡོད་པས་དྲྭ་གྲོགས་ཚང་མས་གཟིགས་དགོས།

  29. སྒྲོན'མེ' says:
    2011-11-20 at 3:05 am

    ཧཧཧ’དྲ’གོྲགས’རྣམས’ལ’ཡིག’ནོར’དེ’འདྲ’མང’བོ’ཤོར’གི’ཡོད’པ’དེ’རིང’
    མ’གཏོགས’ཧ’གོ’མ’སོང།རེད’ཡ’དེ’ནི’ང’རང’རྨོངས’བས’དབང’གིས’རེད།ཨ’ར’དཀར’བོ’ལགས།
    ཁྱོད’ནི’ཡིག’ནོར’བཅོ’མཁན’
    ཕུལ’དུ’བྱུང’བ’ཞིག’རེད།གང’ཡིན’ཟེར’ན།ཁོྱད’ཀྱི’དག’བཅོས’དེ’ནི།ཚིག’ཉུང’ཞིང’
    ཞིང’ཁ’གསལ’ལ’བལྟ’བདེ’ཞིང’ངོ’འཕྲོད’སླ’བ’ཞིག’རེད།ཨ’ར’དཀར’པོ’ལགས།
    ཁྱོད’ཀྱིས’དག’བཅོས’ཡང’ཡང
    ‘བྱེད’རྒྱུ’རེ’སྐུལ’ཞུ’བ’ཡིན།དྲ’གྲོགས’རྣམ’པ’ཚོ།ཡིག’ནོར’ལ’གཟབ’རྒྱུ’ནི’གལ’ཆེན’པོ’ཡིན’པས
    ཚང’མས’ཐུགས’ལ’འཛིན’པར’ཞུ།

  30. རྒོད་བསམ་རང་འགན་རང་ཁུར་ says:
    2011-11-20 at 4:56 am

    ཨ་ར་དཀར་པོ་ལགས་་་་་་་་་་་་་་་ཁྱོད་ཀྱིས་ཕྲན་གྱི་དག་ནོར་བཅོས་གནང་བར་བཀའ་དྲིན་ཆེ།

  31. ལུང་རྟོགས། says:
    2011-11-20 at 11:17 am

    ཨ་ར་དཀར་པོ་ལགས་ནས་ཡིག་ནོར་བཅོས་གནང་བ་ཐུགས་རྗེ་ཆེ།

  32. ལུང་རྟོགས། says:
    2011-11-20 at 11:22 am

    སྒྲོན་མེ་ལགས་ཀྱི་ཡིག་ནོར། རྨོངས་བས་དབང་གིས་རེད་་་་་་་་་་་་་་་་་་་་་་་་་་རྨོངས་པའི་དབང་གིས་རེད།
    ཡིག་ནོར་བཅོ་མཁན་་་་་་་་་་་་་་་་་་་ཡིག་ནོར་བཅོས་མཁན།

  33. བོད་ཀྱི་བུ། says:
    2011-11-20 at 12:37 pm

    ཚ་ཕྲུག་གི་ཡིག་ནོར།
    གསུངས་བཞིན་པས་་་་་་་་་་གསུང་བཞིན་པས
    ཡིག་ནོར་འགའ་བཟོས་་་་་་་་་་ཡིག་ནོར་འགའ་བྲིས་ཟེར་ན་མི་བདེའམ།
    དེ་ནས་དེང་སང་དྲ་བའི་དྲ་ལ་ཝ་ཟུར་འབྲི་བ་འདི་ལ་ཡང་དགོས་པ་དམིགས་བསལ་མེད་ན་དྲ་དྲ་རྐྱང་བྲི་ན་སྟབས་མི་བདེའམ།

  34. བོད་ཀྱི་བུ། says:
    2011-11-20 at 12:40 pm

    ལུང་རྟོགས་ལགས།

    ཡིག་ནོར་བཅོས་མཁན་ཡང་མ་རེད། ཡིག་ནོར་བཅའ་མཁན་རེད།

  35. བོད་ཀྱི་བུ། says:
    2011-11-20 at 12:47 pm

    སྒྲོན་མ་ལགས།

    མང་པོ་ཤོར་གི་་་་་་་་་་མང་པོ་ཤོར་གྱི་
    ཡང་ཡང་བྱེད་རྒྱུ་་་་་་་་་་་ཡང་ཡང་བྱ་རྒྱུ་ཟེར་ན་བདེ་བར་འདུག་སྙམ།

  36. བོད་ཀྱི་བུ། says:
    2011-11-20 at 12:56 pm

    ཨ་ར་དཀར་པོ་ལགས།

    ཆབ་དཔལ་རིག་གསུམ་སྲིད་འབྱོར་རིག་གསུམ་ལ་བཅོས་པར་དགོས་པ་དམིགས་བསལ་མཐོང་མ་སོང་བས་རྒྱུ་མཚན་ཏོག་ཙམ་གསུང་ན་འགྲིག་གམ།

  37. ཨ་ར་དཀར་པོ says:
    2011-11-20 at 1:19 pm

    བོད་ཀྱི་བུ་ལགས།
    ཚིག་སྡུད་བྱེད་སྐབས་གཙོ་ཚིག་དང་ཕལ་ཚིག་གཉིས་ལས་གཙོ་ཚིག་འདོར་མི་རུང་། དཔེར་ན་ཆབ་སྲིད་ལྟ་བུའི་ཆབ་ཕལ་བ་དང་སྲིད་གཙོ་བོ་སྟེ། སྲིད་འཛིན། སྲིད་སྐྱོང་། སྲིད་བློན་སོགས་ཀྱིས་མཚོན། དེ་བཞིན་དཔལ་འབྱོར་ཞེས་པའི་དཔལ་ཕལ་བ་དང་འབྱོར་གཙོ་བོ་ཡིན། དཔེར་ན་འབྱོར་ལྡན། འབྱོར་མེད། འབྱོར་བ། འབྱོར་ཕྱུག་ལྟ་བུས་མཚོན། གཙོ་ཚིག་ཡོད་པ་བསྡུས་ནས་ཕལ་བ་སྤྱད་ན་གོ་རྒྱུ་ཆེར་མེད་ལ་བསྡུས་སྐྱོན་དུའང་འགྱུར་བ་ཡིན། འོན་ཀྱང་ཆབ་དཔལ་རིག་གསུམ་ཞེས་མང་པོ་ཞིག་གིས་སྤྱོད་བཞིན་པ་ནི་མ་དག་རྒྱུན་འབྱམས་སུ་སོང་བའོ།

  38. སྒྲོན'མེ' says:
    2011-11-20 at 1:49 pm

    བོད’ཀྱི’བུ’དང’ལུང’རྟོགས’ལགས’གཉིས’ཆ’ལ’ཕྲན’གྱི’ཡིག’ནོར’བཅོས’པ’ལ’ཐུགས’རྗེ’ཆེ’ཞུ’བ’ཡིན།
    རྗེས’སུ’ཡང’ཡང’དག’བཅོས’བྱ’བར’རེ’བ’ཞུ’བ’ཡིན།སྤྱིར’ཡིག’ནོར’འབྲི’མཁན’དང’ཡིག’ནོར’བཅའ’མཁན’གཉིས’ལས’
    བཅའ’མཁན’ནོར’ན’ཚབས’ཆེན’རེད’བསམ’གྱིན’འདུག གང’ལྟར’ཚང’མས’ཡིག’ནོར’ལ’གཟབ’རྒྱུ
    ‘གལ’ཆེན’པོ’རེད།

  39. ཨ་ར་དཀར་པོ says:
    2011-11-20 at 2:15 pm

    སྒྲོན་མེ་ལགས།
    ཡིག་ནོར་འབྲི་མཁན་དང་ནོར་བཅོས་བྱེད་མཁན་གཉིས་སུས་ཡིག་ནོར་ཤོར་ཡང་དེ་ལ་ཚབ་ཆེ་ཆུང་གི་སྐད་ཆ་བཤད་རྒྱུ་མེད་སྙམ། རྒྱུ་མཚན་ནི་དེ་གཉིས་ཀའང་ཐམས་ཅད་མཁྱེན་པ་མིན་པས་ནོར་འཁྲུལ་ངེས་པར་དུ་ཡོང་སྲིད། འོན་ཀྱང་ནོར་འཁྲུལ་ནོར་འཁྲུལ་དུ་བལྟས་ནས་ངོས་ལེན་དང་ཡོ་བསྲང་བྱེད་མིན་དེ་གཙོ་བོ་རེད་འདོད། ཞོར་ལ་གོང་དུ་ཁྱེད་ཀྱིས་ཚབས་ཆེན་གྱི་ཚབ་ལ་ས་མཐའ་བྲིས་པ་ནོར་འདུག་ཅེས་ཞུའོ།

  40. ཨ་ར་དཀར་པོ says:
    2011-11-20 at 2:17 pm

    ཚབས་ཆེན་གྱི་ཞེས་པ་ཚབས་ཆེན་ཞེས་་་་་་་ཞེས་པར་བཅོས།

  41. བོད་ཀྱི་བུ། says:
    2011-11-20 at 2:33 pm

    ཨ་ར་དཀར་པོ་ལགས། གསལ་བཤད་གནང་པར་ཐུགས་རྗེ་ཆེ།

    ཆབ་དཔལ་རིག་གསུམ་ཞེས་པའི་བསྡུས་ཚིག་འདི་ཡང་དེང་སང་དབྱིན་ཚིག་སོགས་ཀྱི་ཚིག་གི་ཡི་གེ་དང་རྣམས་བསྡུས་པའི་ཚིག་སྡུད་ཀྱི་འགྲོ་སྟངས་ཞིག་ཡོད་པའི་རིགས་པ་བླངས་ཡོད་པར་སྣང་ལ། མ་ཟད་ཚིག་སྡུད་སྐབས་ཚིག་བསྡུ་བྱའི་མིང་ཚིག་གི་ཚེག་ཁྱིམ་དང་པོ་རྣམས་སྡུད་པ་དེར་ཡང་རྒྱུ་མཚན་ཞིག་ཡོད་པར་སྙམ།

    དེ་ནས་ཉིད་ཀྱིས་གསུངས་པ་ལྟར་གཙོ་ཚིག་མ་གཏོགས་ཕལ་ཚིག་གིས་བསྡུ་མི་རུང་ན་ཆབ་འབངས་ཞེས་པའི་ཚིག་སྡུད་དེ་ཡང་སྲིད་འབངས་ལ་བསྒྱུར་དགོས་པ་མིན་ནམ། ད་དུང་འདི་ལྟ་བུ་ཧ་ཅང་མང་པོ་འདུག་པས་ཡུན་གྱིས་གླེང་ཆོག

    དེ་ནས་སྒྲོན་མེ་ལགས།
    བསམ་གྱིན་ཡོད་ཅེས་པ་ཡང་དངོས་གནས་བྱས་ན་་་་་་་སེམས་ཀྱིན་ཡོད་་་་་་་ཅེས་བྲི་དགོས་ཀྱང་དེང་སྐབས་ཚང་མས་མ་དག་རྒྱུན་འབྱམས་ཀྱིས་བསམ་གྱིན་ཞེས་འབྲི་བཞིན་འདུག

  42. ཨ་ར་དཀར་པོ says:
    2011-11-20 at 3:00 pm

    སྒྲོན་མེ་ལགས།
    ཆབ་འབངས་ཞེས་པ་སྲིད་འབངས་སུ་བསྒྱུར་མི་འོས་ཏེ། ཆབ་ཞེས་མིང་གི་སྔོན་དུ་སྦྱར་བ་ཞེ་ཚིག་སྒྲུབ་བྱེད་ཀྱི་ཚིག་གྲོགས་ཙམ་ལས་གཞན་མིན་ཏེ། དཔེར་ན། ཆབ་འབངས། ཆབ་ཞོ། ཆབ་འོག ཆབ་སྲིད་སོགས་ལྟ་བུའོ། ཆབ་མེད་པར་འབངས་ཁོ་ནས་ཀྱང་དོན་སྟོན་ནུས་པ་ཡིན་མོད་སྔར་གྱི་རྒྱལ་པོའི་ལམ་ལུགས་སོགས་ཀྱི་སྐབས་དེ་ལྟར་བརྗོད་ན་རྒྱལ་པོར་གུས་ཞབས་མེད་པ་ལྟ་བུར་འགྱུར་བས་ཞེ་ས་ཆབ་ཞེས་པ་སྦྱར་བའོ། དཔེར་ན། ཁྱི་གང་ཞིག་གི་བདག་པོ་བླ་མ་ཆེ་གེ་མོ་ཡིན་ན་ཐད་ཀར་ཁྱི་ཞེས་མི་བརྗོད་པར་བླ་མའི་གཟིམ་ཁྱི་ཞེས་ཞེ་ས་སྤྱོད་མོད་གཟིམ་ནི་ཞེ་ས་ཙམ་ལས་གཞན་གང་ཡང་མིན་པ་ལྟ་བུ་ཡིན།

  43. སྒྲོན'མེ' says:
    2011-11-20 at 4:03 pm

    ཨ’ར’དཀར’བོ’ལགས། ཁྱོད’ཀྱིས’ནོར’འཁྲུལ’ནོར’འཁྲུུལ’དུ’བལྟས’ནས’ངོས’ལེ
    ན’དང’ཡོ’བསྲང’བྱེད’པ’ཞེས’པ’དེ’དངོས’ནས’བདེན’པ’རེད།ཕྲན’ཡང’ནོར’འཁྲུལ’ཡོ’བ
    སྲང’བྱ’འདོད’མཁན’ཞིག’ཡིན།མི’སུ’དང’སུ’ཡིན’ན’རང’སྐྱོན’ངོས’ལེན’དང’ཡོ’བསྲང’བྱེད’པ’དེ’ཡར’རྒྱས’ཀྱི’སྐས’འཛེག’ལྟ’བུ’ཞིག’ཏུ’བསམ’གྱིན’ཡོད།ཡིག’ནོར’བཅའ’མཁན’དང’འབྲི’མཁན’གཉིས’ལས’བཅའ’མཁན’ཚབས’ཆེན’མིན’པཁྱེད’རང’གིས’ལུང’རིགས’གང’གིས’ཀྱང’བསྒྲུབ’མི’ཐུབ’པས’དེ’ལ’མ’འབད’ཅིག ཁྱེད’རང’གི’རྒྱུ’མཚན’ཞིག’བཀོད’འདུག’གྱང’དེ’ལྟར’སྣང’ཞིག’ལས’མ’འདས’པས།
    ཐམས’ཅད’མཁྱེན’པ’མ’ཡིན’ན’ནོར’འཁྲུལ’ཡོངས’སྲིད’པའི’མ’ཁྱབ’སྟེ’
    ཐམས’ཅད’མཁྱེན’པ’མ’ཡིན’པའི’ཚད’མ’དུ’མ’ཡོད’པས’སོ།ནོར’འཁྲུལ’ཡོངས’སྲིད’ན’ནོར’འཁྲུལ’ཚབས’ཆེ’ཆུང’མེད’པའི’ཁྱབ’བ’ཞིག’ག’ལ’ཡོད། ཚབས’ཆེན’གྱི’ཚབས’ལ’ས’མཐའ’མེད’པའི’རྒྱུ’མཚན’གསལ’བོ’ཞིག’གསུང’རོགས’གནང’

  44. ཨ་ར་དཀར་པོ says:
    2011-11-20 at 4:28 pm

    སྒྲོན་མེ་ལགས།
    ཁྱེད་བདེན། ཚབས་ཆེན་གྱིན་ཚབས་ལ་ས་མཐའ་ཡོད། ང་ནོར་འདུག
    རྒད་པོ་དངོས་གནས་ཆང་གིས་བཟི་བ་འདྲ། འོན་ཀྱང་ཁྱེད་ཀྱིས་ཀྱང་ནོར་འཁྲུལ་ནོར་འཁྲུལ་དུ་ཤེས་ནས་ངེས་ལེན་བྱེད་གལ།
    ཇི་སྐད་དུ། དོར་ཞི་གདོང་དྲུག་སྙེསམ་བློའི་ཞལ་ནས།
    རྒྱུ་དང་དབང་ཐང་ཆུང་མ་སོགས་མིན་པར།།
    ཤེས་བྱའི་གནས་ལུགས་རྩོད་ཁྱོད་བསྔགས་པའི་ཡུལ།།
    རྩོད་པ་ཤགས་ཀྱིས་བརྒྱན་པའི་སྲོལ་དར་བས།།
    ཚིག་སྣེ་ཕོག་ཐུག་དགོངས་འགལ་མེད་པ་མཛོད།།

    ད་ཉལ་རན་སོང་། གཟིམ་འཇགས་གནང་།

  45. སྒྲོན'མེ' says:
    2011-11-20 at 4:48 pm

    བོད’ཀྱི’བུ’ལགས།བསམ’གྱིན’ཚབ’ལ’སེམས’ཀྱིན’འབྲི’དགོས’པའི’རྒྱུ’མཚན’གང’ཡིན’ནམ’
    གསལ’བོ’ཞིག’གསུང’རོགས’ཞུའོ།

  46. མཁས་གྲུབ says:
    2011-11-20 at 5:57 pm

    ཕྲན་ལ་མཚོན་ན། ནོར་བཅོས་དང་འབྲེལ་བའི་ཕན་སེམས་ཀྱི་མཆན་རྣམས་དངོས་གནས་ཕན་ཐོག་ཆེན་པོ་འདུག། འོན་གྱང་བརྗོད་གཞི་དང་འབྲེལ་བའི་གླེང་མོལ་གནང་མཁན་མང་བོ་མི་འདུག། དེ་ན་རང་ཉིད་གནས་ཡུལ་གྱི་སྤྱི་ཚོགས་དང་འབྲེལ་བའི་ཉམས་མྱོང་གཙོར་བཞག་གིས་བོད་ཀྱི་སྐད་ཡིག་གི་གནས་སྟངས་བགྲོ་གླེང་གནང་ཐུབ་ན། བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དང་རྒྱུན་འཛིན་སྐོར་ལ་བསམ་བློ་གསར་བ་དང་། ལམ་ལུགས་གསར་བ། ལྟ་བ་གསར་བ་སོགས་ཀྱིས་ཕན་ཚུན་ལ་དགེ་ཕན་ཆེན་པོ་ཡོད་སྲིད། ཡིག་ནོར་བཅོས་ཤོར་ལ་བོད་ཀྱི་སྐད་རྒྱུན་གྱི་ཐབས་ལམ་ཐོག་གླེང་མོ་གནང་རོགས་ཞུ།

  47. བོད་ཀྱི་བུ། says:
    2011-11-20 at 6:15 pm

    སྒྲོན་མེ་ལགས། 

    བསམ་ཞེས་པ་བྱ་ཚིག་མ་འོངས་པ་རེད། སེམས་ཞེས་པ་ད་ལྟ་བ་རེད། དེ་ནས་གིན་གྱིན་ཀྱིན་ཡིན་བཞིན་སོགས་དུས་ད་ལྟ་བ་སྟོན་པའི་ཚིག་གྲོགས་དག་རེད། དེ་བས་ཚིག་གྲོགས་འདི་དག་བེད་སྤྱོད་གནང་སྐབས་ངེས་པར་དུ་བྱ་ཚིག་ད་ལྟ་བ་བེད་སྤྱོད་གཏང་དགོས། 

    ཨ་ར་དཀར་པོ་ལགས།

    འོ་ན། ཆབ་སྲིད་ཀྱི་ཆབ་དེ་ཡང་ཞེ་ཚིག་ཡིན་ནམ། ཆབ་ཅེས་པ་ཆུའི་ཞེ་ཚིག་ཡིན་པ་བདེན་ཡང་ཆབ་ཡོད་ཚད་ཞེ་ས་ཡིན་པའི་ངེས་པ་རྩ་ནས་མེད། ངས་བལྟས་ན་ཆབ་ལ་ཞེ་ཚིག་ཙམ་མིན་པའི་གོ་བ་ཡོད་པར་འདོད། ཆབ་སྲིད་ཅེས་པའི་སྐབས་ཀྱི་ཆབ་ནི་དབང་ངམ་མངའ་ཐང་གི་དོན་ཡིན་ཞིང་། སྲིད་ནི་དབང་ཐང་དེ་ཉིད་ཀྱིས་དབང་སྒྱུར་བྱེད་ཀྱི་ཐབས་ལ་གོ  དེ་བས་འདི་ལ་གཙོ་ཕལ་གྱི་དབྱེ་བ་འབྱེད་སྟངས་ལ་བློ་བདེ་བོ་མ་བྱུང་ལགས། དེ་ནས་དཔལ་འབྱོར་ལ་ཡང་གཙོ་ཕལ་དགར་རྒྱུ་ཁག་པོ་རེད། དཔལ་དང་འབྱོར་བ་ཞེས་པའི་བསྡུས་ཚིག་ལ་དཔལ་འབྱོར་ཞེས་པ་ཡིན་པས་སོ། །

    མཐའ་གཅིག་ཏུ་གཙོ་ཕལ་དབྱེ་དགོས་ན་སྲིད་འབྱོར་རིག་གསུམ་ལས་ཆབ་དཔལ་རིག་གསུམ་གཙོ་ཚིག་ཏུ་བཟུང་ན་ཧ་ཅང་འཐད་པར་མཐོང་། དེ་ཡང་ཡིན་ཏེ། ཆབ་ཀྱི་སྲིད། དཔལ་གྱི་འབྱོར་བ། རིག་པའི་གནས་ཞེས་པ་ཡིན་པས། འདིའི་སྐབས་སུ་ཚེག་ཁྱིམ་དང་པོ་རྣམས་ཁྱད་གཞི་དང་གཉིས་པ་རྣམས་ཁྱད་ཆོས་ཀྱི་ཚུལ་དུ་ཡོད་པས་སོ།།

  48. འདོད་ལྷ་ཁམས་པ། says:
    2011-11-20 at 10:25 pm

    ཧཧཧ
    བོད་ཀྱི་བུ། ཁྱེད། ཆབ་ཀྱི་སྲིད་ཟེར་བ་དེ་ག་རེ་རེད། བོད་སྐད་ཕལ་སྐད་ཐོག་ནས་ཚིག་འགྲེལ་གོ་བདེ་ཞིག་རྒྱོབས་དང་། ངས་མ་གོ་ཐལ་ཡ།

    ཅིག་བྱས་ན། ཐུགས་མཉམ་མ་བཞག་པ་ཡིན་འགྲོ། ཆབ་དང་སྲིད་གཉིས།
    ཁྱད་གཞི་དང་ཁྱད་ཆོས་རེད་པས། ཡང་ན། ཡན་ལག་དང་ཡན་ལག་ཅན་རེད། དེ་མིན་ན། འབྲེལ་ཡུལ་དང་འབྲེལ་ཆོས་རེད། འོ་ན། དེ་ཚོ་གང་ཡང་མ་ཡིན་པའི་གཞན་ཞིག་རེད། ཞེས་ཞུ།

  49. བོད་ཀྱི་བུ། says:
    2011-11-20 at 11:28 pm

    འདོད་ལྷ་ལགས། ཕེབས་པ་དགའ་བྱུང་།

    ངས་གོང་དུ་ཆབ་སྲིད་ཅེས་པའི་ཆབ་དེ་དབང་ངམ་མངའ་ཐང་ལ་གོ་བ་དང་། སྲིད་ནི་དབང་ཐང་དེ་ཉིད་ཀྱིས་དབང་སྒྱུར་བྱེད་ཀྱི་ཐབས་ལམ་ལ་གོ་བར་བཤད་ཟིན། དེ་ལས་གོ་བདེ་རུ་བཏང་ན་ཆབ་ནི་རྒྱལ་ཁབ་ལ་གོ་ཞིང་། སྲིད་ནི་རྒྱལ་ཁབ་དེའི་འཛིན་སྐྱོང་གི་ཐབས་ལམ་ལ་གོ དཔེར་ན། རྒྱལ་ཁབ་ཀྱི་སྲིད་ཇུས་ཟེར་བ་ལྟ་བུ། འདི་ཚིག་སྡུད་བྱས་ན། རྒྱལ་སྲིད་ལྟ་བུ་རེད། དེང་སང་ཚང་མས་རྒྱལ་སྲིད་ཟེར་དུས་རྒྱལ་ཁབ་ཙམ་ལ་གོ་ཞིང་། ཆབ་སྲིད་ཟེར་དུས་རྒྱལ་ཁབ་ཀྱི་བྱ་བ་སྒྲུབ་སྟངས་ཙམ་ལ་གོ་བ་ལེན་བཞིན་འདུག འདི་ནི་ཚིག་གི་གྲུབ་སྟངས་དང་འབྱུང་ཁུངས། ད་དུང་ཚིག་གི་ནུས་པ་སོགས་མ་ཤེས་པའམ་དེའི་སྐོར་ལ་ཐུགས་བསམ་མ་བཞེས་པའི་སྐྱོན་རེད་འདོད།

    དེ་ནས་རྒྱལ་ཁབ་དེ་ཁྱད་གཞི་དང་། སྲིད་ཇུས་དེ་ཁྱད་ཆོས་བྱས་ཀྱང་འགལ་བ་མེད་པར་མཐོང་ལགས།

  50. བོད་ཀྱི་བུ། says:
    2011-11-21 at 1:45 am

    མཁས་གྲུབ་ལགས།

    ཉིད་ཀྱིས་ཁ་ཚ་དགོས་གཏུགས་ཀྱི་སྤྱི་ཚོགས་དཔྱད་གླེང་ཡག་པོ་ཞིག་སྤེལ་འདུག དེ་ནས་དེང་སང་རང་རེའི་སྤྱི་ཚོགས་ཁྲོད་བོད་ཡིག་མི་ཤེས་ཟེར་བ་ལས་དབྱིན་ཡིག་མི་ཤེས་ཟེར་རྒྱུར་ངོ་ཚ་བྱེད་ཅིང་། དབྱིན་ཡིག་དང་དབྱིན་སྐད་མི་ཤེས་མཁན་གྱི་མི་དེ་ནི་ཅི་ཡང་མི་ཤེས་ཤིང་མི་འཇོན་པ་ཞིག་ལ་ལྟ་བའི་བསམ་བློ་འདི་ཧ་ཅང་ཚབས་ཆེན་རེད་འདོད། དེང་སང་བཙན་བྱོལ་སྤྱི་ཚོགས་ཁྲོད་རྒན་དར་གཞོན་གསུམ་ཚང་མར་གཉིག་གྱུར་གྱི་ལྟ་སྟངས་ཤིག་ཡོད་པ་བོད་ཡིག་ལས་དབྱིན་གལ་ཆེན་དུ་འཛིན་པ་འདི་རེད། ཁོང་ཚོར་གཅིག་གྱུར་གྱི་སྡོམ་ཞིག་ཡོད་པ་ནི་”བོད་ཡིག་གིས་ལྟོ་སྤྲོད་ཀྱི་མ་རེད་”ཅེས་པ་དེ་རེད། ད་དུང་ཁོང་ཚོས་བོད་ཡིག་ཤེས་མཁན་ཚོར་ཚགས་པར་དང་དུས་དེབ་འགའ་རེ་འདོན་སྤེལ་བྱ་རྒྱུ་ཙམ་ལས་ལས་ཀ་གཞན་མེད་ཚུལ་དང་། དབྱིན་ཡིག་ཤེས་ན་ལས་ཀ་རེ་ལས་ལས་རེད་ཟེར།
    སྐད་ཆ་འདི་ཚོར་ཞིབ་ཏུ་བརྟགས་ན། མི་འདི་དག་ལ་དངུལ་དང་རང་ཉིད་ཁོ་ནའི་མ་འོངས་པ་ལས་མི་རིགས་དང་རིག་གཞུང་གི་གལ་ཆེན་རང་བཞིན་དང་། དེའི་ཆགས་འཇིག་གི་གནས་སྟངས་ལ་བསམ་བློ་གཏོང་གི་མེད་ལ་གཏོང་ཡང་ཤེས་ཀྱི་མེད། ད་དུང་སློབ་གྲྭ་ཁ་ཤས་ནང་སློབ་ཕྲུག་ཁ་ཤས་ཀྱིས་བོད་ཡིག་སྦྱང་བརྩོན་བྱས་ན་ཁྱོད་གྲྭ་བ་བྱ་རྒྱུ་ཡིན་ནམ་ཞེས་བོད་ཡིག་སྦྱང་འདོད་མེད་མཁན་རྣམས་ཀྱིས་འཕྱ་ལད་བྱས་ཏེ་དོ་དབྱིང་མེད་པར་བྱེད་བཞིན་འདུག དགེ་རྒན་གྱིས་ཀྱང་དང་པོ་ནས་བོད་ཡིག་ཁག་པོ་ཡོད་རབས་དང་། ཁྱེད་ཚོས་མི་ཤེས་རབས་བཤད་དེ་སློབ་ཕྲུག་གི་རྒྱུད་ལ་བག་ཆགས་ངན་འཇོག་པ། ཕ་མས་དབྱིན་ཡིག་སྦྱང་དགོས་པའི་སྐུལ་ལྕག་མང་པོ་བྱེད་ལས་བོད་ཡིག་ལ་མི་བྱེད། ད་དུང་དབྱིན་ཡིག་ཡག་པོ་ཤེས་ན་ཕྱི་རྒྱལ་ལ་འགྲོ་ཐུབ་རབས་སོགས་བཤད་དེ་ཕྲུ་གུའི་དོ་དབྱིང་ཡོད་ཚད་དབྱིན་ཡིག་ཐོག་འདྲེན་ཐབས་བྱེད་པ་མ་ཟད་དབྱར་དགུན་གྱི་གུང་གསེང་སྐབས་དངུལ་སྤྲད་དེ་དབྱིན་ཡིག་ཟུར་ཁྲིད་འཛིན་གྲྭར་གཏོང་བ་ལས་བོད་ཡིག་ཟུར་ལ་ཐབས་ཤེས་མི་བྱེད།
    དེ་ནས་རང་རེའི་གཞུང་གི་ཆེ་རྒུ་ཚང་མས་ཀྱང་རང་གི་བུ་ཕྲུག་དབྱིན་ཇིའི་སློབ་གྲྭར་འཇོག་པ་ལས་བོད་ཀྱི་སློབ་གྲྭར་མི་འཇོག་པ་འདིས་ཀྱང་གནས་སྟངས་ཤིག་གསལ་བཤད་བྱེད་ཀྱི་མི་འདུག་གམ། ནུབ་ཕྱོགས་ཀྱི་བོད་རིགས་དག་གནས་སྟངས་འདིའི་འོག་སོང་རྐྱང་ཡིན་པས་བག་ཆགས་འདིས་ལུས་ངག་ཡིད་གསུམ་ཡུག་གཅིག་ཏུ་ཟིན་ཡོད་རེད།

    དེ་ནས་གནད་འགག་གཅིག་ཡུལ་གྱར་བོད་མི་རྣམས་ཀྱིས་རང་གི་འཚོ་ཐབས་གཙོ་བོ་དང་རིག་གཞུང་གཉིས་པར་འཇོག་གི་ཡོད་པ་དེ་རེད། ཡུལ་གྱར་བ་ཞིག་ཡིན་ན་འཚོ་ཐབས་གཙོ་བོར་འཛིན་དགོས་ཀྱང་སྐད་ཡིག་གི་གལ་ཆེན་རང་བཞིན་ལ་བསམ་བློ་གཏོང་དགོས་པར་འདོད།

    ང་ཚོས་བོད་སྐད་ཡིག་ཆག་འཇིག་གི་གནས་སྟངས་ལས་སྐྱབས་ཏེ་གསོན་གནས་བྱ་དགོས་ན་གོང་གི་ནད་ཚ་འདི་དག་གཙང་སེལ་བྱ་མ་ཐུབ་ན་བྱ་ཐབས་གཞན་ཅི་སྤེལ་ཡང་ངལ་བ་འབྲས་མེད་ལྟ་བུ་རེད།

  51. ཨ་ར་དཀར་པོ says:
    2011-11-21 at 2:22 am

    བོད་ཀྱི་བུ་ལགས།
    ཁྱེད་ཀྱི་མཆན་ཨང་༥༠བ་ཧ་ཅང་བདེན་པར་འདུག་པས་མངོན་པར་བསྟོད་དོ།
    དེའི་གོང་གི་མཆན་ཨང་༤༩བ་དང་༤༧པ་དག་ལ་ངེས་ལེན་བྱ་ཐབས་བྲལ་བས་མངོན་པར་མི་བསྟོད་དོ།
    ཆབ་སྲིད་ཟེར་བའང་སྲིད་ལ་གོ་དགོས། སྲིད་ཀྱི་སྔོན་ལ་ཞེ་སའི་ཕྱིར་ཆབ་བྲིས་ཀྱང་གོ་རྒྱུ་དེ་ལྷག་མ་ཞིག་མེད། ཆབ་འབངས་ཞེས་པའང་འབངས་ལས་གཞན་མིན། དེ་དག་ཚིག་སྡུད་ཀྱང་མིན། ཚིག་སྡུད་ཟེར་བ་སྲིད་འབྱོར་རིག་གསུམ་ཟེར་བ་ལྟ་བུ་དང་དེ་བཞིན་རྒྱལ་ཁབ་ཀྱི་སྲིད་ལ་རྒྱལ་སྲིད་ཟེར་བ་ལྟ་བུའོ།

  52. འདོད་ལྷ་ཁམས་པ། says:
    2011-11-21 at 3:00 am

    དྲིས་ལན་དུས་ཐོག་སྐྱོན་པར་ཐུགས་རྗེ་ཆེ། བོད་ཀྱི་བུ་ལགས།
    སླར་ཡང་འདྲི་རྒྱུ་ཞིག་ལ། ཁྱེད། ཆབ་ནི་རྒྱལ་ཁབ་ལ་གོ་ཞིང་། སྲིད་ནི་རྒྱལ་ཁབ་དེའི་འཛིན་སྐྱོང་གི་ཐབས་ལམ་ལ་གོ་ཟེར། འགྲེལ་བ་འདིས་ང་ལ་གོ་སླ་རུ་མ་བཏང་བར་གོ་དཀའ་རུ་བཏང་སོང་ལགས།
    ཅི་ཟེར་ན། རྒྱལ་ཁབ་མེད་པའི་མི་ཚོར་ཆབ་སྲིད་གི་ལས་ཀ་ཞིག་ཡོད་རྒྱུ་མ་ར། དེས་ན། རྒྱལ་ཁབ་མེད་ན་ཆབ་སྲིད་ཡང་མེད་ཟེར་བཤད་ན་འགྲིག་ནི་ཨེ་རེད།

    ཕལ་ཆེར་ཚིག་འགྲེལ་དེ་ཨ་ཞང་ཚང་གི་ཤོད་སྟངས་དང་འདྲ་བོ་འདུག ག་དུས་ཡིན་ན་ཡང་དེ་བ་ཚང་གི་ཚིག་གི་ནང་ལ་ནོར་འཁྲུལ་ཅིག་ཡོད་ཡོད་པ་ཡིན། དེར་དཔེ་བལྟ་མི་ཉན་ཡ། སྦལ་བའི་ཤ ཧེཧེཧེ

  53. སྒྲོན'མེ' says:
    2011-11-21 at 3:10 am

    བོོོད’ཀིྱ’བུ’ལགས།ཁྱེད’ཀྱིས’དག’བཅོས’བྱས’པ’ལ’བཀའ’དྲིན’ཆེ”ཞུ’བ’ཡིན།ཁོྱད’ཀྱིས’གསུངས’ལྟར’སེམས’འདས’པ’དང’བསམ’མ’འོང’བ’ཡིན’པ’བདེན’པ’རེད།ཡིན’ན’ཡང’དོགས’པ’ཞིག’འདུག གུང’ཐང’བསྟན’པའི’སྒོྲན’མེ’མཛད’པའི’བསྟོད’པ’དོན’ལྡན’མ’ལས།ཀྱེ’ཧུ’དགེ’ལྡན’བསྟན’པ’འདི’།།དཔལ’དང’འབྱོར’བས’རབ’རྒྱས’ཀྱང’།།བཤད’དང’སྒྲུབ’ཆེས’ཕྲ’བ’།།བསམ’གིྱན’སྙིང’ནས’ཤེས’པ’འཕྱོ།།ཞེས’གསུངས’པས’ཚིག’འདིའི’དགོངས’པ’ཅི’ལྟར’འགེྲལ།ཁེྱེད’ལ’གསལ’བོ’ཞུ’རྒྱུ’ཞིག’ལ’དཔར’ནོར’བ’རེད’མ’ཟེར།དཔར’གཅིག’ནོར’ན’ཡང’དཔར’ཚང’མ’ནོར’བ’ཡིན’རྒྱུ’མ’རེད།འདི’ལ’འགེྲལ’བཤད’གསལ’བོ’ཞིག’གནང’རྒྱུ’མཁྱེན།

  54. མཁས་གྲུབ says:
    2011-11-21 at 3:14 am

    བོད་ཀྱི་བུ་ལགས་ཀྱིས་སྤེལ་བའི་དངོས་མྱོང་དཔྱད་ཞིབ་ལས་སྙེད་པའི་གནད་དོན་འདི་རིགས་ནི་ང་ཚོས་སྣང་ཆུང་རྩ་བ་ནས་བྱེད་མི་ཉན་པར། གནད་དོན་འདི་དག་སེལ་ཐབས་སྐོར་ལ་གཞུང་དམངས་གཉིས་ཀྱིས་ལས་འགན་འདྲ་མཉམ་དུ་ཁུར་དགོས་པ་གལ་ཆེ་བར་འདོད།

  55. ལུང་རྟོགས། says:
    2011-11-21 at 10:56 am

    མཆན་ཨང་༼༥༠༽བོད་ཀྱི་བུའི་བཤད་པ་དེ་བདེན་པ་རེད། མི་རིགས་འདི་འཆི་ལམ་ནས་སྐྱོབ་ཐབས་ལ་བོད་མི་ཚང་མས་བསམ་གཞིག་རེ་བྱེད་དགོས་པའི་དུས་ལ་སླེབས་འདུག། དེ་རིང་གི་གསར་འགྱུར་བལྟར་ན་མདོ་སྨད་ཕྱོགས་ལ་བོད་ཡིག་མ་ཏོག་སློབ་ཚན་གཞན་ཚང་མ་རྒྱ་ཡིག་རྒྱ་སྐད་ཐོག་ནས་སློབ་ཁྲིད་བྱེད་རྒྱུའི་མགོ་འཛུགས་བྱས་ཡོད་རབས་འདུག འདི་ནི་ཧ་ཅང་ཉེན་ཁ་ཅན་ཞིག་ཡིན་པས་བཙན་བྱོལ་བོད་མི་ཚོས་དེ་བས་ཀྱང་བོད་ཀྱི་སྐད་ཡིག་ལ་ཤུགས་རྒྱག་དགོས་པའི་དུས་ལ་སླེབས་འདུག

  56. བྲག་ཞོལ་སྤེན་པ། says:
    2011-11-21 at 11:24 am

    བཙན་བྱོལ་ནང་བོད་ཡིག་སྦྱང་འདོད་མེད་པ་དང་བོད་ཡིག་ལ་དགའ་མོས་མེད་པ།བོད་ཡིག་གིས་ལས་ཀ་འཚོ་ཐབས་མི་རག་པ་སོགས་བྱུང་ན།སུ་གང་གིས་བོད་ཡིག་སྦྱང་དགོས་ལུགས་བཙན་དབང་འདྲ་བཏང་ས་འགྲོ་ཀི་མ་རེད།རང་སར་འཇོག་རྒྱུ་མ་གཏོགས་ཐབས་ཤེས་མེད་རེད།

  57. བོད་ཀྱི་བུ། says:
    2011-11-21 at 11:36 am

    ཨ་ར་དཀར་པོ་ལགས།

    འོ་ན། ཆབ་ཅེས་པ་ཅི་ཞིག་གི་ཞེ་ས་རེད། ཆབ་དེ་རྒྱལ་པོའམ་རྒྱལ་ཁབ་ཀྱི་ཞེ་ས་རེད་དམ་ཆུ་གཅིག་པུའི་ཞེ་ས་རེད། ཡང་ན་གཞན་ཞིག་རེད། དེ་ནས་ཁྱེད་ཀྱིས་རྒྱལ་ཁབ་ཀྱི་སྲིད་ལ་རྒྱལ་སྲིད་ཟེར་བར་བཤད་པའི་སྲིད་དེ་རྒྱལ་ཁབ་ཀྱི་སྲིད་ཇུས་ཨེ་རེད། ཡིན་ན་སྲིད་ཇུས་ཞེས་པ་ཅི་རེད།
    དེ་ནས་ངས་རྒྱལ་སྲིད་ཅེས་པ་དང་ཆབ་སྲིད་ཅེས་པ་གཅིག་རེད་ཟེར་གྱི་ཡོད་ལགས། རྒྱལ་ཞེས་པ་རྒྱལ་ཁབ་དང་། སྲིད་ཅེས་པ་སྲིད་ཇུས་རེད་ཟེར་གྱི་ཡོད། དེ་ནང་བཞིན་ཆབ་ཅེས་པ་རྒྱལ་ཁབ་དང་སྲིད་ཅེས་པ་སྲིད་ཇུས་ལ་གོ་ཡི་འདུག་ཟེར་གྱི་ཡོད།

    འདོད་ལྷ་ལགས།
    ངས་རྒྱལ་སྲིད་དང་ཆབ་སྲིད་ཅེས་པའི་སྐབས་ཀྱི་ཚིག་གི་གོ་དོན་ལ་འགྲེལ་བཤད་རྒྱག་གི་ཡོད་པ་ལས་གཞན་ཨང་ཞང་ཚང་རྒྱུགས་ཁྱི་འདྲ་ཅང་བྱེད་ཀྱི་མེད། འོ་ན། དེང་སང་མི་ཁ་ཤས་ཀྱིས་མགོ་བདེ་དྲན་འཕྲུལ་བྱས་ན་ཁོང་ཚོས་ཆབ་སྲིད་འཁྲབ་ཀྱིན་འདུག་ཟེར་གྱིན་འདུག་གཱ འདིའི་སྐབས་ལ་གོ་བ་ཅི་ལྟར་ལེན་རྒྱུ། ངས་སྤྱིར་བཏང་ཆབ་སྲིད་ཅེས་པའི་ཚིག་གི་འབྱུང་ཁུངས་དང་གྲུབ་སྟངས་ཀྱི་ཐོག་ནས་བཤད་ཀྱི་ཡོད་པ་ལས་དེང་སང་ཅི་ཞིག་ལ་གོ་ཡི་ཡོད་མེད་སྐོར་ནས་ཅང་ཤོད་ཀྱི་མེད།

    སྒྲོན་མེ་ལགས།

    ང་ཚོས་བརྡ་དག་གི་སྐོར་བརྡ་སྤྲོད་པའི་གཞུང་རང་ལ་གཞི་བཅོལ་རྒྱུ་ལས་མཁས་པ་ཡོད་ཚད་ཀྱི་གསུང་ལ་གཞི་བཅོལ་ཐབས་མེད་པར་འདོད། འོ་ན། བསམ་གྱིན་ཞེས་པའི་སྐབས་དུས་ག་རེ་སྟོན་གྱི་འདུག འདི་སྐབས་སུ་ང་ཚོར་སྤྲོད་པའི་གོ་བ་དང་དག་ཆ་གཉིས་ར་མཐུན་གྱི་འདུག་གམ། ༧ སྐྱབས་མགོན་རིན་པོ་ཆེས་ང་ཡི་ཞེས་པའི་ཚབ་ལ་ངོས་ཀྱི་འབྲི་བ་འདི་ཡང་ཁོང་ལ་དམིགས་བསལ་ཡིན་པ་ལས་ང་ཚོས་སོ་སོ་རང་ལ་ངོས་ཀྱི་ཕལ་ཡུལ་ཞེས་བྲི་དགོས་པ་རེད། ༧སྐྱབས་མགོན་རིན་པོ་ཆེས་བྲིས་འདུག་ཟེར་ན་ནོར་བ་རེད།

  58. མཁས་གྲུབ says:
    2011-11-21 at 2:14 pm

    དོན་གོ་ལགས་ཀྱིས་བདེན་པ་བཤད་པ་ལ་དགའ་བསུ་ཞུ། ཡིག་ནོར་མང་བོ་སོང་ཡོད་པ་ངས་ངོས་ལེན་གྱི་ཡོད། ཡིན་ནའང་། ཡིག་ནོར་དང་ཉིད་ལྟ་བའི་དྲ་གྲོགས་རེ་སུང་གི་ཁ་ཤོམ་ལ་འཇིགས་ནས་ཡི་གེ་མ་བྲིས་པ་ཡིན་ན་ཡར་རྒྱས་མི་འགྲོ་བ་ངས་ཤེས་ཀྱི་ཡོད། དེ་ན་འཇིགས་ཞུམ་སྤུ་ཙམ་མེད་པར་ཡིག་གེ་ནོར་ཞོར་དང་ཡི་གེ་སྦྱང་ཞོར་ལ་མུ་མཐུད་ནས་འབྲི་ཁོ་ཐག་ཡིན།

    དོན་ཁོ་ལགས། ང་རྒྱ་གར་དུ་ཡོང་བའི་ཚབ་ལ་དྲ་བ་འདི་དང་འདི་ལྟ་བའི་ནང་འགྲོ་གི་ཡོད། ལྷག་པར་དུ་ཁ་བརྡ་དྲ་བ་ནི་ངས་བོད་ཡིག་སློབ་གྲྭ་ཞིག་ལ་ངོས་འཛིན་དང་། ལྷག་ཤེས་གཉིས་ལྡན་གྱི་དྲ་གྲོགས་ཚོ་ལ་དགེ་རྒན་གྱི་འདུ་ཤེས་དང་། ཉིད་དང་ཉིད་ལྟ་བའི་དྲ་གྲོགས་ཚོ་ལའང་བོད་རིགས་སྤུན་ཟླ་དང་སློབ་གྲོགས་ཤིག་གི་འདུ་འཛིན་གྱི་ཡོད།

    སེམས་གཏམ་སེམས་ལ་འཛིན་ངེས་ཡིན། རེ་སྐུལ་ལྟར་དྲ་བ་འདི་དང་འདི་ལྟ་བའི་ནང་དུ་འཁོར་སྡད་ཡོད།

  59. བཙན་པོའི་བུ། says:
    2014-08-17 at 9:04 am

    ༧སྐད་དང་ཡི་གེ་ནི་བོད་མི་རིགས་ཀྱི་སྲོག་སྙིང་ཡིན་པ་ཤེས་བཞིན་ང་ཚོ་ཚང་མའི་འབད་བརྩོན་བྱ།

  60. ནུབ་ཕྱོགས་གངས་ཕྲུག says:
    2014-08-17 at 12:51 pm

    བསམ་འཆར་ཡག་པོའདུག ཕྱི་རྒྱལ་ཁག་ཏུ་བོད་པ་ཚོས། བོད་པའི་རིགས་གཞུང་ཟེར་དུས་གཞས་སྣ་འཁྲབ་སྟོན་ལ་གོ་བ་ལེན་གྱི་འདུག བསྒྱུར་བཅོས་བྱེད་དགོས་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (15)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme