Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

ནུབ་ཕྱོགས་འཚོ་བའི་ཟུར་ཞིག

Posted on 2012-07-312012-07-31 By ཁ་བརྡ་ 28 Comments on ནུབ་ཕྱོགས་འཚོ་བའི་ཟུར་ཞིག

ནམ་མཁའ།

ཕྱི་དྲོ་དུས་ཚོད་དྲུག་པ་ལ་ལས་ཀ་གྲོལ་རྗེས་འགྲོ་ཞོར་ཟས་རིགས་འགའ་ཉོ་འདོད་ཀྱིས་ཚོང་ཁང་དུ་ཕྱིན། ཚོང་ཁང་ནང་ནམ་རྒྱུན་ལྟར་ལས་ཀ་གྲོལ་བའི་དུས་ལ་མི་མང་པོ་འཚང་ཁ་ཤིག་ཤིག་གིས་སོ་སོ་ལ་གང་དགོས་བཙལ་གྱི་འདུག ཕྲན་གྱིས་ཀྱང་གང་ཞིག་དགོས་བ་དེ་བཙལ་ནས་འགྱིག་སླེ་ནང་བཞག་སྟེ་ཚོང་པའི་མདུན་གྱི་བང་རིམ་ལ་སྒུགས། ང་རང་བང་རིམ་སྒྲིགས་ས་དེར་ཕལ་ཆེར་མི་བཅོ་ལྔ་ལྷག་ངའི་མདུན་ལ་འདུག ཁོང་ཚོ་དུས་ཚོད་སྐར་མ་ག་ཚོད་སྒུགས་པ་མ་ཤེས་མོད།འོན་ཀྱང་ཁོང་ཚོས་སོ་སོའི་གཡས་གཡོན་གྱི་མི་ལ་སྐད་གདངས་དལ་བུས་ཚོང་པའི་མདུན་གྱི་མི་དེ་སྡིག་དམོད་བྱེད་བཞིན་པ་ལ་ལྟས་ན་ཅུང་ཟད་འགོར་ཡོད་པ་ཤེས་ཐུབ།
ཚོང་པའི་མདུན་ན་ཨ་མ་རྒན་མོ་ཕལ་ཆེར་དགུང་ལོ་བརྒྱད་བཅུའི་ཡས་མན་ཞིག་གིས་ལག་རྟེན་བཟུང་སྟེ།མོ་རང་གི་མདུན་གྱི་ཚོང་པའི་བུ་མོ་དེར་ཁ་བརྡ་བྱེད་ཞོར་ལག་ཟུང་འདར་ཟིག་རྒྱག་བཞིན་དངུལ་ལྷག་མ་རྩིས་ལེན་འདྲ་བྱེད་ཀྱི་འདུག མ་ཟད་ཨ་མ་རྒན་མོ་དེས་གཟབ་ནན་གྱིས་ག་ལེར་བྱས་ཏེ་སྐར་ཟུར་རེ་རེ་བཞིན་བརྩི་ཞོར་ཅ་དངོས་ཉོས་པའི་འཛིན་བྱང་ལ་བལྟ་བཞིན་འདུག
ཨ་མ་རྒན་མོ་དེས་མོའི་རྗེས་ན་མི་མང་པོས་སྒུགས་བཞིན་པ་ལ་དོ་སྣང་མི་བྱེད་པར་ཁ་སང་དེ་རིང་གི་གནམ་གཤིས་ཡག་ཚུལ་སོགས་ཚོང་པའི་བུ་མོར་གསུངས་བཞིན་པ་ལ་ལྟས་ཚེ།མོ་རང་ཉིན་གང་བོར་ཁེར་རྐྱང་གིས་སྐད་ཆ་བཤད་ས་མེད་པར་ཡོད་པ་རྟོགས་ཐུབ།ཚོང་པའི་བུ་མོས་ཀྱང་གདོང་ལ་འཛུམ་མུལ་བཞིན་མོས་གང་བཤད་པ་ལ་ལན་གསལ་བོ་སྟེར་གྱི་འདུག དེ་ནི་ནུབ་ཕྱོགས་ལུང་པ་མང་པོའི་ལས་ཁུང་དང་ཚོང་ཁང་ཆེན་པོའི་ནང་གི་ལས་བྱེད་ཚོའི་གོམས་སྲོལ་ལྟ་བུ་ཞིག་རེད།
ངའི་རྒྱབ་ལོག་ཏུ་བུ་མོ་སྐྲ་སེར་བོ་ཕལ་ཆེར་ལོ་སུམ་བཅུ་ལྷག་ཡིན་པ་ཞིག་གིས་ཀྱང་ངའི་མདུན་གྱི་མི་དེ་ཚོ་བཞིན་སྡིག་དམོད་བྱེད་འགོ་བཙུགས་སོང་།དྲང་མོ་བཤད་ན་མོ་རང་སླེབས་ཏེ་སྐར་མ་བཞི་ལྔ་ལས་འགོར་མེད།ཡིན་ཡང་མོས་མོ་རྡོ་འདི་ཚོ་ཉིན་གང་བོར་བསྡད་དེ་བསམ་བཞིན་མི་ཚང་མ་ལས་ཀ་གྲོལ་དུས་ཚོང་རྒྱག་གི་ཡོང་ཡོད་པ་རེད།ད་རུང་སྐད་ཆ་བཤད་ཡ་རྫོགས་རྒྱུ་མི་འདུག་ཟེར་བཞིན་ལུང་པ་གང་བཤད་ཞོར་ང་ལ་ཡང་མོ་རང་གི་སྐད་ཆ་ལ་བདེན་ཁ་སྟེར་དགོས་བའི་རྣམ་འགྱུར་གྱིས་དྲིས་སོང་། དྲང་མོ་བཤད་ན་ཁོང་ཚོར་ཁེགས་ཡོད་པ་མ་རེད།ཉིན་གང་བོར་མི་འོག་ནས་ལས་ཀ་བྱེད་དུས་གཞན་ལ་བསྟུན་དགོས་བས་ཐང་ཆད་ཡོད།
ཡིན་ཡང་ཨ་མ་རྒན་མོ་དེའི་སེམས་ཁམས་ཀྱི་དཀའ་ངལ་དང་ཁོང་ཚོ་དེ་བཞིན་རྒས་བའི་སྡུག་བསྔལ་ཡོང་བར་བསམ་གཞིགས་བྱེད་ཐུབ་ཀྱི་མི་འདུག་ལ།བཤད་སྟངས་ལ་ལྟས་ཚེ་ཁོང་ཚོ་རྒས་རྒྱུ་འདྲ་ཆེ་ཡོད་འདྲ་བ་ཞིག་བཤད་སོང་།
ངས་མོ་རང་ལ་བདེན་ཁ་སྤྲད་ཞོར་དང་མཉམ་དུ་གནས་ལུགས་ཞིག་བཤད་འདོད་སྐྱེས།ངས་མོ་རང་ལ་ང་ཚོ་ཡང་ཉི་མ་གཅིག་ཨ་མ་རྒན་མོ་འདི་བཞིན་ཡོང་གི་རེད།དེ་དུས་གཞོན་པ་ཚོས་ང་ཚོར་སྡིག་དམོད་བྱས་པ་ཐོས་ཚེ་ང་ཚོའི་སེམས་རང་བཞིན་གྱིས་ཕམ་འགྲོ་བ་མ་ཡིན་ནམ་ཞེས་བུ་མོ་གཞོན་ནུ་མ་དེར་དྲི་བ་འགའ་དྲིས་པ་ཡིན།མོ་རང་གིས་རྒས་འགྲོ་བ་བདེན་པ་རེད།ཡིན་ཡང་མི་གཡས་གཡོན་ལ་བལྟ་རྒྱུ་ཤེས་དགོས་ཞེས་ཅུང་ཟད་མ་འཐད་པའི་རྣམ་འགྱུར་བསྟན་སོང་།
ཅུང་ཟད་ཀྱི་རྗེས་ནས་མོས་ང་རང་ལ་ཁྱེད་རང་ལུང་པ་གང་ཡིན་དང་མི་རིགས་གང་ཡིན་གསལ་བོ་ཞིག་དྲིས།ངས་ཀྱང་སྐད་ཆ་དྲང་པོ་མོས་གང་དྲིས་པ་དེ་ལན་གསལ་བོ་བྱིན།མཚམས་དེར་ངའི་མིག་མདུན་ན་ཨ་མ་རྒན་མོ་དེས་ལག་རྟེན་ལ་ཁེན་ཞོར་མོ་རང་གིས་ཉོས་པའི་ཅ་དངོས་རྣམས་འཁོར་ཁུག་ནང་དྲུད་ཞོར་གཟུགས་པོ་མར་ཅུང་ཟད་སྒུར་ནས་ཕེབས་ཀྱི་འདུག
སྐབས་དེར་ངའི་སེམས་སུ་ཟིན་བྲིས་ཐུང་ངུ་རྒྱབ་པ་ཡིན།གལ་སྲིད་ང་རང་ཡང་མི་ཚེ་གང་བོར་ལུང་པ་འདིར་བསྐྱལ་དགོས་ཚེ།རྒན་པོ་ང་ལྟ་བུའི་ཕྱི་མི་དག་འདིའི་སྤྱི་ཚོགས་དངོས་མ་ནང་དུ་ཡང་མ་ཚུད་པར་ལུས་ཡོད་པའི་མི་ཚེ་ཡི་ཐ་མ་དེར་སྡུག་བསྔལ་ག་འདྲ་ཞིག་མྱངས་རྒྱུ་ཡིན་ནམ།
ལུང་པ་འདིར་རྒན་ཡོལ་ཐོན་པ་ནས་བཟུང་ཟིང་ཟིང་གི་སྤྱི་ཚོགས་འདི་ནས་རྒྱང་ཕུད་དུ་རང་བཞིན་གྱིས་བཏང་ཡོད།མི་ལ་སྐད་ཆ་བཤད་འདོད་ཀྱང་བཤད་ས་དཀོན་ལ་ཉན་མཁན་དེ་བས་ཀྱང་དཀོན།
བསམ་གཞིགས་ཀྱི་སྣེ་མོར་འཇུས་བའི་མཚམས་དེར་ང་རང་ཡང་ཚོང་པའི་མདུན་དུ་སླེབས་འདུག
ངས་ཀྱང་རང་གིས་གང་ཉོས་བའི་ཅ་ལག་རྣམས་ཀྱི་རིན་གོང་ཕར་རྩིས་སྤྲོད་བྱས་ཏེ།ཅ་དངོས་དག་འགྱིག་ཁུག་ནང་ཁྱེར་ཏེ་འགྲོ་བའི་སྐབས་ངའི་གྲལ་མཚེ་བུ་མོ་སྐྲ་སེར་མ་དེས་ང་ལ་ཆུ་ཚོད་ཅུང་ཟད་ཡོད་དམ་ཟེར།ངས་ཡོད་སང་ཉིན་གཟའ་སྤེན་པ་ཡིན་པས་ངལ་གསོ་ཡིན་ལབ།དེ་ལྟར་ཡིན་ན་ཇ་ཁང་ནང་ཁྰ་ཧྥེ་ཞིག་འཐུང་གི་འགྲོ་ཟེར།ངས་ཀྱང་འགྲིག་གི་རེད་ལབ་པ་ཡིན།ངེད་གཉིས་ཀྱིས་ཁྰ་ཧྥེ་རེ་རེ་བླངས་ནས་འཐུང་ཞོར་མོས་ང་ལ་ཡང་བསྐྱར་ཨ་མ་རྒན་མོ་དེའི་སྐོར་བཤད་སོང་
ངས་ཁྰ་ཧྥེ་དེ་འཐུང་ཞོར་མོའི་གདོང་པ་གསལ་བོ་ཞིག་ལྟས་པ་ཡིན།མོ་རང་གིས་མིག་ཤེལ་ཞིག་གྱོན་འདུག་ལ། མོའི་མིག་གཉིས་ལྗང་མདོག་ལྡན་པ་མ་ཟད་ཚུར་འབུར་དུ་ཐོན་འདུག མིག་མཐའི་རི་མོ་དེ་ནི་བསམ་བཞིན་སྨན་ཁང་ཞིག་ནས་བཟོས་པ་འདྲ་བོ་ཞིག་འདུག
གང་ལྟར་ཕར་བལྟས་ཚོད་ཀྱིས་མཛེས་མ་ཞིག་གི་ཚོར་བ་ཕོ་གསར་མང་པོ་སྟེར་ནུས།
མོས་ཨ་མ་རྒན་མོ་དེའི་སྐོར་བསྐྱར་བཤད་བྱེད་དགོས་དོན་གང་ཡིན་ངས་ད་རུང་མ་ཤེས་མོད།འོན་ཀྱང་སྐད་ཆ་ཉན་འདོད་ཡོད་པ་གསལ་བོ་རེད།ངས་ཀྱང་མོ་རང་ལ་རང་གི་ཡིད་ལ་གང་དྲན་པ་གསལ་བོ་བཤད་པ་ཡིན།
ངས་མོ་རང་ལ་ང་ཚོ་སུ་ཡིན་ཡང་རྒས་བའི་སྡུག་བསྔལ་ཡོང་གི་རེད།གལ་སྲིད་ཁྱེད་རང་དེ་རིང་གི་ཨ་མ་རྒན་མོ་དེ་ཡིན་ཚེ།ངས་ཁྱོད་ལ་སྡིག་དམོད་འདྲ་བྱས་པ་ཁྱེད་ཀྱིས་ཐོས་ན་ཡིད་ལ་ཅི་ཞིག་དྲན་རྒྱུ་རེད་ཅེས་ཕར་དྲིས་པ་ཡིན།དེ་བདེན་པ་རེད་དངོས་གནས་སེམས་ཕམ་གྱི་རེད་ཟེར་ཅེས་སྔོན་ལྟར་བཤད་སོང་།མོས་ང་རང་ལ་ཁྱེད་རང་རྒན་གསོ་ཁང་ལ་འགྲོ་མྱོངས་ཡོད་དམ་ཟེར།སྔོན་མ་ཚར་གཅིག་འགྲོ་མྱོངས་ཡོད་ལབ་པ་ཡིན།ད་ལྟ་ཁྱོད་ཡང་བསྐྱར་འགྲོ་འདོད་ཡོད་དམ་ཅེས་ཡང་བསྐྱར་དྲི་བ་ཞིག་བཏོན་སོང་།
ཡོད་ཀྱང་ངོ་ཤེས་ཞིག་བརྒྱུད་ནས་མ་སོང་ན་འགྲོ་དགོས་དོན་མེད་པས་གོ་སྐབས་བྱུང་ན་འགྲོ་གི་ཡིན་བཤད།ངས་ཀྱང་མོ་ལ་ག་རེ་བྱས་ནས་དྲི་བ་དེ་དྲིས་པ་ཡིན་བཤད་ཚེ།མོས་གལ་སྲིད་ཁྱོད་དེར་འགྲོ་བ་ཡིན་ན་རྒན་རྒོན་དེ་ཚོ་འཆི་བར་སྒུགས་པ་བཞིན་བསྡད་ཡོད།བུ་ཕྲུག་ཚོ་ག་དུས་ཞིག་ལ་ཁོང་ཚོ་བལྟ་རུ་ཡོང་བའི་རེ་ཆེན་པོ་བྱེད་ཀྱི་ཡོད།གལ་སྲིད་ཁྱེད་ཀྱིས་དེར་མཐོང་ན་ཁྱེད་ཚོའི་ལུང་པ་དང་མི་འདྲ་བ་ཞིག་མཐོང་གི་རེད་ཟེར།
ངས་མོ་རང་ལ་བུ་ཕྲུག་ཚོ་ཟླ་བ་གཅིག་ལ་ཚར་ག་ཚོད་ཕ་མ་ཚོར་བལྟ་གི་རེད་དྲིས་པ་ཡིན།ཟླ་བ་གཅིག་ལ་ཚར་ག་ཚོད་ཅེས་མོ་ཧ་ལས་མདོག་གིས་བཤད་སོང་།ཟླ་བ་གཅིག་ལ་ཚར་ག་ཚོད་བལྟ་གི་ཐུབ་བམ་རབ་བྱུང་ན་ཐེངས་གཅིག་བལྟ་རུ་འགྲོ་གི་རེད་ཟེར།དང་པོ་ང་ཚོ་ལས་ཀའི་བྲེལ་འཚུབ་ཆེ་ལ་གཉིས་པ་སོ་སོ་ཡང་སྒེར་གྱི་བྱ་བ་ཡོད་པས་དུས་ཚོད་ཕ་མ་བལྟ་རུ་འགྲོ་རྒྱུའི་ཐོག་གཏོང་བ་ཁེགས་པོ་རེད་ཟེར།
དངོས་གནས་ལས་ཀའི་བྲེལ་བ་ཆེན་པོ་རེད།གལ་སྲིད་ནུབ་ཕྱོགས་སུ་ཐོག་མར་སླེབས་མཁན་ཞིག་གིས་ཞོགས་པ་དང་དགུང་མོར་མེ་འཁོར་འབབ་ཚུགས་སུ་མི་ཚང་མ་བྲེལ་བྲེལ་འཚུབ་འཚུབ་ཀྱིས་འགྲོ་སྟངས་ལ་བལྟས་ན་ཤེས་ཐུབ། མི་ཆ་ཚང་གཅིག་རྗེས་གཅིག་གིས་མ་ཟིན་པར་འགྲོ་གི་ཡོད།
དེ་ནས་ངས་མོ་རང་ལ་བལྟ་རུ་འགྲོ་སྐབས་ཕ་མ་མཉམ་དུ་དུས་ཚོད་ག་ཚོད་ལ་སྐད་ཆ་བཤད་ནས་སྡོད་ཀྱི་ཡོད་ལབ་པ་ཡིན།མང་ན་དུས་ཚོད་གཅིག་རེད།སྐབས་རེ་སྐར་མ་བཅོ་ལྔ་ཉི་ཤུ་ལས་སྡོད་ཀྱི་ཡོད་པ་མ་རེད་ཟེར།ཕ་མ་ཚོས་རང་གི་བུ་ཕྲུག་ལ་ཐུགས་འདོད་ཡོད་པ་དང་སྐད་ཆ་ཡང་ལྷོད་ལྷོད་བྱས་ནས་ཁ་བརྡ་བྱེད་འདོད་ཕ་མ་སྤྱིའི་ཆོས་ཉིད་ཞིག་ཡིན་མོད།དེ་ཡང་དུས་ཚོད་དང་ཉི་མ་ལ་སྒུགས་པའི་རྗེས་སུ་ཟླ་བ་གཅིག་གི་ནང་ཐེངས་གཅིག དེ་ཡང་སྐར་མ་ཁ་ཤས་ཀྱིས་རིང་ཁ་བརྡ་དང་རང་གི་བུ་ཕྲུག་མཐོང་པའི་དུས་ལས་མེད་པ་འདི་ནི་ནུབ་ཕྱོགས་འཚོ་བའི་ལུགས་སྲོལ་འདྲ་གྱུར་འདུག
ངའི་ཡིད་ལ་ད་རུང་ཡང་གསལ་བོ་ཞིག་ཤར་བ་ནི།ལོ་ཤས་སྔོན་ལ།ངའི་ལས་ཀ་བྱེད་སའི་སློབ་དགེ་སྐྱེ་དམན་ཞིག་གིས་མོའི་ཕ་ལགས་རྒན་པོ་ལོ་བརྒྱད་བཅུ་ལྷག་ཞིག་ཡོད་པ་དེ་སྨན་ཁང་ནང་ཡོད།སྨན་པས་མོ་ལ་ཁྱེད་ཀྱི་ཕ་ལགས་དུས་ཡུན་རིང་པོ་ཚེ་ཟིན་ས་མ་རེད། ཁྱེད་ཀྱིས་གྲ་སྒྲིགས་སྔ་ས་ནས་བྱེད་དགོས་ཞེས་བཤད།མོས་མོ་རང་གི་ཕ་ལགས་ཀྱི་གདོང་པ་ལྟས་ནས་སྨན་པས་བཤད་པ་ལྟར་ན།
ཁྱེད་རང་མགྱོགས་པོ་འཆི་གི་རེད་ཟེར་བས་ངས་ཁྱེད་ཀྱི་ཁང་པ་དེ་བཙོང་ས་ཞིག་ལ་བཙལ་གི་ཡིན་ཞེས་ལབ་པ་ང་ཚོ་ལས་རོགས་ཚང་མའི་མདུན་ནས་བཤད།དེ་དུས་ལས་རོགས་བུ་དང་བུ་མོ་ཆ་ཚང་ཧ་ལས་ཏེ་ཕ་ལགས་གདོང་པ་ལ་ལྟས་ཏེ་དེ་ལྟར་ཁྱེད་ཀྱིས་བཤད་ཐུབ་བམ་ཞེས་མོ་ལ་ཡང་ཁ་རྡུང་བཏང་བ་ངའི་དྲན་སོང་།
ཁོང་ཚོའི་བུ་ཕྲུག་སྐོར་ཞིག་གིས་ཕ་མ་ནམ་འཆི་ལ་སྒུགས་མཁན་ཡོད་པ་གསལ་བོ་རེད།
འདི་འདྲའི་རིགས་ཀྱི་གནས་ཚུལ་དང་འཚོ་བའི་བརྒྱུད་རིམ་ང་ཚོའི་བོད་ལ་ཡོང་རྒྱུ་ཡིན་ནམ།
ཡང་ན་དེ་རིང་ཡང་ས་ཁུལ་ཁ་ཤས་ལ་དེ་ཡོང་ཡོད་དམ་ཅེས་ངའི་སེམས་སུ་དྲི་བ་མང་པོ་ཞིག་སླེབས་སོང་།གང་ལྟར་གོང་གི་གནས་ཚུལ་འདི་དག་དངོས་བོའི་གནས་ཚུལ་ཞིག་ཡིན།
ནམ་མཁས༡/༨/༢༠༡༢ལ་ཡོ་རུབ་ནས་བྲིས།

རྩོམ་རིག

Post navigation

Previous Post: གངས་ལྗོངས་ངའི་ཕ་ཡུལ།
Next Post: དབང་པོ་སྐྱོན་ཅན་བདག་གཉེར་བྱེད་ས་ཕན་བདེ་དགའ་ཚལ་གླིང་གི་སྐོར།

Comments (28) on “ནུབ་ཕྱོགས་འཚོ་བའི་ཟུར་ཞིག”

  1. རང་དབང་ཨ་རྡུ་མན་ says:
    2012-07-31 at 7:42 pm

    ཡག་པོ་བྲིས་ཤག་་་་་ང་ཚོ་བོད་པའི་གོམས་གཤིས་ལ་་་་་ཕ་མ་ལ་རྩིས་བཀུར་བྱེད་པ་དེ་ནི་ཆེས་ཡ་རབས་དང་་་་
    དེ་ལས་ལྡོག་སྟེ་ཕྱི་རྒྱལ་མགོ་སེར་ཚོའི་བྱེད་སྟངས་དེ་འདྲ་ལ་་་་་གཏན་གཏན་མཐོང་ཆུང་བྱེད་ཀྱི་རེད། འོན་ཀྱང་རེ་ཟུང་ནི་་་་དེ་ལས་སྡུག་པ་དེ་འདྲ་བའང་ཡོ་རེད། སྤྱིར་བཏང་གི་ཆ་ནས་་་་་བོད་པ་ལ་་་་མི་རྒན་པར་གུས་ཞབས་དང་རྩིས་བཀུར་བྱེད་དགོས་པ་དེ་ནི་བོད་མི་ཡིན་ནོ་ཅོག་ནས་ཤེས་གསལ་རེད། སོང་ཙང་ཕྱི་རྒྱལ་སྤོ་རྨོ་དེ་ཚོ་་་་་བོད་ལ་འགྲོ་ཐུབ་ན་ཡག་ཤོས་རེད་་་་བོད་ཕྲུག་ཚོས་ཡག་པོ་བྱེད་ཀྱི་རེད་་་་་་་ཉིན་མ་གཅིག་ཁྱེད་རང་རྒན་གསོ་ཁང་དུ་ཕྱིན་ནས་་་་་རྒན་ཁོང་ཚོར་གནས་དོན་དེ་གསལ་བཤད་བྱེད་ནས་་
    རྒས་རྒན་ཚང་མ་བོད་ལ་སྐྱེལ་ཐུབ་ན་ཡག་ཤོས་རེད།།

  2. འདོད་ལྷ་ཁམས་པ། says:
    2012-07-31 at 8:00 pm

    རེད་རེད། དེ་འདྲ་རེད། དེ་འདྲ་མང་པོ་རེད།
    ཡུལ་དུས་འཁོར་ཡུག་གི་དབང་གིས་ཕ་མར་ཐུག་འཕྲད་མ་བྱུང་བར་དུས་ཡུན་རིང་བོ་ཞེ་དྲག་རེད།
    དེང་སང་མི་མང་པོ་ཞིག་ནི་ ཟླ་གཅིག་དང་ཟླ་གཉིས། ལོ་གཅིག་དང་ལོ་གཉིས་ནི་དུས་ཡུན་ཉུང་ཉུང་རེད། དེ་ལས་རིང་བ་ལོ་ངོ་བཅོ་ལྔ་ཉི་ཤུའི་དུས་ཡུན ་ནང་་རང་གི་ཕ་མར་ཐུག་མ་ཐུབ་པར་ས་མཐའ་ན་འཁྱམ་བསྡད་ཡོད་པ་རེད། ལ་ལ་ནི་དེ་ལས་ཀྱང་དུས་ཡུན་ཧ་ཅང་རིང་བོ་རེད། བདག་ལ་མཚོན་ན་ཡང་དེ་དག་གི་ནང་ནས་གཅིག་ཡིན། ལོ་ངོ་བཅོ་བརྒྱད་རིང་དྲིན་ཆེན་ཨ་མར་བལྟ་བར་འགྲོ་ཐུབ་པར་ས་མཐའ་ན ས་ས་མཐར་འཁྱམས་ནས་བར་ཐག་ཇེ་རིང་ན ས་ཇེ་རིང་རེད། ད་དུང་ཡང་དུས་ཡུན་ག་ཚོད་ཅིག་གི་ནང་དྲིན་མོ་ཆེ་མ་རྒན་ལ་སྐོར་རྒྱག་གི་འགྲོ་ཐུབ་མིན་བཤད་ཚོད་དཀའ་བར་འདུག ཨ་གནམ་རྒན་མ། སྐྱེ་ནས་མ་ཤི་བར་དུ། སྡུག་བསྔལ་མེད་པའི་ས་ཞིག་འཇིག་རྟེན་འདིའི་ཐོག་ན་ཡོད་དམ །

  3. ཀླུ་སྨྱོན། says:
    2012-07-31 at 8:32 pm

    ང་ལ་ངའི་མ་འོངས་པའི་བུ་ཕྲུག་ཚོ་སྤྲོད་རྒྱུ་ལྕགས་རྟ་ཞིག་ལས་མེད། དེ་དགོས་ན་ཁྱེར།

  4. མེ་ཏོག་དཀར་པོ། says:
    2012-07-31 at 9:51 pm

    ཡིད་ཕྱ་མོ་རེད་ཨ། འདི་འདྲའི་གནས་སྟངས་ལས་ཐར་ས་ནི་མེད། ཀྱེ་མ་ཀྱེ་ཧུད།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-31 at 9:58 pm

    ནམ་མཁའ་ལེགས་ཀྱིས་ལེགས་པར་བྲིས་འདུག སྒྲ་གསུམ་ཁོ་ནར་དཔྱད་པར་བྱ་སྟེ། འདར་ཟིག་རྒྱག་བཞིན། ཞེས་པར་འདར་བཞིན། འབྲི་ན་དོན་དག་ཚང་བ་མི་འདུག་གམ། ཟིག་རྒྱག ཅེས་པའི་ཟིག་གི་དོན་ཅི་ཡིན་ནམ། གསལ་བོ། ཞེས་པར་བོད་ཡུལ་གཞན་དག་གི་བརྗོད་སྟངས་དང་སྟུན་པ་དང་། ཡིག་སྐད་དང་མཐུན་པར་བྱས་ཏེ། གསལ་པོ། ཞེས་དང་། མདོག་ལྡན་པ་མ་ཟད། ཞེས་པ་ན་པ་ལ་ར་རྗེས་འཇུག་ཡོད་པ་ཁ་ནས་མ་འཐོན་པ་གཙོ་ཆེ་བ་མ་ཡིན་པར་བོད་སྤྱིའི་སྐད་དང་བསྟུན་ན། ལྡན་པར་མ་ཟད། ཅེས་འབྲི་ན་སྐྱོན་ཅིག་འདུག་གམ། རང་རེས་བོད་སྤྱིའི་སྐད་དང་། རིག་གཞུང་ཉམས་པ་གསོར་ཆུད། མི་ཉམས་གོང་འཕེལ་ལ་བོད་རིགས་ཡིན་ནོ་ཅོག་གིས་བསམ་དགོས་པ་དང་། བསམས་ནས་ལག་ལེན་བྱེད་དགོས་པ་མ་ཡིན་ཞེས་དྲི་བ་ཡོད་དོ།།

  6. མེ་ཏོག་དཀར་པོ། says:
    2012-07-31 at 10:47 pm

    དེ་རིང་སེམས་ན་ཡེར་རེ་བ་ཞིག་ཆགས་སོང་། བསླུ་མེད་དཀོན་མཆོག་རིན་པོ་ཆེ་རྣམ་གསུམ་མཁྱེན་ནོ།།

  7. བསྟན་འོད་། says:
    2012-07-31 at 11:54 pm

    ཨ་ཨ་ཨ་ད་ང་ཡིན་ན་འགྲིག་གི་ཡོད་ས་རེད་། བུ་གཉིས ་དང་བུ་མོ་གཅིག་ཡོད་ཁང་པ་མེད་རླང་ཁོར་སྟབ་བདེ་གཉིས་ཡོད་ནམ་ཞིག་ཁོ་ཚོའི་ཁྱེར་ན་ཁྱེར་ཆོག་།

  8. བཀྲ་ཤིས says:
    2012-08-01 at 1:11 am

    ཁྱོད་ཚོ་ནུབ་ཕྱོགས་སུ་ཡོད་པའི་བོད་མི་རྣམས་ཀྱིས་སོ་སོ་ལ་བསམ་བློ་གཏོང་དགོས་བ་ལས་ང་ཚོ་ལ་ད་རུང་ལོ་ངོ་བརྒྱ་ཕྲག་ཁ་ཤས་ལ་སེམས་ཁྲལ་མེད་དོ

  9. གསང་གྲོལ། says:
    2012-08-01 at 2:13 am

    ཨ་རོ་ནམ་མཁའ་སྒྲུང་སྙན་ཀི སྒྲུང་འདི་འདྲ་མགོ་སེར་རྒན་རྒོན་ཁ་ཤས་ནང་ཁྱིམ་ལས་ལ་བྲེལ་བཞིན་པའི་ངེད་ཀྱི་རྒན་མོ་ལ་བཤད་རྒྱུ་མང་། ཉིན་འགའི་སྔོན་བུ་མོ་ཞིག་གིས་རང་གི་མ་རྒན་ཁྱིམ་ནས་རྒྱང་ཕུད་དུ་བཏང་སོང་། མ་གཞི་ཁང་པ་ཐོག་བརྩེགས་ཅན་དེ་རྒན་མོས་བུ་མོ་ལ་སྤྲད་ཡོད་འདུག་ལ་མ་རྒན་གྱིས་ཁང་པ་གླས་ནས་བསྡད་ཡོད་འདུག ནམ་ཞིག་ངེད་ཀྱི་ཕྲུ་གུ་ཚོས་ཀྱང་ང་རང་རྒན་གསོ་ཁང་ལ་ནམ་འགྲོ་རྒྱུ་ཡིན་ནམ་ཅེས་སྐད་ཆ་འདྲི་ནི་རེད། དེ་དུས་ངས་རང་ཡུལ་ས་དཀར་གད་པ་དྲན་ནས་མིག་ཆུ་འཐོར་སྲིད།

  10. མེ་ཏོག་དཀར་པོ། says:
    2012-08-01 at 2:25 am

    སྲིད་པའི་འབྱོར་བ་ལ་ཁའི་ན་བུན། །
    འདུས་པའི་སྙིང་གྲོགས་ཚོང་འདུས་མགྲོན་པོ། །
    མ་ངེས་སྐྱིད་སྡུག་མདང་གི་རྨི་ལམ། །
    བསམ་ཞིང་བསམ་ན་སྙིང་པོ་མིན་འདུག ཅེས་དང་།
    ཡུན་རིང་འགྲོགས་ན་འཇིག་རྟེན་བྱ་བ་ལ། །
    མི་སྐྱོ་བྱ་བ་སྣ་གཅིག་མིན་འདུག་སྟེ། །
    སྐྱོ་བའི་སེམས་གསོ་དམ་པའི་ལྷ་ཆོས་ཏེ། །
    སེམས་ཀྱི་ཁོངས་ནས་ལན་གཅིག་འོངས་བར་ངེས། ། ཞེས་དགེ་ཆོས་པའི་གསུང་འདི་དྲན་སོང་།

  11. lhmotsering says:
    2012-08-01 at 2:32 am

    མི་རྒན་རྟ་རྒན་ཁྱི་རྒན་གསུམ།ངན་མ་བྱས་སེམས་ཅན་ཀུན་གྱིས་སྡང།མི་ཕྲུག་རྟ་ཕྲུག་ཁྱི་ཕྲུག་གསུམ་།བཟང་མ་བྱས་སེམས་ཅན་ཀུན་གྱིས་གཅེས་།ེས་དཔེ་ལྟར་རོ།གནས་ཚུལ་འདི་དེང་སང་བོད་ནང་ཡང་ཡོང་དང་ཡོང་བཞིན་པའི་སྒང་རེད།ལྷག་པར་དུ་མཚོ་སྔོན་པོ་འབྲོག་ཕྱོགས་སུ་རང་གི་ཕ་མ་རི་ནང་ནས་གཅིག་པོ་བཞག་སྟེ།སོ་སོ་སྔོན་ཐོན་བསམ་བློ་ཡོད་ཁུལ་གྱིས་གྲོང་ཁྱེར་ནང་བསྡད་དེ་ཡོད།

  12. དྭངས་བླངས་པ says:
    2012-08-01 at 2:34 am

    ཕྱི་གླིང་པ་རྒས་འཁོགས་དེ་ཚོ་བོད་ལ་ཁྲིད་མི་དགོས། ཕན་ཐོག་མེད་ན་བོད་པས་ག་རེ་བྱེད། རོ་ལྷག་མ་ཞིག་ལས་གཞན་ཅི། བརྩེད་མོ་ཞུས་པ་ཡིན། དངོས་གནས་བསམ་བློ་གཏོང་དགོས་པ་ཞིག་རེད། བུ་ཕྲུག་སྡུག་པོ་ཡོད་ན་ག་རེ་ཡིན་ན་བྱེད་སྲིད་པར་རེད་ད། གནས་ཚུལ་ཡག་པོ་གཏོང་འདུག། གང་ལྟར་བསམ་བློ་གཏོང་དགོས་པ་ཞིག་བཟོས་སོང།

  13. རེབ་ཐོག་མདའ says:
    2012-08-01 at 4:40 am

    དངོས་གནས་སེམས་སྐྱོ་དགོས་པ་ཞིག་བྲིས་འདུག། ཁྱོད་ཀྱིས་དྲི་བ་དྲིས་ཡོད་པ་དེ་གཅིག་བྱས་ན་ང་ཚོ་བོད་པའི་སྤྱི་ཚོགས་ནང་དུ་ཡང་སླེབས་ཟེར། ལྷག་པར་ཏུ་ཕྱི་ཕྱོགས་སུ་སྡོད་པའི་བོད་པའི་སྤྱི་ཚོགས་ནང་དུ་སླེབས་སྲིད། གང་ཡིན་ཟེར་ན། བོད་མི་མང་པོ་ཞིག་ནུབ་ཕྱོགས་སུ་འགྲུལ་བཞུད་བྱས་རྒྱུ་དང་འབྱོར་བ་ཁོ་ན་ལ་སེམས་ཆགས་དེ་རང་ཉིད་དང་རང་ཉིད་ཀྱིས་ཕ་མ་དང་ཕ་ཡུལ་བརྗེད་གིན་ཡོད་ཟེར། ཡིན་ཡང་བདག་གིས་བསམ་ན་དེ་འདྲ་ཆགས་པ་ལ་ལས་སླ་བོ་ཞྀག་མེད་པ་གསལ་བོ་རེད། ཡིན་ཡང་ང་ཚོ་སོ་སོའི་ངོས་ནས་བསམ་བློ་གཏོང་དགོས་པ་དེ་ཧ་ཅང་གི་གལ་ཆེན་པོ་རེད། དེ་ནི་ཧ་ཅང་གི་འཇིགས་སུ་རུང་བ་ཞིག་ཀྱང་རེད། སྙིང་རྗེ་སྐྱེས་དགོས་པ་ཞིག་རེད།

  14. རང་དབང་ཨ་རྡུ་མན་ says:
    2012-08-01 at 4:57 am

    ཕྱི་རྒྱལ་རྒས་རྒན་ཚོ་་་་བོད་ལ་འཁྲིད་ཐུབ་ན་་་་་བློ་སེང་ཨིན་སྐད་ཡག་པོ་སོང་ཙང་་་་ཁོང་ལ་ག་ལེར་བྱས་ནས་རང་ལུས་མེར་སྲེགས་བཏང་བར་སྐུལ་མ་བྱེད་དུ་བཅུག་ཆོག་གི་རེད་་་་་་་་དེའི་ཐོག་བློ་སེང་ལ་ཉམས་མྱོང་ཡོད་ཡོད་པ་རེད་པ།

  15. མགོན་པོ་བཀྲ་ཤིས says:
    2012-08-01 at 5:45 am

    རང་དབང་ཨ་རྡུ་མན་ཟེར་བ་དེ་་་་་་་་་་་་་་བདེན་དོན་རྩོད་པ་ལ་ནམ་ཡང་དཔའ་མི་ཞུམ་པའི་བཀའ་ཁྲི་ལ་ཁ་བརྡུང་བཏང་བ་ནི་རྒྱ་ནག་པོའི་དྲི་མ་ཅུང་བྱེད་འགོས་པ་མིན་འགྲོ

  16. ནམ་མཁའ says:
    2012-08-01 at 6:14 am

    དྲ་གྲོགས་ལྷན་རྒྱས་ཕེབས་ནས་རྒྱབ་སྐྱོར་དང་གླེང་མོལ་གནང་བ་ཐུགས་རྗེ་ཆེ།ལ་དྭགས་འཇམ་དཔལ་ལགས་ཀྱིས་ཞིབ་དག་གནང་བ་ཡང་ཐུགས་རྗེ་ཤིན་ཏུ་ཆེ།དུས་རྒྱུན་ངས་རྩོམ་འཆལ་ཐུང་ངུ་རེ་འབྲི་དུས་བསྐྱར་ཀློག་མི་བྱེད་པ་འདི་ང་རང་གི་གོམས་གཤིས་ངན་པ་ཞིག་ཡིན་པས་རྗེས་མ་གང་གཟབ་བྱེད་ཆོག

  17. མེ་ཏོག་དཀར་པོ། says:
    2012-08-01 at 6:26 am

    ཤུགས་ལྡན་ལགས། བོད་མིའི་སྒྲིག་འཛུག་ལས་བྱེད་ཆེ་ཕྲ་སུས་མེར་སྲེག་བསྐུལ་སློང་བྱས་པའི་ཁུངས་འཁྱེར་ཤོག དེ་མིན་ངུ་ཤར་རྒྱབ་ནས་ཅི་ཕན།

  18. ཁེར་བཞུད། says:
    2012-08-01 at 8:45 am

    དངོས་གནས་བདེན་པ་རེད། གནའ་མི་བོད་ཀྱི་གཏམ་དཔེར་ལ། མ་སེམས་ཆུ་དང་བུ་སེམས་རྡོ་ཞེས་པ་ཅིས་མ་བདེན། རང་རིགས་ལ་ཆེ་བཀུར་ཆུང་བྱམས་ཀྱི་སྔོན་ཆད་ཀྱི་ལོ་རྒྱུས་ཤིག་ཡོད་ཀྱང་། ད་ནི་དུས་ཀྱི་འཕོ་འགྱུར་ཞིག་གམ་ནུབ་ཕྱོགས་པའི་ན་ཚ་ཞིག་གིས་རང་རིགས་ལའང་འདི་འདྲའི་འགོས་ནད་ཅིག་ན་ཟིན། ཟླ་བ་གཅིག་གི་སྔ་རོལ་ང་རང་ལྷོ་ཕྱོགས་སུ་ཡོད་སྐབས་གྲྭ་པ་ཞིག་གིས་ང་ལ་དངོས་ཡོད་གནས་སྟངས་འདི་འདྲ་ཞིག་བཤད་བྱུང་། དེ་ཡང་ཁོ་རང་དཔེ་འཚམས་ཀྱི་སླད་དུ་དགོན་པའི་ཉེ་འགྲམ་ན་གནས་པའི་བོད་མིའི་གཞིས་ཆགས་ཤིག་ཏུ་སོང་བ་ཡིན་ཞིང་། སྤྱིར་བཏངཁོ་རང་བསྡོད་སའི་གནས་ཚང་དེ་ཅུང་ཙམ་ཕྱུག་པོ་ཡིན་པ་འདྲ་བས་ཐོགས་བརྩེགས་ཅན་གྱི་ཁང་པ་ཆེན་པོ་ཞིག་ཡོད་ཀྱང་། ནང་དུ་བསྡོད་མཁན་ཨ་ཕ་ལོ་རྒན་བརྒྱད་ཅུ་ལྷག་སླེབས་པ་ཞིག་ལས་མི་འདུག་པ་དང་། ཕ་རྒན་དེ་ནི་རང་གི་གཟུགས་པོ་ལ་འང་ལྟ་སྐྱོང་ཡག་པོ་ཞིག་བྱེད་མི་ཐུབ་པའི་ཚད་དུ་སླེབས་འདུག་པས། ཁོ་རང་གིས་སྐད་ཆ་འདྲི་སྐབས་ཕ་རྒན་དེས་བརྗོད་དོན། ཁོ་རང་ལ་བུ་དང་མནའ་མ་ཡོད་ཀྱང་ཁོ་ཚོ་ནི་ནུབ་ཕྱོགས་རྒྱལ་ཁབ་ཏུ་ཡོད་པ་དང་། ཁོ་རང་གི་བུ་ཡིས་ཁོང་ལ་ཨ་ཕ་ཁྱོད་རང་ད་ནི་སྐྱིད་པོ་བྱས་ན་བསྡོད་དང་དངུལ་ག་ཚོད་ཅིག་དགོས་ཀྱང་ངས་ཁྱོད་ལ་གཏོང་ཆོག་བ་མ་ཟད་། ཨ་ཕ་ཁྱོད་རང་ལ་དངུལ་མི་དགོས་ཟེར་ནའང་དངུལ་ཆར་བ་འབབ་འབབ་འབབ་ཡོང་གིན་ཟེར་འདུག

  19. མིག་གསུམ་པ། says:
    2012-08-01 at 9:57 am

    ནམ་མཁའ་མིང་ཅན་གྱིས་ནུབ་ཕྱོགས་ཀྱི་འཚོ་བའི་ཟུར་ཞིག་གསལ་སྟོན་བྱས་འདུག་ ངོ་མ་བསམ་རྒྱུ་དང་སྒྲུབ་རྒྱུ་གཉིས་ཀ་འདུག ང་ཚོ་བོད་མི་རིགས་ཀྱི་མ་འོངས་པའི་འཚོ་བའི་བརྒྱུད་རིམ་ནང་དུ་འདི་འདྲ་མི་ཡོང་བའི་ངེས་པ་མེད་ཁུ གཙོ་བོ་མི་རང་ཉིད་ཀྱི་བསམ་བློ་ཁ་ཕྱོགས་དང་ཕ་མར་བརྩེ་དུང་ཡོད་མེད་ལ་རག་ལས་འདུག

  20. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-08-01 at 9:59 am

    ནུབ་ཕྱོགས་པ་ལ་ཡ་རབས་དང་མ་རབས་ཀྱི་མི་སྣ་ཚོགས་ཡོད། དེ་བཞིན་ལ་དྭགས་སོགས་བོད་རིགས་ལ་ཡང་ཡོད་དགོས། སྔོན་དུས་བོད་དང་ལ་དྭགས་སུ་ཚེ་རིང་པོ་མེད། ཕལ་ཆེར་ལོ་དྲུག་ཅུ་རེ་གྲངས་ལ་ཚེ་རྫོགས། ངའི་ཕའི་མ། ཨ་ཕྱི་བཟང་མོ། ལོ་དགུ་བཅུ་གོ་གྲངས་བཞུགས་པ་དམིགས་བསལ། གཞོན་དུས་སུ་ངའི་མ་དང་དམིགས་བསལ་བྱམས་པོ་མེད་ཀྱང་། ངའི་མ་མཆོག་ཀུན་ལ་བྱམས་སེམས་ཡོད་པ་ཞིག་ཡིན། ཁོང་གིས་ཨ་ཕྱི་བཟང་མོར་ལྟ་རྟོག་ལེགས་པར་མཛད། དེ་ནས་ཨ་ཕྱིས་ངའི་མ་ལ་ངའི་བུ་མོ་ཞེས་བོད། ལས་ཀྱི་དབང་གིས་ཨ་ཕྱི་རང་ལ་ཕྲུག་དགུ་ཙམ་ཡོད་ཀྱང་། དེ་དག་གིས་རྒས་ཁར་དམིགས་བསལ་ཕན་མ་ཐོགས་པ་ལྟ་བུ་བྱུང་བ་ཐོས། ངའི་ཨ་མ་རང་དགུང་ལོ་དོན་བརྒྱད་ཙམ་ཡིན་པ་ན། བོད་ཀྱི་སྤྲུལ་སྐུ་ཞིག་ཁང་བུར་ཕེབས་པ་ན། ཨ་མ་རང་གིས་བལ་ལས་བྱས་པའི་སྣམ་བུ་ཞིག་ཡོད་པ་ཕུལ་ཏེ། ཤི་གསོན་ཅི་འབྱུང་ནའང་སྐྱབས་འཇུག་ཞུས། ལོ་དེའི་དགུན་དུས་སུ། མ་མཆོག་ནད་ཀྱིས་ཟིན་ན་ཡང་ཅུ་ལིའི་རྩིའུ་རྣམས་དབྱེ་བ་ཕྱེ་བཞིན་སུ་ལ་ཕན་ཐོགས་ན་ཡང་གསུང་བཞིན་ལས་བྱེད་པ་ན། བདག་ཅག་གིས་ཨ་ཕས་ད་ལས་མཚམས་ཞོག ནད་ལས་དྲག་ན། བྱེད་ཆོག་ཅེས་པ་ན། ཁྱེད་བསམ་བློ་མེད་མཁན། ང་ནད་འདི་ལས་དྲག་འོང་ངམ་ཞེས་གསུངས་པ་ཐོས། ངའི་སྲིང་མོ་དང་། ངའི་སྤུན་མཆེད་གཞོན་པ་གཉིས་ཨ་མ་མཆོག་སྐུ་གཤེགས་ཁར་ནད་གཡོག་ཚུལ་དུ་ཡོད་པའི་ངང་ནས་མ་མཆོག་སྐུ་གཤེགས་འདུག འདི་ལྟ་བུ་ནི་འཁོར་བའི་གནས་ཚུལ་ལགས་སོ།།

  21. ngaris ses1 says:
    2012-08-01 at 10:14 am

    ད་ནུབ་ཕྱོགས་ཀྱི་རྒྱུས་ང་ལའང་ཡོད། ཐོག་དང་པོར་འགྲོ་དུས་ང་ལའང་བསམ་ཚུལ་དང་མཐོང་ཚུལ་དེ་འདྲ་རང་བྱུང་དེ་དུས་ང་ཧ་ལས་ཧོན་འཐོར་བྱུང། ག་ལེར་འདྲིས་དུས་དེ་དངོས་ཡོད་གནས་ཚུལ་ཞིག་ལས། བསམ་གཟས་ཀྱིས་བྱས་པ་ཞིག་རེད་མི་འདུག ཕ་མ་རྒན་གསོ་ཁང་དུ་བསྐྱལ་བ་དེ་ཡང། བུ་ཕྲུག་ཚོར་བརྩེ་བ་མེད་པའི་དོན་རེད་མི་འདུག ཁོར་ཡུག་དང་དུས་ཚོད་ཀྱི་གནས་སྟངས་འོག་ཏུ་དེ་འདྲ་མ་བྱས་རང་བྱས་རེད། ཕྲུག་གུ་རྣམས་ནི་རང་ཉིད་ཀྱི་མི་ཚེའི་ཆེད་དུ་ལས་ཀར་འགྲོ་དགོས། ལས་ཀ་ལ་ཕྱིན་དུས་ནང་དུ་ཕ་མ་བལྟ་མཁན་སུ་གཅིག་མེད། གཅིག་ཆགས་གོ་ཞིག་བྱུང་ན་གོ་རྒྱུ་ཚོར་རྒྱུ་མེད་པར་ཤི་ངེས་རེད། དེ་ལས་རྒན་གསོ་ཁང་དུ་བསྐྱལ་ན་དེར། ནད་གཡོག་དང་བལྟ་སྐྱོང་བྱེད་མཁན་དང། ལྟོ་སྟེར་མཁན་ཚང་མ་དུས་ཐོག་ཏུ་ཡོད་འདུག དེ་ཚོ་ནུབ་ཕྱོགས་པའི་བསམ་བློའི་ཁྱེར་སྟངས་ཞིག་མིན་པར། དུས་ཚོད་དང་ཡར་རྒྱས་ཀྱི་འགྱུར་ལྡོག་བྱུང་བ་ལས་རེད། དེང་སང་བོད་པ་ནི་དེ་ལས་ཀྱང་ཐབས་སྐྱོ་བ་ཡོད། བུ་ཕྲུག་མང་ཆེ་བ་ཕྱི་རྒྱལ་མི་ཡུལ་དུ་ཕྱིན་ནང་དུ་ཕ་མ་རྒན་རྒོན་ཚོར་ལས་བྱེད་ཐུབ་པ་ཡོད་ན། ཕྲུག་གུ་ཚ་བོ་དང་ཚ་མོ་དེ་ཚོར་བདག་སྐྱོངས་བྱེད་དུ་བཅུག རང་ཉིད་ནི་མི་ཡུལ་དུ་མི་གཞན་གྱི་ཕྲུ་གུའི་བུ་རྫི་བྱེད། ཕ་མ་རྒན་ཁོག་དེ་ཚོར་ཁ་པར་བརྒྱུད་ནས་སྐད་ཆ་སྙན་པོ་འདྲ་བཤད། དངུལ་ཕྲན་བུ་འདྲ་བསྐུར། ལོ་ངོ་བཅུ་ཕྲག་རིང་སྐད་ཐོས་པ་ལས་ངོ་གདོང་མཐོང་སའི་ཡུལ་དུ་མེད། ཕ་མ་ནི་རང་ཉིད་ལ་གསོལ་ཁ་བཅོལ་མཁན་དང།་རང་གི་བུ་ཕྲུག་གི་བུ་རྫིར་བཞག ཉིན་གཅིག་ཕ་མ་རྒན་ཁོག་དེ་ཚོ་བདག་མེད་དུ་ལུས་པ་མང་པོ་མཐོང། ཡང་འགའ་ཞིག་གིས་ཕ་མ་བལྟ་མཁན་གཡོག་མོ་དང་གཡོག་པོ་འདྲ་བཞག་རྗེས་སུ་གཡོག་པོ་དང་གཡོག་མོས་ནང་གི་ཅ་དངོས་རྩིགས་ཆེན་ཁྱེར་བའམ་ཕ་མ་བསད་ནས་བྲོས་མཁན་ཀྱང་མི་ཉུང་བ་ཞིག་འདུག ད་གང་ལྟར་ཁྱེད་ཀྱིས་རྩོམ་ཡག་པོ་ཞིག་བྲིས་འདུག ཉིང་དགོས་ནི་ཁྱེད་རང་བུ་མོ་གཞོན་ནུ་མཛེས་མ་ཞིག་དང་ཕྲད་ནས་སྐར་ཆ་ཁ་ཤས་རིང་ལ་ལུས་བདེ་སེམས་བདེ་ཞིག་བྱུང་ཡོད་འདུག་

  22. དགེ་བསྙེན་རྡོ་རྗེ་ says:
    2012-08-01 at 12:22 pm

    དཀོན་གསུམ་བླ་མར་གུས་ལྡན་གྱིས། །
    ལས་འབྲས་རྩི་སྲུང་ཆོས་པས་གྱིས། །
    བྱིས་པ་ནང་གཅོང་རྒས་འཁོགས་ལ། །
    ཕན་གྲོགས་རོགས་རམ་ཀུན་གྱིས་གྱིས། །

  23. གནམ says:
    2012-08-01 at 6:44 pm

    ཕྱི་མི་ཞིག་ཡིན་ན་རང་གི་བུ་ཕྲུག་ལ་ཤི་དུས་འཇོག་རྒྱུ་ཞིག་བུ་ཕྲུག་རེས་མེད་ལ་ཡོད་ན་འདོད་ནས་མི་ཚེ་རྫོགས་པ་རེད། བོད་མི་ཞིག་ཡིན་ན་དེ་འདྲའི་སེམས་ཁྲུལ་མེད་པའི་སྒང་རང་འཆི་ཁར་སྙོར་སྐྱོང་བྱེད་ནི་ཞིག་ཡོད་ན་འདོད་ནས་མི་ཚེ་རྫོགས་པ་རེད། གཅིག་དེ་ལ་རྒས་དུས་རྒྱལ་ཁབ་ཞིག་གི་ལྟ་སྐྱོང་ཡོད་པ་རེད། གཞན་དེ་ལ་གལ་སྲིད་བུ་ཕྲུག་ཡ་རབ་ཞིག་ཡོད་ན་དེའི་སྙོར་སྐྱོང་ཡོད་པ་རེད། དེ་འདྲ་མེད་ན་ཚར་ཚར་རེད། གང་ལྟར་དེང་སང་བོད་མི་རྒན་མགོ་དེ་ཚོ་སྒར་མཐའ་དགོན་མཐའ་ན་མང་རབས་འདུག་ད།
    གང་ལྟར་ངས་ནམ་མཁའི་དངོས་སྒྲུང་དེ་བཀླགས་ནས་སེམས་ལ་འདི་འདྲ་ཞིག་དྲེན།
    ཁ་ཤོ་ཞིག་གིས་སྣ་ཤོ་ཞིག་ཡག་པོར་སྣང་པའི་ངང་ཚུལ་མཐོང་།
    ཤི་ས་སྟབས་བདེ་ཡོ་རབ་ཡུལ་ལས་ཡིན། རྒྱལ་ཁབ་དང་བུ་ཕྲུག་གཉིས་ཀ་ཡོད་ཆགས་པ་རེད། ང་རྒས་དུས་རང་གི་བུ་ཕྲུག་ལ་སྡུག་མི་གཏོད་ཁོ་ཐག་ཡིན།

  24. lhamotsering says:
    2012-08-02 at 5:45 am

    ཨ་ཁུ་ཀླུ་སྨྱོན་ལགས།ཁྱེད་རང་གི་སེམས་ཀྱི་དགའ་རོགས་ཚེ་རིང་སྐྱིད་དང་མ་འོང་པའི་བུ་ཕྲུག་ཚོས་ཁྱོད་གད་སྙིགས་ཕྱི་ལ་གཡུགས་པ་བཞིན་ཁྱོད་མ་བུ་ཚོས་རྒྱང་ཕུད་ལ་གཏོང་ནི་རེད་སེམས་ཆུང་བྱོས་ཡ།
    གནམ་འདིས་ཕོ་གསར་སྣང་བ་མཐོན་པོ་ཡི་སྐད་ཆ་བཤད་འདུག ད་རུང་རྒས་བའི་སྡུག་བསྔལ་དང་དེའི་ཚོར་བ་ཡིད་ལ་དྲན་ཐུབ་མི་འདུག མ་རྩོམ་གྱི་དོན་ངོ་མ་ཡང་གོ་ཡོད་ས་མ་རེད་པ།བུ་ཕྲུག་ཚོ་སྡུག་ལ་མི་གཏད་ཟེར་ནས་མནའ་བསྐྱལ་བ་ཅུང་སྔ་དྲགས་སོང་།

  25. དགེ་བསྙེན་རྡོ་རྗེ་ says:
    2012-08-02 at 9:12 am

    འདར་སིག་སིག་གམ། དར་སིག་རྒྱབ་ཅེས་འབྲི་འདོད་པ་འདྲ།

  26. རྭ་དབུ་དབང་རྒྱལ། says:
    2012-08-02 at 10:05 am

    ནམ་མཁས་བྲིས་པ་ལེགས། སྙན་ངག་སྙན་ངག་ཅེས་ཁ་ནས་ཇི་ལྟར་སྙན་ལུགས་སྙན་སྟངས་བཤད་ཀྱང་། དོན་ངོ་མར་དངོས་ཡོད་ཀྱི་གནས་ཚུལ་བྲིས་པ་རྣམས་རྣ་བར་སྙན་ཞིང་སེམས་ལ་ཟུག་པོ་ཞིག་དེ་བས་ཀྱང་འདུག

  27. ཤེས་དགའ་ says:
    2012-08-04 at 6:11 pm

    མི་གཞན་གྱི་སྐྱོན་ལ་འཕྱ་རྒྱུ་དེ་དེ་ཙམ་དཀའ་བ་ཞིག་མ་རེད་མོད།

    རང་ཉིད་ཕྱི་རྒྱལ་གྱི་ལུང་པ་ལ་ཅིག་བསྡད་།
    ཕྲག་ཐོག་ཏུ་ནང་གི་འགན་འཁྲི་དེ་ཅི་ལྷུང་།
    རྒྱལ་ཁབ་ཀྱི་གཉའ་ཁྲིམས་བཙན་པོས་ཅིག་བསྡམ།
    སྒེར་ལས་དུས་ཟིང་གི་བྲེལ་བ་ཅིག་ཚུགས་ན།

    དཔའ་བོས་དཔའ་རྟགས་བཞག་ས་མེད།
    མཁས་པས་སྒྱུ་རྩལ་ངོམས་ས་མེད།
    མཛེས་མའི་མིག་ཚུམ་རྒྱག་ས་མེད།
    ལྡར་མ་བྲོས་ནས་འགྲོ་ས་མེད་ཁོ་ཐག་རེད་དོ།

    དེ་དུས་ཁ་བདེ་པོ་བཤད་ཐུབ་ན་དངོས་གནས་འཇོན་པོ་རེད།།

  28. ཤེས་དགའ་ says:
    2012-08-04 at 6:26 pm

    རྟེན་ཅིང་འབྲེལ་བར་འབྱུང་བའི་ཆོས་ཉིད་དང་།།
    སྤྱི་ཚོགས་ཞིག་གི་འགྱུར་ལྡོག་གང་བྱུང་བ།།
    གཅིག་ལ་གཅིག་རྟེན་ཕྲ་རགས་སྒོ་དུ་མས།།
    བསམ་ན་སུ་ཡིས་སུ་ལ་འཕྱ་བར་བྱེད།།

    བྱམས་བརྩེ་མེད་ཀྱང་དཔལ་ཡོན་ལྡན་པ་དང་།།
    ཡོད་ཀྱང་དཔལ་ཡོན་ཤིན་ཏུ་མི་ལྡན་པ་།།
    གཉིས་ཀར་ཕན་དང་གནོད་པའི་ཆ་ཡོད་ཕྱིར།།
    དྲང་པོ་བཤད་ན་ང་ཡིས་འདེམ་དཀར་མཐོང་།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme