Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ། -གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ། (དྲུག་པ།)

Posted on 2013-04-182013-04-20 By ཁ་བརྡ་ 70 Comments on དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ། -གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ། (དྲུག་པ།)

པད་མ་འབུམ།
རྡ་རམ་ས་ལའི་དྲན་སྣང་བརྗོད་ན་དྲན་སྣང་གིས་དྲན་སྣང་དྲངས་ནས་དྲན་སྣང་གི་ཀློང་ཞིག་བརྡོལ་མི་ཡོང་ངམ་སྙམ། དྲན་སྣང་ཚང་མ་བརྗོད་ཐབས་བྲལ་ཡང་ད་དུང་དྲན་སྣང་གཉིས་བརྗོད་ནས་རྗོད་མཚམས་བཞག་ན་འདོད། དྲན་སྣང་དེ་གཉིས་ནི་སྐྱི་གཡའ་བའི་དྲན་སྣང་གཉིས་ཡིན། ༡༩༩༢ ལོའི་ལོ་མཇུག་ནས་ངའི་མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང་ཟེར་བའི་རྩོམ་ཡིག་དེ་ལ་སྤྱི་ཚོགས་ཐོག་ལ་རྩོད་གླེང་བྱུང་ནས་མཐར་ཐུག་ངའི་བདེ་འཇགས་དེ་གྲོགས་པོ་རྣམས་ཀྱིས་སེམས་ཁུར་བྱེད་དགོས་པ་ཞིག་ཏུ་གྱུར། ལས་ཁུངས་གྲོལ་ན་ཨ་མྱེས་རྨ་ཆེན་ཚང་གི་འགན་གྲོགས་རྣམས་ཀྱིས་རེས་མོས་ཀྱིས་ང་ནང་ལ་བསྐྱལ་ནས་འགྲོ་ཞིང་། ནང་ལ་མགོན་པོ་ཚེ་རིང་ལགས་དང་། བསོད་ནམས་ཚེ་རིང་ལགས། བོན་རྒྱ་ལགས། གཡང་འབུམ་རྒྱལ་ལགས་བཅས་ཀྱིས་རེས་མོས་ཀྱིས་ང་སྲུང་ནས་ངའི་ནང་ལ་ཉལ་གི་ཡོད། ང་ཚོ་ཚང་མ་སུ་ཞིག་གིས་ངའི་སྲོག་ལ་རྒོལ་བར་ཡིད་ཆེས་ཀྱི་མེད། མགོན་པོ་ཚེ་རིང་གིས་ལྷག་པར་དུ་དེ་ལ་ཡིད་ཆེས་མི་བྱེད། ཁོ་ནི་ཁོ་རང་ལ་གནག་སེམས་དང་གཡོ་སྒྱུ་མེད་སྟབས་གཞན་གྱི་གནག་སེམས་དང་གཡོ་སྒྱུ་ལ་ཡང་ལས་སླ་བོར་ཡིད་ཆེས་མཁན་ཞིག་གཏན་ནས་མིན། འོན་ཀྱང་ང་ཚོ་ཚང་མས་ངའི་བདེ་འཇགས་སྣང་མེད་དུ་ཡང་འཇོག་ཕོད་ཀྱི་མེད། སྐབས་དེ་ལ་ང་བསད་ན་སྡིག་གླ་ཧིན་སྒོར་འབུམ་གཅིག་སྤྲོད་མཁན་ཡོད་པའི་གཏམ་ཡན་ཞིག་ཀྱང་གྲག་བཞིན་ཡོད།

དགོང་ག་ཞིག་མགོན་པོ་ཚེ་རིང་དང་ངེད་གཉིས་ནས་ངའི་ཤག་ཏུ་ནུབ་ཚ་གྲ་སྒྲིག་བྱེད་བཞིན་ཡོད། ཁོས་ཁོ་ཆབ་གསང་ལ་འགྲོ་གི་ཡིན་ཟེར་ནས་ཕྱི་ལོགས་ལ་ཕྱིན་སོང་། ཕྱི་ལོགས་ལ་ཐོན་མ་ཐག་རྡིག་སྒྲ་དང་ཆོབ་སྒྲ་ལྟ་བུ་ཞིག་གྲག་སོང་། ངའི་སེམས་ལ་ད་ནི་ངོ་མ་ང་ལ་རྒོལ་མཁན་ཞིག་སླེབས་པ་འདྲ་བསམས། ང་སྒོ་ལ་ཐོན་དུས་ཕྱི་ལོགས་ན་ཁུ་སིམ་མེར་འདུག མགོན་པོ་ཚེ་རིང་མཐོང་ས་ན་ཡང་མི་འདུག ཁོང་ངའི་ཁང་པའི་སྒོ་ཁ་ནས་གོམ་པ་ཁ་ཤས་སོང་ན་མར་རྒྱ་སྒོ་ཡི་བར་དུ་རྡོ་ཡི་སྐས་འཛེགས་ཤིག་ཡོད་པ་་དེའི་སྟེང་ནས་རིལ་བ་ཡིན་པ་འདྲ། མ་གིའི་རྒྱ་སྒོའི་རྩ་ན་འགྱེལ་འདུག མར་རྒྱུགས་སོང་ནས་ཁོ་ཡར་འཐེན་ཞོར་དུ་ཁོ་ལ་ཅི་བྱུང་དྲིས་པ་ཡིན། ཁོས་ཀྱང་ཅི་བྱུང་ཤེས་ཀྱི་མི་འདུག ཡར་བསླངས་དུས་ཁོའི་གཉའ་ལྟག་ན་ཁྲག་བཞུར་གྱི་འདུག སྟབས་ཡག་པ་ལ་གླ་འཁོར་སྟོང་བ་ཞིག་མར་ཡོང་གི་འདུག ངས་དེ་མྱུར་དུ་བཀག་ནས་ཁོ་བདེ་བླག་སྨན་ཁང་ལ་ཁྱེར་བ་ཡིན།

ཆུ་ཚོད་རེ་ཟུང་གི་རྗེས་སུ་ཁོ་གཉིད་ལྟ་བུ་ཞིག་སད་ནས་ཁོ་གང་ན་ཡོད་པ་རེད་ཟེར། ངས་ཁྱོད་རྡ་རམ་ས་ལ་ན་ཡོད་པ་རེད་ཅེས་བཤད་པར། ངས་རྡ་རམ་ས་ལ་ན་ཅི་ཞིག་བྱེད་ཀྱི་ཡོད་པ་རེད་ཟེར། ངས་ཁོ་ལ་ཁྱོད་ཀྱིས་ཨ་མྱེས་རྨ་ཆེན་ཚང་ལ་ལས་ཀ་བྱེད་ཀྱི་ཡོད་པ་རེད་ཅེས་བཤད་པར་ཁོས་ད་ཤེས་སོང་ཟེར། ཅུང་ཙམ་འགོར་ནས་ཡང་དྲི་བ་དེ་དག་ཡང་སྐྱར་དྲིས་ཡོང་། མཚམས་མཚམས་ལ་ཁོས་ཁོ་རྒྱ་གར་ན་ཡོད་པ་ཡང་ཤེས་ཀྱི་མི་འདུག ཉིན་གཉིས་པའི་ཞོགས་ཀ་ང་སྨན་ཁང་ལ་སོང་དུས་ཁོ་གཉིད་སད་དེ་ཁོའི་དྲན་པ་ཡོངས་སུ་སོས་འདུག ཡིན་ན་ཡང་མདང་དགོང་གི་དོན་རྐྱེན་དེ་ཇི་ལྟར་བྱུང་བར་ཁོ་ལ་བཤད་རྒྱུ་ཅི་ཡང་མི་འདུག ངས་ཁོ་ལ་སྐས་འཛེག་ནས་མར་འབབ་དུས་གོམ་འཆོལ་འདྲ་བྱུང་ནས་རིལ་བ་ཡིན་ནམ་ཞེས་པར། ཁོས་དེ་ཡིན་རྒྱུ་མ་རེད། གསང་སྤྱོད་ངའི་ཁང་པའི་རྒྱབ་ན་ཡོད་སྟབས་རྡོ་སྐས་ཀྱི་ཕྱོགས་ལ་འགྲོ་དགོས་དོན་ཡོད་པ་མ་རེད་ཟེར། མི་ཞིག་གིས་ཁོ་ལ་བརྒྱབ་པའི་དེ་འདྲའི་དྲན་སྣང་ཡང་ཁོ་ལ་མི་འདུག ཡིན་ན་ཡང་དེ་ནས་བཟུང་ངའི་བདེ་འཇགས་ལ་ཁོ་བློ་མི་བདེ་བ་ཇེ་ཆེར་སོང་འདུག ཁོ་ངའི་ནང་ལ་སྤོར་ནས་ཡོང་གི་ཡིན་ཡང་ཟེར།

དྲན་སྣང་གཉིས་པ་དེ་ནི་དང་པོ་སྐྱིད་པོ་ཡིན། དེ་ནི་ ༡༩༩༤ ལོའི་དཔྱིད་ཀའི་ཉིན་ཞིག་རེད། དགོང་མོ་དེར་མགོན་པོ་ལགས་དང་ང་ཚོ་འཇམ་དབྱངས་ནོར་བུའི་ནང་ལ་འཛོམས་ནས་དགོང་མོ་འཕྱི་བོ་བར་དུ་བསྡད་པ་ཡིན། གནམ་གཤིས་དྲོ་ཡང་ཚ་བ་མེད་པས་ང་ཚོ་འཇམ་དབྱངས་ནོར་བུའི་བཞུགས་ཤག་གི་ར་སྐོར་གྱི་སྤང་ཐོག་ལ་བསྡད་དེ་ཁ་བརྡ་སྐྱིད་པོ་བྱས་ནས་གད་མོ་བགད། གླུ་དབྱངས་འདྲ་བླངས་ནས་བསྡད། འཇམ་ནོར་གྱི་ཨ་མ་ལགས་དགུང་ལོ་མཐོ་ན་ཡང་མོ་ཡང་སྤང་ཐོག་ལ་ཕེབས་ནས་ང་ཚོ་དང་མཉམ་དུ་བཞུགས། མོ་ནི་དགེ་འདུན་ཆོས་འཕེལ་དང་འབྲེལ་འདྲིས་ཡོད་ལ། ང་ཚོའི་ཨམ་གདངས་ཀྱི་དབུས་སྐད་གོ་ཡོང་དུས་མོས་མོ་རང་ཆུང་དུས་དགེ་འདུན་ཆོས་འཕེལ་ལགས་བཀྲས་མཐོང་ཚང་ལ་ཕེབས་ནས་བཀའ་མོལ་གནང་གི་ཡོད་པ་དྲན་ངོར་འཁོར་ཡོང་གི་འདུག་ཟེར། དགོང་འཛོམས་དེ་ཚར་ནས་ང་ཚོ་གངས་སྐྱིད་ལ་ལོག་ཡོང་མཁན་རྣམས་ཀྱིས་མུ་མཐུད་ནས་ལམ་ཁར་གད་མོ་སློང་ཞོར་དང་གླུ་དབྱངས་ལེན་ཞོར་དུ་ཡོང་བ་ཡིན།

ཞོགས་ཀར་ངས་ནངས་ཇ་འཐུང་གྲབས་ཀྱི་སྐབས་ལ་བསོད་ནམས་ཚེ་རིང་དང་བོན་རྒྱལ་གཉིས་ངའི་ནང་ལ་ཡོང་ནས་མདང་དགོང་ང་གར་སོང་དྲིས། ཁོ་གཉིས་ནས་མདང་དགོང་རྡ་ཞོལ་གྱི་གང་ཞིག་ལ་རྒྱ་གར་གྱི་གསར་བུ་ཁ་ཤས་དང་བོད་པའི་གསར་བུ་ཁ་ཤས་ཀྱི་བར་ལ་ལག་འཛིང་ཤོར་ནས་རྒྱ་གར་གྱི་གསར་བུ་ཞིག་ལ་སྲོག་སྐྱོན་བྱུང་སྟེ། ས་གནས་རྒྱ་གར་བ་རྣམས་ཀྱིས་བོད་པ་མཐོང་ཚད་ལ་བརྡུང་ནས་རེ་ཟུང་སྨན་ཁང་ལ་བསྐྱལ་འདུག་ཟེར། ང་ཚོ་ཚང་མ་མདང་དགོང་ང་ཚོ་འཇམ་དབྱངས་ནོར་བུའི་ཁྱིམ་ནས་ལོག་པའི་ལམ་དུ་རྒྱ་གར་བ་ལ་མ་འཕྲད་པ་དེ་རླུང་རྟ་རྒྱུགས་པ་རེད་ཟེར་ནས་ཡུན་རིང་མ་སོང་བར་རྒྱ་ལམ་གྱི་ནང་དུ་རྒྱ་གར་བ་རྣམས་ཀྱིས་སྐད་འབོད་བྱས་སོང་། དེ་ཅི་ཡིན་འདི་ཡིན་བསམ་ཁོམ་ཙམ་ཡང་མ་བྱུང་བར་ངའི་སྒེའུ་ཁུང་དང་སྒོའི་ཐོག་ལ་རྡོ་བ་ཆར་བ་འབབ་འབབ་བྱས། ང་ཚོ་ཚང་མ་ཐབ་ཚང་ནང་ལ་བྲོས། དེ་ལ་སྒོ་ཞིག་མ་གཏོགས་སྒེའུ་ཁུང་གཅིག་ཀྱང་མེད། ང་ནི་རྒྱ་གར་རྣམས་ཁང་བའི་ནང་ལ་ཡོང་རྒྱུ་རེད་སྙམ་ནས་སྐྲག་སྣང་སྐྱེས། ཡུད་ཙམ་ནས་ཤེལ་སྒོ་གཅོག་པའི་སིལ་སྒྲ་མཚམས་ཆད་སོང་། ངའི་ཁང་པའི་མར་ཕྱོགས་ནས་རྒྱ་གར་བ་རྣམས་ཀྱིས་མུ་མཐུད་ནས་སྐད་བརྒྱབ་ནས་ཕྱིན་པ་ན་ཁང་བའི་ནང་ལ་མ་ཡོང་བ་རེད་སྙམ་ནས་བློ་བདེ་བར་གྱུར། ཐབ་ཚང་ལས་ཕྱི་ལོགས་ལ་ཐོན་པ་ན་ཁང་པའི་ནང་གི་དྲ་མ་རྣམས་ཀྱི་ཤེལ་སྒོ་གཅིག་ཀྱང་ལུས་མེད།

ལམ་ཁ་ལ་མ་འཁེལ་བའི་འདུག་ཁང་སྐོར་ཞིག་ལ་རྒྱ་གར་བ་རྣམས་ཀྱིས་གཏོར་བཅོམ་བྱས་མི་འདུག ང་ཚོ་གཏོར་བཅོམ་བྱས་མེད་པའི་ཁྱིམ་ཚང་ཞིག་ལ་སོང་ནས་ཅུང་ཙམ་བསྡད། ཡིན་ན་ཡང་རྒྱ་གར་བ་རྣམས་ཀྱིས་ཡང་སྐྱར་སྐོར་བ་བརྒྱབ་ནས་མི་ཡོང་ངམ་སྙམ་ནས་དངངས་སྐྲག་གི་ནང་དུ་ཉིན་གུང་བར་དུ་བསྡད་ཀྱང་ཡང་སྐྱར་མ་ཡོང་། དེ་དུས་བོད་པ་རྣམས་ཕྱི་ལ་ཐོན་ནས་ཕར་ཚུར་ལ་འགྲོ་འོང་བྱེད་འགོ་བརྩམས་ཟིན་པས་ང་ཡང་མགོན་པོ་ལ་བལྟ་རུ་སོང་བར་ཁོ་དང་ཁའི་དགའ་རོགས་པད་མ་ཁང་གསར་གཉིས་དང་ཁོ་ཚོའི་ཁང་པ་ལ་ཅི་ཡང་བྱུང་མི་འདུག གངས་སྐྱིད་ཀྱི་བོད་གཞུང་གི་ལས་ཁུངས་མང་ཆེ་བ་གཏོར་བཅོམ་བྱས་འདུག ཅན་དི་སྒར་ནས་རྒྱ་གར་བ་སྟོང་ཕྲག་དུ་མ་ཞིག་བོད་པ་ལ་ངོ་རྒོལ་བྱེད་དུ་ཡོང་རྒྱུ་རེད་ཟེར་བའི་གཏམ་ཡན་ཞིག་གིས་གངས་སྐྱིད་ཀྱི་མི་ཚང་མ་དངངས་སྐྲག་གི་ནང་ན་བསྡད་ཡོད།

ངའི་ཁང་པའི་སྒེའུ་ཁུང་ཚང་མ་བཅག་ཚར་བ་དང་། རྒྱ་གར་བས་ཡང་སྐྱར་བོད་པ་ལ་རྒོལ་ན་ངའི་ཁང་པ་ནི་རྒྱ་ལམ་གྱི་ཁ་ན་ཡོད་སྟབས་རྒོལ་ས་དང་པོ་ལྟ་བུ་ཞིག་ཡིན་སྟབས་ང་ཡང་སྐྱར་ངའི་ཁང་པ་ལ་ལོག་མ་ཐུབ། ངས་མགོན་པོ་དང་པད་མ་ཁང་གསར་གཉིས་ལ་སྐྱབས་བཅོལ་ཞུ་དགོས་བྱུང་། དེ་དུས་དགེ་འདུན་རབ་གསལ་ལགས་ཀྱང་མགོན་པོ་དང་ཁྱིམ་མཚེས་རེད། ང་ཚོ་གསུམ་པོས་མཉམ་དུ་དངངས་སྐྲག་གི་ཉིན་ཁ་ཤས་སྐྱེལ་དགོས་བྱུང་།

ཟིང་ཆ་དེ་འཇགས་པ་ན་མགོན་པོ་དང་ངེད་གཉིས་ཟིང་ཆ་དེ་དམངས་གཙོ་ཚགས་པར་ལ་འགོད་པའི་བྲེལ་ཟིང་གི་ནང་ལ་འཁོར། དེ་ནི་མགོན་པོ་དང་ངེད་གཉིས་རྒྱ་གར་ན་ཡོད་སྐབས་ཀྱི་དྲན་སྣང་མཐའ་མ་དེའོ།

རྩོམ་རིག

Post navigation

Previous Post: ཁ་རྩང་དེ་རིང་གི་ཡུལ་ཤུལ།
Next Post: བོད་ཀྱི་རྭ་ལོ་དང་འབྲུག་སྨྱོན་སོགས་ཀྱིས་སྤྱོད་པའི་སྐོར།

Comments (70) on “དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ། -གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ། (དྲུག་པ།)”

  1. ཀླུ་སྨྱོན། says:
    2013-04-18 at 1:13 pm

    རྩོམ་འདི་ལ་མཆན་དང་པོ་འདེབ་མཁན་ཞིག་གི་ངོས་ནས་བལྟས་ན། དེ་དུས་ཀྱི་དོན་རྐྱེན་དེ་གཉིས་ཀ་ངས་རྒྱ་གར་དུ་བསླེབས་ནས་གོ་བྱུང་། ཟིང་ཆ་གཉིས་པ་དེ་ནི་ང་རྒྱ་གར་ལ་མ་བསླེབས་གོང་གི་ཟླ་བ་ཁ་ཤས་སྔོན་ལ་རེད།

  2. བྱ་འཕུར་ལྷུན་གྲུབ་རྒྱ་མཚོ། says:
    2013-04-18 at 1:24 pm

    དྲན་སྣང་ཐར་ཐོར་དེ་དག་དགའ་སྡུག་འདྲེས་མའི་མུ་འབྲེལ་གློག་བརྙན་ཞིག་དང་ཨ་ན་མ་ན་རེད། ད་ཕལ་ཆེར་མཇུག་རྫོགས་ཟིན་པ་འདྲ།

  3. ཤར་ཕྱོགས་ཁུག་རྟ། says:
    2013-04-18 at 3:02 pm

    དྲན་སྣང་གིས་དྲན་སྣང་དྲངས་ནས་འདིར་བསླེབས་པ་ན། དྲན་སྣང་བརྗོད་མཚམས་འཇོག་རྒྱུ་ཡིན་པར་གསུངས་འདུག སྤྱིར་བོད་ཕྱི་རབས་པའི་ཡི་གེ་བ་སྐོར་ཞིག་ལ་དྲན་སྣང་འདིས་མི་ཞིག་འཚར་ལོངས་བྱུང་དུ་བཅུགས་པ་དང། ཡང་དེ་མ་ཐག་སྟེ་གློ་བུར་དུ་མི་དེ་ཡོངས་སུ་བཞུད་སོང་བའི་སྣང་ཚུལ་ཞིག་གསལ་སྟོན་བྱས་སོང་སྙམ་པས། ”དྲན་སྣང་ཚང་མ་བརྗོད་ཐབས་བྲལ་ཡང་ད་དུང་དྲན་སྣང་གཉིས་བརྗོད་ནས་རྗོད་མཚམས་བཞག་ན་འདོད།”ཅེས་པའི་མཚམས་ནས་རུ་འཛིང་བའི་བསམ་གཞིགས་སྣ་ཚོགས་ཀྱིས་ཚོད་ཚོད་མེད་ལ་ཡིད་སེམས་སྐྱོ་བ་ཤུགས་ཆེའི་དབྱིངས་སུ་སིམ། མཇུག་མཐར། བོད་ལ་ཡོད་པ་དང་ནང་པ་ཚད་ལྡན་ཚོར་ཡོད་པའི་མ་ཎི་ཡིག་དྲུག་སྟེ་ཨོམ་མ་ཎི་པདྨེ་ཧཱུམ་ཞེས་པ་བསྐྱར་དུ་ཟློས་ཏེ། ཡི་གེ་བ་རྣམ་དག་ཅིག་གཏན་དུ་ཡལ་འགྲོ་བའི་སྣང་ཚུལ་དེ་ལ་ལག་གཡུག་ཙམ་བྱེད་འདོད་བྱུང། ཨོམ་མ་ཎི་པདྨེ་ཧཱུམ།

    ཨོ་ཞོར་དུ། དྲན་སྣང་གཉིས་པའི་སྐོར་ལ་རྒྱ་གཞུང་གིས་ང་ཚོས་རྒྱ་གར་ན་ཅང་མགོ་འཁྱོངས་ཀྱི་མེད་ཚུལ་བཤད་སྐབས། ༼ ༡༩༩༤ ལོའི་དཔྱིད་དུས་སླར་ཡང་རྡ་རམ་ས་ལའི་ཉེ་འགྲམ་དུ་སྡོད་པའི་བོད་མི་དང་ས་དེ་གའི་ཧིན་རྡུའི་སྡོད་དམངས་བར་རྒྱབ་འདྲེ་རྒྱག་པའི་དོན་རྐྱེན་བྱུང་ནས་བོད་མིས་ཧིན་རྡུའི་མི་གཅིག་བསད། དེ་ནས་ཧིན་རྡུའི་སྡོད་དམངས་སྟོང་ཕྲག་ལོངས་པས་ཁོང་ཁྲོ་ཆེན་པོས་ཡུལ་གྱར་སྲིད་གཞུང་གི་ལས་ཁུངས་གཏོར་བའི་དོན་རྐྱེན་བྱུང་ཡོད། ཧིན་རྡུའི་སྡོད་དམངས་ད་དུང་ཏཱ་ལའི་བླ་མའི་སྡོད་ཤག་གི་ཉེ་འགྲམ་བར་དུ་རྒྱུགས་ཡོང་བ་ཧིན་རྡུའི་སྲུང་དམག་གིས་མ་བཀག་ན་སྡོད་ཤག་ཏུ་ཤར་རེ་རྒྱུགས་རྩིས་བྱས། ཧིན་རྡུའི་མང་ཚོགས་ཀྱིས་ས་ཆ་འདི་ནི་ང་ཚོའི་ཡིན་ཞེས་སྐད་ཆེན་པོས་འབོད་སྐད་བྱས་པ་དང། ཡུལ་གྱར་སྲིད་གཞུང་མགྱོགས་པོར་གནས་སྤོ་བྱ་དགོས་པའི་བླང་བྱ་ནན་པོ་བཏོན་ཡོད། དེ་ལྟར་ཅི་བྱ་གཏོལ་མེད་ཀྱི་གནས་སུ་གྱར་སྐབས་ཡུལ་གྱར་སྲིད་གཞུང་ཧིན་རྡུའི་ལྷོ་རྒྱུད་སྦན་ཀ་ལོར་དུ་གནས་སྤོ་རྩིས་བྱས། ཡིན་ནའང་རྗེས་སུ་ཧིན་རྡུ་སྲིད་གཞུང་གིས་བར་འདུམ་ཤུགས་ཆེན་བྱས་པས་ད་གཟོད་ཡུལ་གྱར་སྲིད་གཞུང་མུ་མཐུད་རྡ་རམ་ས་ལར་སྡོད་ཐུབ་ཙམ་བྱུང། འོན་ཀྱང་ཡུལ་གྱར་སྲིད་གཞུང་ནི་ད་བར་བློ་སེམས་བདེ་བོ་མེད་པས་གནས་སྤོ་བྱ་དགོས་དང་མི་དགོས་ཀྱི་གྲོས་གཞི་བྱེད་བཞིན་བསྡད། ༽ཞེས་བྲིས་ཡོད་པ་རེད།

    ད་དུང་རྒྱ་ནག་གིས་བཤད་ ༡༩༩༡ ཟླ ༨ ཚེས ༢༩ ཉིན་ཡང་ཡུལ་མི་དང་འགལ་ཟླས་མི་བསད་དོན་རྐྱེན་བྱུང་ཚུལ། སྨན་རྩིས་ཁང་གི་སྒོ་ཁར་འཇིབ་འཁོར་རྡུང་བ་དང། བཀའ་བློན་བློ་དར་ལ་གཅར་རྡུང་བྱས་ཚུལ་སོགས་བྲིས་ཡོད་པ་རེད།

    དེ་རིང་འདིར་འདྲེན་དགོས་པ་དེ། ཁོ་བོ་ལན་འདེབས་ཚོགས་ཆུང་ནང་ཡོད་དུས་གནས་ཚུལ་འདི་རིགས་ལ་བདེན་པས་གསལ་བཤད་བྱ་རྒྱུ་སྒང་ནས་གནང་བའི་འགན་རེད། ཡིན་ནའང། ང་ཚོའི་རྒན་རབས་པ་ཚོས་འདིའི་སྐོར་ངག་རྒྱུན་ནང་བྲིས་ཡོད་པ་མ་རེད། འདིའི་སྐོར་དངོས་བྱུང་ཅི་ཡིན་བྲིས་ན་སྤོབས་པ་ཤོར་མདོག་ཅིག་ལའང་གཟིགས་ཡོད་སྐད། དེས་ཆ་ནས་དཔྱད་ཡིག་མ་རག་པའི་དཀའ་ངལ་དེ། དེ་རིང་ཨ་ཁུ་པད་འབུམ་གྱིས་བསྡུས་ཙམ་གསུངས་པ་འདིས་དྲན་གསོས་སྟབས་སྟབས་གཅིག་བསམ་གཞིའི་ཚུལ་དུ་བཀོད་པ་ཡིན།

    མཇུག་མཐར་བློ་ཕམ་པའམ་འགྱོད་པ་སྐྱེས་གཞི་ཞིག་ནི་ཨ་ཁུ་པད་འབུམ་གྱིས་་་་དྲན་སྣང་གིས་དྲན་སྣང་དྲངས་ཏེ་རྡ་རམ་ས་ལའི་དྲན་སྣང་འབྲི་དུས། ”དྲན་སྣང་ཚང་མ་བརྗོད་ཐབས་བྲལ་”ཞེས་པ་འདི་རེད། ད་ཅི་བྱ།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-04-18 at 3:08 pm

    དགོང་ག་ཞེས་པ་འདི་ཨ་མདོའི་ཁ་སྐད་དུ་ཕྱི་དྲོའམ། དགོངས་མོའི་དོན་ཡིན་པ་འདྲ།

  5. པཀྵི says:
    2013-04-18 at 3:13 pm

    དྲན་སྣང་དེ་གཉིས་ཀ་ང་རྒྱ་གར་ན་ཡོད་དུས་བྱུང་བ་རེད། ཡིན་ནའང་། ང་ངྷ་སར་མེད་པས་དྲན་སྣང་གཉིས་ཀ་དངོས་སུ་མ་མཐོང་། གང་ལྟར་དྲན་སྣང་གཉིས་ཀ་སྐྱོ་གར་རེ་རེ་རེད།

  6. ཆོས་འཕེལ་དར་རྒྱས་ says:
    2013-04-18 at 3:13 pm

    དྲན་སྣང་དེ་ཚོ་nha trang ཞེས་ཝེ་ཐི་ནམ་གྱི་མཚོ་ཁ་ནས་བཀླགས་ཡིན། ཐོག་མ་དེ་གོ་མྱོང་། དེའི་སྐབས་སུ་བོད་པའོ་སྤྱི་ཚོགས་ཁྲོད་ན་པདྨ་འབུམ་གྱིས་རྩོམ་ཡིག་གམ་དཔྱད་གཞིའི་ཡིག་ཆ་ཤོག་ལེབ་བརྒྱ་གྲངས་ཞིག་བྲིས་ཡོད་པ་ཆོས་ལ་བརྒོལ་བ་རྐྱང་རྐྱང་རེད་ཟེར། ངོས་སུ་རྩོམ་ཡིག་དེ་མཇལ་མ་མྱོང་། དེའི་སྐབས་ལ་རྣམ་རྒྱལ་གྲྭ་ཚང་སོགས་ནས་གྲྭ་བ་འགའ་རེས་པདྨ་འབུམ་གསོད་གི་ཡིན་གཏུབ་གི་ཡིན་ཞེས་བསྒྲགས་གཏམ་ཞིག་ཀྱང་ཡོད།
    གཉིས་བ་དེ་བྱུང་དུས་ངོས་སུ་རྡ་སའི་དཔེ་མཛོད་འགྲམ་ན་ཡོད། དེ་དུས་འདས་བོ་ཁོང་དང་བར་མི་རིང་ས་ན་ཡོད། ཨ་ཨ་མི་ལོ་ཉི་ཤུ་ལྷག་ཟིན་འགྲོ་བཞིན་འདུག དུས་ཚོད་་་་་

  7. པ་སངས་སྒྲོལ་མ says:
    2013-04-18 at 3:36 pm

    སྐུ་ཞབས་པདྨ་ལགས་ཀྱི་དྲན་སྣང་གསུངས་པར་ཐུགས་རྗེ་ཆེ་ཞུ། ད་དུང་དྲན་སྣང་ཡོད་ན་གསུང་རོགས་ཞུ།

  8. ཀླུ་སྨྱོན། says:
    2013-04-18 at 4:38 pm

    ཨོམ་མ་ཎི་པདྨེ་ཧཱུམ།
    གྲོགས་ཁུག་རྟ་ལགས།
    ཧྰུཾ་གི་ཀླད་གོར་དེ་མ་རུ་ཀློག་རྒྱུ་མ་ཡིན་པར་ང་རུ་བཀླགས་ཏེ་ཧུང་སྒྲ་ཐོན་པར་བྱེད་དགོས། ཁུངས་ལུང་ཡོད་དེ། སྣར་ཐང་ལོ་ཙྰ་པས་མཛད་པའི་སྔགས་བཀླག་ཐབས་བསྡུས་པ་ལས། ཨོཾ་དང་ཧྰུཾ་གཉིས་མ་དང་ང་། །ཞེས་གསུངས་ལ། སྒྲུབ་ཐབས་དག་ལས་ཀྱང་ཧྰུཾ་གི་འོད་ཟེར་གྱིས་གི་ཡིག་འབྲི་བའི་དགོས་པ་ཤུགས་ནས་བསྟན་ཡོད།

  9. ཐུ་བ་རྒྱ་མཚོ། says:
    2013-04-18 at 4:38 pm

    སྐད་ཆ་དེ་ཚོ་ང་ལ་མཚོན་ན་གནའ་སྔ་མོའི་གཏམ་རྒྱུད་ཞིག་དང་འདྲ་སེ་འདུག སྐྱེས་ས་ལུང་ཁུག་སྤར་གང་ནས་ཡིན་ཙང་རྒྱ་གར་ཟེར་པ་ཞིག་ཡོད་པ་དང་། ས་ཆ་དེ་ན་༧རྒྱལ་བ་རིན་པོ་ཆེ་བཞུགས་ཚུལ་ཀྱི་གཏམ་སྙན་ཐར་ཐོར་རེ་ཐོས་པའི་རྐྱེན་བྱས་ནས་གོ་བཞི་ལོའི་ལོ་མཇུག་རྒྱ་གར་ཕྱོགས་སུ་བྲོས་བྱོལ་ལ་ཡོང་ན་ཡང་། གོ་བདུན་ལོར་རྡ་སར་འབྱོར་རྗེས་མ་གཏོགས་ཨ་ཁུ་པད་མའི་གཏམ་རྒྱུད་དེ་ཚོ་གོ་ཐོས་མ་བྱུང་།

    དོན་དངོས་ཐོག་རྡ་ས་དེ་དུས་ནས་རྩོམ་པ་པོའི་ལུས་སྲོག་ལ་འཇབ་རྒོལ་བྱེད་རྩིས་བྱེད་མཁན་གྱི་དྲག་སྤྱོད་པ་དེ་འདྲ་ཡོད་ན་ཡང་གོ་དྲུག་ལོའི་ལོ་མཇུག་མ་གཏོགས་མངོན་དུ་འགྱུར་མ་ཐུབ་པ་འདྲ་འདུག ཨ་ཆག་སྒོ་ཆག་སྒོ ། དགྲ་དང་རྐུན་མ་ལ་ཐག་ཉེ་རིང་མེད་ཟེར་པ་དེ་ཅི་མ་བདེན།

  10. རང་བྱུང་རིག་པའི་རྡོ་རྗེ says:
    2013-04-18 at 5:30 pm

    མཁས་དབང་པད་མ་འབུམ་ནས་ལེགས་པོ་བྲིས་གནང་འདུག་པས་རྗེས་སུ་ཡ་རངས་ཡོད། མུ་མཐུད་དེ་གཏམ་སྙམ་འདི་འདྲ་ཡང་ཡང་འབྲི་རོགས་གནང་། །

  11. གནམ says:
    2013-04-18 at 7:09 pm

    རྗེས་རྗེས་ལ། རྒྱ་གར་བ་དེ་གསོད་མཁན་བོད་མི་མིན་པར། གྲོགས་པོའི་བར་ལ་འཁོན་སེམས་ཅན་རྒྱ་གར་བ་འགས་བོད་མི་ཞིག་དང་འཛིང་ཁུལ་གྱི་བར་ལོག་ནས་རྒྱ་གར་བས་རྒྱ་གར་བ་ལ་སྡང་སེམས་ཀྱིས་མི་གསོད་བྱས་བ་རེད་ཟེར་བ་ཞིག་གོ་སོང་། ངོ་མ། དེ་འདྲ་ཡིན་ན། རྒྱ་གར་ཚང་གི་གཡོ་སྒྱུ་འདི་ལ་ཁ་ལོ་ཞིག་མེད་ཀི་ཨ།

    རྒན་པད་མ་འབུམ་གྱི་ཞལ་ཁ་བྱེ་བ་ལས་ཀྱང་རྒྱས་བར་ཤོག།

  12. པད་མ་འབུམ། says:
    2013-04-18 at 7:57 pm

    གསལ་བཤད།
    ༡། ངའི་རྩོམ་གྱི་ནང་དུ་ “ཅན་དི་སྒར་ནས་རྒྱ་གར་བ་སྟོང་ཕྲག་དུ་མ་ཞིག”ཟེར་སྤྱིར་བཏང་གི་མི་དམངས་མ་ཡིན་པར་སློབ་གྲྭ་ཆེན་མོའི་སློབ་མ་སྟོང་ཕྲག་དུ་མ་ཞེས་གྲགས་སོང་།
    ༢། མགོན་ཚེའི་སྐོར་ལ་རྒྱ་གར་གྱི་དྲན་སྣང་ཚར། ཡིན་ན་ཡང་ཁེ་ན་ཊ་ལ་སླེབས་རྗེས་ཀྱི་དྲན་སྣང་ད་དུང་ཅུང་ཙམ་ཡོད།

  13. ཐབས་ཇུས་ཅན says:
    2013-04-18 at 7:58 pm

    རེད་ཡ། རྒྱ་གར་བ་དེ་གསོད་མཁན་རྒྱ་གར་བ་གཞན་ཞིག་ཡིན་པ་རྒྱ་གར་གཞུང་གི་ཁྲིམས་ཁང་ནས་ཐག་གཅོད་བྱུང་བ་རེད།

  14. གནམ says:
    2013-04-18 at 8:53 pm

    མགོན་ཚེའི་སྐོར་ཁེ་ན་ཊ་ལ་སླེབས་རྗེས་ཀྱི་དྲན་སྣང་ཅུང་ཙམ་ཡོད་ན་ངོ་མ་ཡག་གི། ཁོང་ས་དེ་རུ་ཕྱིན་ཉིན་ནས་བཟུང་། གོ་རྒྱུ་གྱགས་རྒྱུ་མེད་པར། ན་ནིང་གཞེས་ནིང་ཞིག་བར་དུ། འཇིག་རྟེན་ཁམས་ན་ཡོད་ནི་ཟིག། གྱང་གི་ཅབས་ན་མེད་ནི་ཞིག་གི་འཚོར་བ་བྱུང་།

  15. གནམ says:
    2013-04-18 at 8:57 pm

    གྱངས་ཀི་ལ་བཅོས།

  16. ཐུ་བ་རྒྱ་མཚོ། says:
    2013-04-18 at 10:23 pm

    གོང་ན་མི་ཅིག་གིས། གྱངས་ཀི་ཅབས་ཟེར་པ་ཞིག་བྲིས་འདུག ཡུལ་སྐད་འབྲི་ནའང་ཡི་གེ་དང་མཐུནཔ་ཞིག་བྲིས་ན་གོ་རྒྱུ་ཡོད་པ་རེད། གང་བྱུང་དུ་བྲིས་ན་སྒྲ་ཙམ་ལས་གོ་རྒྱུ་ཚོར་རྒྱུ་གང་ཡང་མེད།

    གྱངས་ཀི་ཅབས་ཟེར་ན་གོ་རྒྱུ་མེད་ལ།
    ཅང་གི་གྱལ་ཟེར་པ་ཡིན་རྒྱུ་རེད།

    ཡིག་འབྲི་བ་སུ་ཡིན་རུང་ཡི་གེ་གང་བྱུང་དུ་བྲིས་ནས་རང་གི་ཕ་སྐད་སྡེ་སྐད་ཀྱི་བརྡ་རྙིང་ལ་མཐོང་ཆུང་བྱེད་མི་རུང་བ་ཡིན།

  17. བློ་བཟང་། says:
    2013-04-18 at 11:28 pm

    པད་འབུམ་ལགས་ད་དུང་སེམས་ཤུགས་ཆགས་མེད་པའི་ཡིད་ཆེས་ཡོད། སྤྱིར་ན་བཅོས་སྒྱུར་སྐབས་ཚང་མ་ཧང་སང་དགོས་པའི་ལམ་ཞིག་ནས་མགོ་ཚུགས་ཀྱིས་དལ་བུར་ལྷིག་ལྗགས་བྱུང་མཚམས་བཅོས་སྒྱུར་ཟིན་ནས་ཡོད་པ་དེ་འདྲའང་སྲིད། དཔེར་ན་ཧིཊ་ལར་གྱིས་སྤྱོད་ངན་དང་། གྷོར་བ་ཅོབ་ནས་རུ་སུ་མང་གཙོའི་ཕྱོགས་སུ་འགྱུར་བ་བཞིན་རེད། ཡང་ན་བཅོམ་ལྡན་འདས་ནས་ཡུལ་དུས་གདུལ་བྱ་སྐབས་གཟིགས་ཀྱིས་ཤིན་ཏུ་ཞི་འཇམ་དང་། ཐབས་མཁས་སྣ་ཚོགས་ཀྱིས་སྒོ་ནས་རྒྱ་གར་མགོ་མཁྲེགས་ཡུལ་ན་ལྟ་གྲུབ་གསར་པ་གཏན་བེབས་ཐུབ་ཡོད། ད་དུང་ཁོང་ནས་དོན་སྙིང་ཅན་གྱི་ལམ་སྲོལ་དང་ལེན་དང་། དོན་གནད་མེད་པའི་ཆ་ལུགས་དག་ཅི་གར་བཞག་པ་རེད། ང་ལ་ལྟས་ན་ཕྱི་མ་དེ་ཟབ་པ་དང་། དུས་དང་མཚམས་པར་དྲན། འོན་ཀྱང་ཟུར་བོར་གནས་པ་དགོས་གལ་ཡང་མེད་མི་རུང་བའི་ཆ་རྐྱེན་ཡིན་པར་མཐོང་། ལེགས་ཉེས་ཕྱོགས་གཉིས་ཀར་ཡོད། པད་འབུམ་ལགས་ད་དུང་ཡིད་ཐང་ཆད་མེད་པའི་ཡིད་ཆེས་ཡོད།

  18. བློ་བཟང་། says:
    2013-04-18 at 11:30 pm

    དགོངས་དག་ “ལྷིང་འཇགས”

  19. གནམ says:
    2013-04-19 at 12:47 am

    ཐུ་བ་རྒྱ་མཚོ་ལགས།
    མྱི་སྐད་དེ་ང་དང་ངའི་ཡུལ་ལུང་ན་ཉམས་མེད་དུ་སྤྱོད་པའི་བོད་སྐད་གྱལ་དག་ཞིག་ཡིན། ཁྱོས་བྲིས་ཁུལ་བྱས་པའི་ཅང་གི་གྱལ་དང་དོན་མི་གཅིག་པའི་གོ་བ་གནམ་ས་ཡོད་པས་མ་ཚད་ཅང་གི་གྱལ་ཟེར་སའི་ས་གནས་ཞིག་གང་ན་ཡོད་པ་རེད་ཟེར་ནས་དྲི་བ་འདི་ཡང་ཤོར་ཐལ།

  20. གནམ། མེས་པོའི་ཐེམ་སྐས། says:
    2013-04-19 at 1:18 am

    གང་གི་གྲལ། ཡིག་སྐད།
    ཅང་གི་གྱལ། ཨམ་སྐད།

  21. ལྷ་ཆབ། says:
    2013-04-19 at 1:23 am

    ཨ་ཁུ་པདྨ་འབུམ་གྱི་དྲན་སྣང་ཐར་ཐོར་འདི་དངོས་གནས་ཡག་བྱུང་། དེ་རིང་གི་འདི་ཆེས་མཐའ་མ་ཡིན་པ་འདྲ་བས། ད་དུང་ཅི་ཞིག་ཆད་སོང་བའི་སྣང་བ་ཞིག་ཀྱང་ཞོར་དུ་བྱུང་། གང་ལྟར་མི་རབས་གསར་བའི་སྙིང་ཁམས་ཀྱི་འཕར་ལྡིང་གི་སྐོར་གྱི་དྲན་སྣང་འདི་སྔོན་ནས་གོ་ནའང་། རྨས་སྐྱོན་ཕོག་ས་དེ་འདས་པོ་དམ་པ་ཁོང་ཡིན་པ་མ་ཤེས། རྒྱ་གར་བས་བོད་པར་བརྡུང་བ་གོ་ཡང་ཁྱེད་ཀྱི་ཁང་བར་ཚབ་ཆེའི་བརྡུང་རྡེག་ཕོག་པ་གོ་མ་བྱུང་། ཐུགས་རྗེ་ཆེ། ཁྱེད་ཀྱི་སྐུ་ཚེ་རིང་ཞིང་བསམ་དོན་འགྲུབ་པར་སྨོན།

  22. ལྷ་ཆབ། says:
    2013-04-19 at 1:27 am

    ཁྱེད་ཀྱིས་ཁོང་ཁ་ཎ་ཌར་ཕེབས་རྗེས་ཀྱི་དྲན་སྣང་ཐར་ཐོར་རེ་འབྲི་ཐུབ་ན་དངོས་གནས་ཀློག་བྲོ་བོ་ཡོང་ས་རེད།

  23. བན་དེ་བ། says:
    2013-04-19 at 1:57 am

    དེང་སང་སྔར་དང་མི་འདྲ་བར་གཏམ་བརྗོད་རང་དབང་དང་ཕྱི་ནང་གི་མཐུན་རྐྱེན་གང་ལེགས་དང་གཞོན་སྐྱེས་མང་པོ་ཞིག་གི་བློ་སྒོ་ཡངས་པ་དང་འདས་མ་ད་གསུམ་ལ་མནོ་བསམ་གཏོང་ཐུབ་མཁན་གང་མང་འདུག་པས། པདྨ་འབུམ་ལགས་སོགས་ཁྱེད་རྣམས་ཀྱི་སྔར་གྱི་ཕྱག་ལས་དེ་ཚོར་ཡར་རྒྱས་དང་མུ་འཐུད་ནས་ལྗང་གཞོན་ལས་སོགས་དུས་དེབ་དང་གསར་ཤོག་དྲ་རྒྱ་ལས་སོགས་བསྐྱར་དུ་སྒོ་དབྱེ་གནང་ན་ཧ་ཅང་གི་ལེགས། སྔར་བྱུང་གི་སྐྱ་སད་སྔོ་སྡུག་དང་ཁ་ཆག་སྣ་རལ་དེ་ཚོ་སློག་པ་ལས་ད་ལྟ་དང་མ་འོངས་པའི་གཞོན་སྐྱེས་རྣམས་ཀྱི་རྩོམ་རིག་དང་ལོ་རྒྱུས་ལས་སོགས་ལ་དགོངས་པ་བཞེས་ཏེ་སྔར་གྱི་བསམ་དོན་དེག་བསྒྲུབ་ཐབས་གནང་བ་ཡིན་ན་་་་འདས་པོའི་བསམ་དོན་འགྲུབ་པ་དང་གསོན་པོའི་མི་ཚེ་དོན་ཡོད་ཅིག་ཏུ་འབྱུང་ངེས་པས་་་་དགོངས་པ་བསྐྱར་དུ་བཞེས་རོགས་གནང།

  24. ལེགས་བཤད། says:
    2013-04-19 at 4:06 am

    དྲན་སྣང་གིས་དྲན་སྣང་དྲངས་བའི་སྣང་བརྙན་དེ་ལ་བལྟས་ན་དམངས་གཙོ་ཚགས་པར་ཐོག་གི་འཇམ་དབྱངས་ནོར་བུའི་གླེང་གཞི་དེ་དང་འབྲེལ་བ་ཡོད་སྲིད། རྡ་སར་སོ་མར་བསླེབས་དུས། དམངས་གཙོ་ཚགས་པར་སྒོ་བརྒྱབ་པའི་དྲན་སྣང་དེ་བྱུང་། ཨ་ཁུ་པདྨ་འབུམ་གྱིས་ནང་བསྟན་དང་དམར་ཕྱོགས་ལམ་ལུགས་བོད་ལ་བསླེབས་པའི་བརྒྱུད་རིམ་གྱི་རྩོམ་ཡིག་དེ་ལ་ཤེས་བྱའི་ཚགས་དེབ་ནང་སྒྲོག་གཅོད་རལ་གྲི་ཟེར་བ་ཞིག་གིས་དགག་ལན་བརྒྱབ་འདུག །དེ་ནི་མི་རབས་གསར་པའི་སྙིང་ཁམས་ཀྱི་འཕར་ལྡིང་ཟེར་བའི་རྩོམ་ཡིག་དེ་ལ་ཡིན་པ་འདྲ། །གང་ལྟར་ཁྱེད་རྣམ་པས་སྐུ་ཚེགས་འཛེམས་མེད་ཀྱིས་ཚགས་དེབ་མང་པོ་ཞིག་དཔར་བསྐྲུབ་བྱས་པ་ལ་མ་བསྒུལ་རང་འགུལ་གྱི་ནུས་པ་ཞིག་ཐོན་འདུག་པ་མིག་མཐོང་ལག་ཟིན་རེད།

  25. རེབ་ཐོག་མདའ says:
    2013-04-19 at 4:48 am

    ཨ་ཁུ་པདྨ་འབུམ་ལགས་ཀྱི་དྲན་སྣང་ཁྲོད་ཀྱི་ལེའུ་ལྔ་བྲིས་ཚར་འདུག། ཡིན་ཡང་ཨ་ཁུ་པདྨ་འབུམ་ལགས་ལ་དུས་ཚོད་རེ་ཡོད་ན་རྡ་སའི་རི་གྲོང་དང་ཁ་ཐག་གི་གྱེས་པས་རྗེས་ཀྱི་འཚོ་བའི་ནང་གི་ཁྱོད་ཅག་མཁས་པ་དག་གི་འབྲེལ་བའི་སྐོར་དང་གཞན་འཚོ་བའི་ཁ་ཕྱོགས་གི་སྐོར་ཀྱི་དྲན་སྣང་ཞིག་འབྲི་ཐུབ་ན་ཕན་ཐོགས་ཆེ་བར་སྙམ། གཅིག་ནས་ཁྱོད་ཅག་ལ་མཚོན་ན་ལོ་རབས་དྲུག་བཅུ་ནང་དུ་མཚར་ལོངས་བྱུང་ནས་བོད་རང་གི་རིག་གནས་ལ་དུངས་ཞེན་ཀྱི་སློབ་གཉེར་མཐར་ཕྱིན་ནས་རྒྱ་གར་དུ་སླེབས་པ་དང་རྡ་སའི་སྐྱུག་དྲོ་བའི་དུས་ཡུན་དེ་འདྲ་ཞིག་གི་ནང་དུ་ཡང་རིག་གཞུང་གི་ཐོག་ལ་ལག་རྗེས་ཆེ་ན་ཡང་རྙིང་ཞེན་དང་རྨོངས་པའི་གཞན་དབང་དུ་སོང་བའི་མི་ལ་ལས་ཁྱོད་ཚོ་གཞན་ཡུལ་དུ་མཐའ་སྤྲད་པ་ཀྱང་རང་ཉིད་ཀྱི་གསེར་ལས་ལྷག་པའི་དུས་ཡུན་ཁྲོད་དུ་ནམ་ཡང་རིགས་ཞེན་ཀྱི་དུངས་སེམས་དཀར་བོ་དེ་མ་དོར་བར་ནུབ་ཕྱོགས་གྲུ་ཁ་དག་ན་ཡང་བོད་རང་གི་ཐུན་མོང་མ་ཡིན་པའི་རིག་པའི་གཞུང་འདི་མ་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་བྱེད་བཞིན་པའི་རྒྱུད་རིམ་དག་དྲན་སྣང་ཁྲོད་དུ་བཞག་དེ་ནུབ་ཀྱི་གྲུ་ཁའི་འཚོ་བའི་རྒྱུད་རིམ་སྐོར་ཐེངས་གཅིག་འདོན་ཐུབ་པར་སྙིང་ནས་གསོལ་བ་འདེབས།

  26. གསང་གྲོལ། says:
    2013-04-19 at 5:19 am

    འཇམ་དབྱངས་ནོར་བུའི་རྩོམ་ཡིག་༼བོད་རང་བཙན་རྩོད་གླེང་ཐད་ཀྱི་ལྟ་ཚུལ་འགའ་༽ཞེས་བའི་ནང་བཀོད་པ་ལྟར་ན། ༼ཉེ་ཆར་ཨ་མདོ་ནས་སླེབས་པའི་ངེད་ཀྱི་གྲོགས་པོ་རྩོམ་པ་པོ་པད་མ་འབུམ་ལའང་སུན་བཙེར་དང་དྲག་པོའི་འཇིགས་སྐུལ་བྱས་པ་དང་། ཐ་ན་ཚེ་གསོད་ལ་རྒོལ་བའི་འཇིགས་སྐུལ་བཏང་བ་རེད། རྒྱུ་མཚན་ནི་ཁོང་གིས་ཨི་ཊ་ལར་འཚོགས་པའི་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་སྟེང་བོད་ཀྱི་དེང་རབས་རྩོམ་རིག་སྐོར་གྱི་དཔྱད་རྩོམ་ཞིག་སྒྲོགས་སྦྱངས་གནང་བ་དང་། མི་ཞིག་གིས་དཔྱད་རྩོམ་དེ་ཡིས་ཏྰ་ལའི་བླ་མར་མཚན་སྨད་ཞུས་འདུག་ཅེས་འཆལ་གཏམ་སྤེལ་འདུག ཆབ་སྲིད་པ་ཚོ་པད་མ་འབུམ་ལ་མི་དགའ་བའི་རྒྱུ་མཚན་ནི་ཁོང་གིས་སྤིར་སློབ་གྲའི་སློབ་མ་ཚོ་ལ་རྡ་རམ་ས་ལའི་ཆབ་སྲིད་ཕྱོགས་ཁག་དབར་གྱི་འཐབ་རྩོད་ལ་ཞུགས་པར་བཀག་འགོག་གནང་བའི་གཏམ་སྤེལ་བ་དང་། ཨ་མདོ་བའི་ཚོགས་འདུ་ཞིག་གི་སྟེང་རྒྱལ་ལོ་དོན་འགྲུབ་ལ་རྒྱབ་སྐྱོར་མཁན་ཚོས་ཁོང་ལ་ངོ་རྒོལ་བྱས་པ་དང་། ཚོགས་ཞུགས་པ་ཚོས་གལ་སྲིད་གྲོས་ཚོགས་ཀྱིས་རྒྱལ་ལོ་དོན་འགྲུབ་ཀྱི་གླེང་རྙོག་སྐོར་གྱི་གཏམ་ལ་ཞིབ་འཇུག་བྱ་རྒྱུ་ཕྱིར་འཐེན་མ་གནང་ཚེ་བོད་ཀྱི་དམངས་གཙོ་འཕེལ་རྒྱས་ཕྱིར་ནུར་རྒྱག་གི་རེད་ཅེས་བརྗོད་འདུག ཡིན་ནའང་པད་མ་འབུམ་གཅིག་པུའི་ལྟ་ཚུལ་མི་མཐུན་པ་བརྗོད་འདུག ཆོལ་གསུམ་ཆིག་སྒྲིལ་ཚོགས་པའི་ཚོགས་གཙོ་ངག་དབང་བསྟན་པས་པད་མ་འབུམ་གྱི་མགོ་བླངས་ཚེ་ཧིན་སྒོར་ཁྲི་༢༠སྤྲད་ཀྱི་ཡིན་ཚུལ་བརྗོད་འདུག་ལ། ཆོལ་གསུམ་ཆིག་སྒྲིལ་ཚོགས་པ་ནི་རྒྱལ་ལོ་དོན་འགྲུབ་ཀྱི་མངའ་འོག་གི་ཚོགས་པ་ཞིག་རེད།༽ ཅེས་བྲིས་འདུག ཨ་ལ་ལ་སྐབས་དེའི་རྡ་ས་ནི་ཇི་འདྲའི་གཡུལ་ས་འཇིགས་པོ་ཞིག

  27. ཐུ་བ་རྒྱ་མཚོ། says:
    2013-04-19 at 6:32 am

    གནམ་ལགས།
    གྱངས་གི་ཅབས་ཟེར་ན་གོ་རྒྱུ་མེད་པ་དང་།
    ཅང་གི་གྱལ་ཟེར་ན་གོ་དོན་ཡོད་པ་རེད་ཟེར་ཡང་བསྐྱར་ཤོད་ཀི་ཡིན།
    མེས་པོའི་ཐེམ་སྐས་ནས་ཀྱང་མདོར་བསྡུས་ཤིག་གསལ་པོར་བསྟན་འདུག

    ཁྱེད་ཀྱི་དྲི་བ་འདི་དངོས་ནས་བྱས་ན་ཁྱེད་ཀྱིས་རང་ཉིད་ལ་འདྲི་དགོས་པ་ཞིག་ཏན་ཏན་རེད། ཡིན་ཡང་ངས་ལན་ནའང་མི་ཆོག་རྒྱུ་མི་འདུག

    གྱངས་གི་ཅབས་ཟེར་པ་འདི་བོད་ཀྱི་བརྡ་སྤྲོད་གང་ན་ཡང་རིག་རྒྱུ་མཐོང་རྒྱུ་མེད་པའི་ཚིག་ལྡོམ་གསར་ཅིག་རེད་ཟེར་མི་ཤོད་ཀ་མེད་རེད།
    ཡིན་ན་ཡང་། ཅང་གི་གྱལ་ཟེར་པ་འདི། ང་དང་ངའི་ཕ་ཡུལ། ཁྱོད་དང་ཁྱེད་ཀྱི་ཡུལ་ལུང་དང་བོད་མདོ་སྨད་ཀྱི་ཡུལ་གྲུ་ཕལ་ཆེ་བ་ན་རྒྱུན་དུ་བེད་སྤྱོད་ཆེ་བའི་ཕ་སྐད་ཅིག་རེད། རྒྱུ་མཚན། ཚིག་འདི་ཤོད་པར་ཁུངས་ལུང་གི་རྒྱུན་མཐུད་པ་ཅིག་རེད།

    ཅང་གི་གྱལ། ཅང་སྒྲ་འདི་ཅི་ཡང་ཞེས་པ་གཅིག་དུ་བསྡུས་པའི་སྤྱི་སྒྲ་ཅིག་ཡིན་ལ། གྱལ་ཟེར་པ་ནི་བརྡ་རྙིང་སྟེ། གྲལ་དང་དོན་གཅིག་ཡིན། གྲལ་ནི་གོ་གནས་ངེས་ཅན་ཞིག་དང་སྡོས་སའི་རིམ་པ་ཅིག་ལ་ཟེར་པ་ཡིན། དེ་གཉིས་གཅིག་ཏུ་བསྡུས་པའི་གོ་དོན་ནི་གོ་གནས་ཅི་ཡང་མེད་པའི་གནས་རིམ་ཟེར་པ་དང་གཅིག་ཡིན།

    ལྷག་བསམ་གྱི་སྐད་ཆ་འདི་ལ་སྐུ་རླུང་བཞེངས་ཡོད་ན་དགོངས་དག

  28. དྲན་དཀར་དཔལ་ཡོན་ says:
    2013-04-19 at 7:25 am

    ཅུང་གི་གྱབས། ཅུང་གི་གྲབས།

  29. དྲན་དཀར་དཔལ་ཡོན་ says:
    2013-04-19 at 7:36 am

    མི་ཤེས་ན་ཤེས་རབ་རྒན་པོའི་མཇེ་ནུ། མ་ཤེས་ཡི་ཤེས་ལྷ་མོའི་སྟུ་ལྡག་ཟེར་རོ།

  30. དོལ་སྨྱོན། says:
    2013-04-19 at 9:53 am

    མ་རྩོམ་དང་མཆན་བུ་ཚང་མ་དབུགས་ཐེངས་གཅིག་ལ་བཀླགས་ཡིན།
    སྙན་སོང་། ཐུགས་རྗེ་ཆེ།
    ལྷག་པར་དུ་དྲན་དཀར་དཔལ་ཡོན་ལགས་སུ།

  31. ཇ་མ་ says:
    2013-04-19 at 9:58 am

    ཐུགས་རྗེ་ཆེ་རྒན་པདྨ་འབུམ་ལགས།

  32. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-04-19 at 10:30 am

    པདྨ་འབུམ་མཆོག་གི་གཏམ་སྒྲུངས་བཀླགས་རྗེས། རྒྱ་གར་པས་རྫིངས་རྒོལ་ཁྲོམ་བསྐོར་བྱས་པ་ལ་བརྟེན་ན། ༧རྗེ་བླ་མ་མཆོག་སོགས་ཀྱིས་དྷ་ས་ནས་རྒྱ་གར་ས་གནས་གཞན་ཞིག་ལ་སྤོ་དགོས་གསུངས་པ་ན། དྷ་སའི་རྒྱ་གར་པ་མི་སྣ་དྲག་པ་ཁ་ཤས་ཀྱིས་༧་སྐུ་མདུན་ཞབས་ལ་གཏུགས་ཏེ། དྷ་ས་རང་ལ་བཞུགས་གདན་ཆགས་གྲོགས་ཞེས་ཞུ་བ་ཕུལ་པ་བཀླགས། དེ་ནི་རྣམ་དཔྱོད་ཀྱིས་བརྟགས་ན་དྷ་ས་ལུང་ཁུག་ནས་ཛམ་གླིང་ཡོངས་ན་གྲགས་པར་ཡར་ལང་ཐུབ་པའི་མཐུན་རྐྱེན་བཟང་པོ་ཞིག་ཏུ་མངོན། དེའི་དུས་རྒྱ་གར་པ་དང་། བོད་མིའི་བར་ལ་ཅལ་འདྲོགས་ཀྱི་རྙོག་དྲ་ལངས་སྐབས་སུ་གྲོགས་པོ་པདྨ་འབུམ་་ལ་ཡང་འཇིགས་སྣང་གི་འོ་བརྒྱལ་བྱུང་བའི་དྲན་ཐོ་ལེགས་པར་བྲིས་པ་ལ་དགའ་བསུ་ཞུའོ།།

  33. རྡོ་རྒྱ། says:
    2013-04-19 at 10:41 am

    པདྨ་འབུམ་གྱིས་བཤད་པ་ལས་འགའ་ཞིག་དོན་དངོས་རེད། ཡིན་ཀྱང་དུ་མ་ཞིག་སྐབས་དེའི་ཁོའི་རྣམ་རྟོག་གི་འཆར་སྣང་ཙམ་རེད། གལ་ཏེ་མཁས་པ་ཞིག་ཡིན་པའི་དབང་དུ་བཏང་ན་དོན་དངོས་དང་རྟོག་འཆར་གཉིས་བསྲེས་ན་མི་བཟང་། ང་ཡང་སྐབས་དེའི་མི་ཞིག་ཡིན་ལ། དོན་རྐྱེན་ཚབས་ཆེ་ཙམ་བྱུང་ཡང་། བཤད་པ་ལྟ་བུ་ཞིག་མ་རེད། འདི་ལྟ་བུ་ལོ་རྒྱུས་ཀྱི་ཤོག་བུར་བཀོད་ན་མི་འགྲིག།
    སྙིང་འཕར་གྱིས་མི་མང་པོ་ཞིག་གི་སྙིང་གི་འཕར་རྩ་ཇེ་དྲག་ཏུ་བཏང་བ་ཤིན་ཏུ་བདེན། དེ་ནི་བོད་མི་རྣམས་ལ་ཁག་ཅི་ཡང་མེད་པའི་གནད་དོན་ཞིག་རེད། རྒྱ་དམར་གྱིས་བོད་ཆོས་དུག་ཏུ་བརྗོད་དེ་བོད་ཁམས་དང་བོད་ཆོས་རྩ་གཏོར་གཏོང་བའི་འདུ་ཤེས་འོག་ལག་ལེན་སྣ་ཚོགས་བྱས་པ་ལས་ང་ཚོ་བཙན་བྱོལ་དུ་འབྱོར་བ་རེད། དེ་ནས་རྒྱ་དམར་གྱི་ལྟ་ཚུལ་དང་ཕྱོགས་ཀུན་ནས་མཚུངས་པའི་ལྟ་ཚུལ་སྐྱུག་བྲོ་བ་ཞིག་བོད་མི་ཞིག་གི་ཁ་ནས་ཐོན་པར་མ་ཟད། ཁ་རྩུབ་ལ་ཞེ་གནག་པ་དེ་ལྟ་བུ་ཞིག་བྱུང་བ་རེད། འདི་ལྟ་བུ་ཨ་རི་ཡིན་ན་ཡང་བཟོད་སྒོམ་མི་བྱེད།

  34. ལུང་རྟོགས། says:
    2013-04-19 at 10:46 am

    འདས་དུས་ཀྱི་ངན་སྐྱུག་གི་ཁྲོན་པ་དེ་ཚོ་ཡར་སློག་ནས་དགོས་པ་ཆེར་མི་འདུག དེ་ལས་མ་འོང་པའི་ཁ་ཕྱོགས་སྐོར་ནས་ཅུང་ཟད་རེ་འབྲི་ཐུབ་ན་ལེགས་པར་སྙམ།

  35. གནམ says:
    2013-04-19 at 11:58 am

    ཐུ་བ་རྒྱ་མཚོ་དང་མེས་པོའི་ཐེམ་སྐས་གཉིས་ལགས་སུ།
    གནའ་ཡིག་དང་བརྡ་རྙིང་སོགས་ག་རེ་ཡིན་མིན་མི་ཤེས་ཐལ།
    ངས་ཁྱོད་གཉིས་ལ་ཡང་གསལ་བཤད་གོ་བདེ་ཞིག་བྱེད་འདོད་འཁོར་སོང་། དེ་ན་གྲངས་ལ་གྱངས་ཟེར་བ་དེ་དང་གྲལ་ལ་གྱལ་ཟེར་དེ་གཉིས་ཀྱི་འགྲོ་སྟངས་གཅིག་པ་རེད།
    ཆི་ལ་ཅི་ཟེར་བ་དང་ཆབས་ལ་ཅབས་ཟེར་དེ་ཡང་གཅིག་པ་རེད། ཆབས་ཀྱི་དོན་ནི་མཉམ་ཅིག་དང་ལྷན་ཅིག་ལ་གོ། བྱས་ཙང་ཡིག་ཐོག་ནས་གྲངས་ཀྱི་ཆབས་ལ་མེད་པ་ཟེར་ན་ཡང་མ་འགྲིག་པ་མེད་ཚོད་རེད། ཡིན་ན་ཡང་དེ་ལྟར་འབྲི་མི་འབྲི་མི་ཤེས།
    ངག་ཐོག་ན་གྱངས་ཀི་འམ་གྱངས་ཁའི་ཅབས་ན་མེད་པ་ཟེར་བ་རེད། དེ་ལས་ཁ་གསལ་དུ་དགོས་ན། མྱི་ཆེན་འཛོམས་སའི་གྲངས་ཀྱི་ཅབས་འམ་གྲངས་ཀྱི་མཉམ་དུ་མེད་པ་ལ་གོ་ནས་མྱི་རབས་གང་དག་ཅིག་ཕྱིན་པ་ལ་རང་གཉིས་ཀྱིས་རྩད་གཅོད་བྱོས།
    ང་རླུང་ལངས་མེད། དགོད་ཞིག་ཤོར་ནས་བསྡད་ཡོད།

  36. འབྲོག་ཕྲུག says:
    2013-04-19 at 1:26 pm

    གནད་དོན་གལ་ཆེན་ཞིན་ནི་དྲ་གྲོགས་མགོན་པོ་གཡང་ལ་རིལ་སོང་བ་དེ་ནི་ཁོ་རང་ཨ་རག་གིས་བཟི་བ་ལོས་ཡིན་བསམ། དེ་མིན་པར་འདི་ཡིན་གང་ཡང་ཤོད་དུ་མེད་པ་རེད། འདི་ལ་དོགས་པ་གཞན་ཟ་མི་རུང་བ་སེམས།

  37. རིག་པའི་བུ says:
    2013-04-19 at 2:33 pm

    མུ་མཐུད་དུ་འབྲི་རོགས་ཞུ། ཐུགས་རྗེ་ཆེ།

  38. ཐུ་བ་རྒྱ་མཚོ། says:
    2013-04-19 at 4:34 pm

    མིས་མི་ལ་གླེན་རྟགས་མ་སྟོན་ཟེར་པའི་དུས་སྐབས་ཡོང་གི་ཡོད་པ་རེད། རྒྱུ་མཚན་གང་གིས་མིས་མི་ལ་གླེན་རྟགས་མ་སྟོན་ཟེར་པ་ཡིན་ནམ། དེ་ནི་ཁོ་གླེན་པ་ཡིན་ཙང་མ་རེད། ཁོའི་བྱ་སྤྱོད་གི་ཐོག་ནས་དེ་ལྟར་ཤོད་པ་ཅིག་རེད།

    དཔེར་ན། མི་ཅིག་གིས་རང་གི་ནོར་འཁྲུལ་གྱི་བྱ་སྤྱོད་ལ་ཡང་ནས་བསྐྱར་དུ་ཨུ་ཚུགས་མཐར་སྐྱེལ་བྱེད་པ་ཡིན་ན་མི་སུས་ཀྱང་མི་དེ་ལ་གླེན་པ་དངོས་སུ་མི་ཟེར་ཡང་གླེན་རྟགས་མ་སྟོན་ཏན་ཏན་ཟེར་ངེས་ཡིན། སོང་ཙང་། ཁོའི་བྱ་སྤྱོད་ནི་སྣ་འཐེན་ནས་ཁ་ནང་དུ་བརྫང་རྩིས་བྱེད་པ་དང་། ཁྱི་ཕག་མཉམ་བསྡེབས། རྡོ་ཆག་བཙན་སྒྲིག་གི་དཔེ་མཚོན་སོགས་ལག་ལེན་དུ་བསྟར་པ་རེད།

    མི་རིགས་གང་ཞིག་ཡར་རྒྱས་མི་འགྲོ་བའི་འགག་རྐྱེན་གཙོ་བོ་གཅིག་ནི་རང་གི་ནོར་འཁྲུལ་ངོས་ལེན་མི་བྱེད་པ་དེ་ཡིན། རང་གི་ནོར་འཁྲུལ་ངོས་ལེན་མི་བྱེད་པའི་རིགས་དེ་ནི་སྤྱི་ཚོགས་ཀྱི་གནས་རིམ་གང་དུའང་གྲངས་ཀ་གཅིག་ཡོད་ན་ཡང་མང་དྲག་པ་ཡིན། མི་དེས་རང་ཉིད་ཕུང་བར་བྱེད་པ་མ་ཟད། རང་ཉིད་ཀྱི་འཁོར་དང་ཁོར་ཡུག་ཡོངས་ལ་གནོད་པ་ཡིན།

    ནོར་འཁྲུལ་ངོས་ལེན་བྱེད་པ་ནི་ཡ་རབས་ཀྱི་ཨང་དང་པོ་དང་། ང་ཚོས་དེ་ལ་སློབ་སྦྱོང་བྱེད་དགོས་གི་རེད། ནོར་འཁྲུལ་ངོས་ལེན་མི་བྱེད་པའི་རིགས་ཡོད་ན་སྤྱོད་པ་དེ་ངེས་པར་དུ་ད་ལྟ་རང་རྒྱང་དུ་དོར་དགོས་གི་རེད།

  39. གནམ says:
    2013-04-19 at 9:07 pm

    ཐུ་བ་རྒྱ་མཚོ་ལགས།
    གླེན་རྟགས་དང་གླེན་གཏམ་གྱི་གྱངས་ཀ་མང་ན། མཁས་བ་ཚོས་མཁས་རྟགས་སྟོན་ཐུབ་པས། ཕན་ཚུན་གཉིས་ལ་གོ་སྐབས་ཞིག་ཤར་བ་རེད། ཐུ་བ་རྒྱ་མཚོ་ཁྱོད་རྒོད་པོ་མཐུར་མེད་བྱེད་ན་འལ། གླང་ཆེན་སྨྱོན་པ་བྱེད་ན་འལ། མ་རིག་ཕག་མགོ་བྱེད་ན་འལ་འདྲ། ང་ཁྱོད་དང་ཅབས་ཀིས་འགྲོ་ཐུབ་ས་མ་རེད། བདེ་མོ་བྱོས།

  40. ཁྲོ་གཏུམ། says:
    2013-04-19 at 9:49 pm

    མུ་མཐུད་དུ་ཀློག་མཁན་ཞིག་ལ་མཚོན་ན་འདི་ནས་མཚམས་བཞག་པ་ཡིན་ན།
    ཡིད་མ་འཚིམས་པའི་ཚོར་བ་ཞིག་གིས་བསྡམས་འགྲོ་གི་འདུག
    དེ་བས་ལྷ་ཆབ་སོགས་ཀྱིས་འབོད་སྐུལ་བྱས་པ་ནང་བཞིན་ཡིན།

  41. དྲན་དཀར་དཔལ་ཡོན་ says:
    2013-04-19 at 11:49 pm

    གླང་ཆེན་སྨྱོན་པ་བྱེད་ནའ་ཨ། མ་རིག་ཕག་འགོ་བྱེད་ནའ་ཨ། ཨམ་སྐད་དག་མ་རེད། ཨུ་ཚུགས་མི་དགོས།
    རྟ་ལ། ཆུའལ། རྩམ་པའལ། མི་འལ། རྒྱ་དིག་པ་དྲན་སོང་།
    མ་མཐོང་ན་སྒང་བུད།
    མ་རིག་ན་མིར་དྲིས།

  42. དྲན་དཀར་དཔལ་ཡོན་ says:
    2013-04-19 at 11:52 pm

    མ་ཤེས་ན་མི་དྲིས་ཅེས་པར་བཅོས་རོགས།

  43. དགེ་འདུན་རྒྱ་མཚོ། says:
    2013-04-20 at 12:12 am

    བརྡ་རྙིང་རེད་་་་་གྱངས་ཀི་གྱབ་ཟེར་ན་ངོ་མ་གོ་རྒྱུ་མེད་པ་མ་རེད་དེ་གོ་དཀའ་བ་འདྲ།་་བརྡ་གསར་ལ་་་གྲངས་ཀའི་གྲབས་་་་ཟེར་བ་རེད་ལགས་་་་་་གྱངས་ཀི་གྱ་་་་གྲངས་ཀའི་གྲབས་་་་་བརྡ་རྙིང་གི་ཡ་བཏགས་བཅད་ནས་བརྡ་གསར་བཟོ་མཁན་སུ་ཡིན་ན་དེའི་ལག་པ་གཅོད་དགོས།

  44. དྲན་དཀར་དཔལ་ཡོན་ says:
    2013-04-20 at 1:25 am

    སྲིད་དོན་ཅུང་བཤད་མེད། ཅུང་མ་གོ སྒོར་མོ་ཅུང་མེད། ཅུང་མ་འགོར། ཅུང་མ་རིག
    སྲིད་དོན་གྱངས་བཤད་མེད། གྱངས་མ་གོ སྒོར་མོ་གྱངས་མེད། གྱངས་མ་འགོར། གྱངས་མ་རིག

    མ་ཤེས་ན་ཤེས་རབ་རྒན་པོའི་མཇེ་ནུ། མི་ཤེས་ཡེ་ཤེས་ལྷ་མོའི་སྟུ་ལྡག་གོ
    མཇེ་ནུ་མ་ནུས་ན་གྲིས་མ་གཅོད་རོགས།
    མི་རྩ་མེད་འདི་འདྲ་ཡོད་བྱུང་།

  45. ཐོ་ཚའི་ཐུབ་པད། says:
    2013-04-20 at 1:26 am

    དྲན་སྣང་ཐར་ཐོར་ཞིག་གིས་དྲངས་པའི་དྲན་སྣང་ནས་ང་ཚོས་འདས་ཟིན་པའི་བཙན་བྱོལ་སྤྱི་ཚོགས་ཀྱི་ནང་གི་བོད་ཡིག་ཚགས་དེབ་ཀྱི་འཕེལ་རིམ་དང་སྤྱི་ཚོགས་ཀྱི་གནས་ལུགས་མང་པོ་ཞིག་གི་གོ་རྟོགས་སྤེལ་བྱུང།།
    དྲན་སྣང་འདི་དག་གི་སྐབས་སུ་ཁོ་བོ་གཞི་རིམ་སློབ་གྲར་འགྲིམ་པོའི་སྐབས་ཡིན་པས་ཕྱིའི་སྤྱི་ཚོགས་ཀྱི་འཁྲུག་ཆ་དང་ཁ་ཕྱོགས་ཐད་ལ་གོ་རྟོགས་ཧ་ཅང་ཞན་ཡང་ཕ་ཡུལ་དུས་དེབ་ནང་གི་དྲན་པ་བརྗེད་པའི་ཨ་ཁུ་ཕག་པའི་སྒྲུང་རིགས་དང་ཕ་ཡུལ་དུས་དེབ་རྗེས་མའི་འདོན་ཐེངས་སྒུག་པའི་དྲན་སྣང་ཐར་ཐོར་ཞིག་ངའི་སེམས་ལ་ད་དུང་ཡང་འདུག།།

  46. གནམ says:
    2013-04-20 at 1:39 am

    དྲན་དཀར་དཔལ་ཡོན་ལགས།
    ཡིན་པ་ཞིག་མིན་པར་མ་བཅོས་རོགས། དྲིན་ཆེན་པོ། ཨེ་གོ་ཐལ།
    གླང་ཆེན་སྨྱོན་པ་བྱེད་ན་འལ། ཞེས་པའི་སྐབས་ཀྱི་འལ་དེ་ལ་དོན་གྱི་ལ་རང་ཡིན་པ་རེད། མི་གོ་ན་འདི་འདྲ་ཞིག་ཟེར་གི་ཡོད་པ་རེད། གླང་ཆེན་སྨྱོན་པ་བྱེད་ན་(ལ)་བྱོས་ཞེས་པའི་དོན་རེད།
    ཁྱེད་ཀྱིས་བྲིས་པའི་གླང་ཆེན་སྨྱོན་པ་བྱེད་(ནའ་ཨ།) ནའ་ཨ་འདིས་ཅི་ཞིག་ཟེར་བ་རེད། ག་རེ་རེད། གསལ་འགྲེལ་རྒྱག་དགོས་ཡོད།
    དེ་མིན།
    མ་མཐོང་ན་སྒང་བུད་ཟེར་ནི་མ་རེད། སྒང་བུད་ཟེར་ན་ཅི་རེད། མ་མཐོང་ན་སྒང་ལ་བུད་ཟེར་ནི་རེད། ངའི་རྗེས་སུ་ཞུགས་ན། མ་མཐོང་ན་སྒང་ངལ་བུད་ཟེར་དགོས་ནི་རེད། ངལ་ཟེར་བ་དེ་ལ་དོན་གྱི་ལ་རེད།

    ཁྱོད་འདྲ་མོ་ད་ངས་ཟས་བཞག་དགོས། ཧ་ཧ།

  47. ཤར་ཕྱོགས་ཁུག་རྟ། says:
    2013-04-20 at 2:39 am

    འཇམ་དབྱངས་ནོར་བུ་ཟེར་བ་དེས་མགོན་ཚེར་རྗེས་དྲན་རྩོམ་ཐུང་ཞིག་ཀྱང་མ་བྲིས་པ་ག་རེ་ཡིན་ནམ།།

  48. དྲན་དཀར་དཔལ་ཡོན་ says:
    2013-04-20 at 3:49 am

    ཨམ་སྐད་ལ་ཁྲིད་ལ་དགོས་ཀྱི་ལ་མ་རེད་བསམ། ཡིག་ཐོག་ལ་ཕབ་ན་ལ་གསལ་བོ་ལ་ཕབ་དགོས་ཀྱི་རེད། ཇ་ལ་འཐུང་། རྩམ་པ་ལ་ཟོས་ནས་བསམ་བློ་ལ་བཏང་། ཡི་གེ་ལ་ཚང་མ་ལ་དགོས་ཀྱི་རེད།
    འདི་ཚོ་ལ་ཟོ།
    མར་ལ་མ་གཏོང་།
    སྐད་ཀྱི་གདངས་གསལ་བ་དག་པ་ཞིག་ཡིག་ཐོག་ཏུ་ཕབ་ན་འགྲིག་གི་རེད་བསམ། ཨམ་སྐད་ཁྲིད་དགོས་ཀྱི་མ་རེད་བསམ།

  49. བྲེ་སེར་འབྲོང་ says:
    2013-04-20 at 4:11 am

    འཇམ་དབྱངས་ནོར་བུ་ཟེར་བ་དེར་ཉལ་ན་ལང་ན་བསམ་རྒྱུ་དྲན་རྒྱུ་རང་བཙན་ཁོ་ན་མ་གཏོགས་མེད་པས་ལན་པ་འདྲ།

  50. ཐུ་བ་རྒྱ་མཚོ། says:
    2013-04-20 at 6:37 am

    གཡག་བཞོས་ནས་འོ་མ་ལེན་རྩིས་བྱེད་པ་དང་། ཆུ་དཀྲོག་ནས་མར་ལེན་རྩིས་བྱེད་པ། ད་དུང་ཤོག་བུའི་ཤོམ་ལྭ་བཟོ་རྩིས་བྱེད་པ་དང་། བྱེ་མའི་ཐོག་ཁང་རྒྱག་རྩིས་བྱེད་པའི་བོད་མིའང་སྔོན་ཆད་གོ་ཐོས་ཀྱི་གཏམ་ཙམ་ཡིན་ན་ཡང་། དེང་སྐབས་མིག་གི་མངོན་སུམ་དུ་དངོས་སུ་མཐོང་རྒྱུ་ཡོད་པ་ཨ་ཡ་མཚན།

    ཁོ་ཚོས་རང་གི་གླེན་པ་ཚ་བོའི་ཤོད་སྟངས་རུལ་བ་དེ་ཕ་མ་དང་ཕ་ཡུལ་གྱི་མེས་པོ་རྒན་པ་ཚོར་བསྒོ་རྩིས་བྱེད་པ་དེ་ནི་གླེན་པ་སྤྱང་པོའི་བྱེད་སྟངས་ཤིག་རེད། གླེན་པ་སྟེགས་ཐོག་དུ་ཐོན་རྒྱུ་འབེལ་ན་གླེན་བཤད་རྒྱག་རྒྱུ་ཡང་ཇེ་མང་རེད།

  51. ཐབས་ཇུས་ཅན says:
    2013-04-20 at 7:40 am

    ཐུ་བ་རྒྱ་མཚོས་བཤད་པ་ལ་མོས་མཐུན་ཡོད། ང་ཚོས་ཀླད་སྙིང་མཁྲེགས་གཟུང་གི་བསམ་ཚུལ་དེ་རྣམས་དོར་ཏེ། བོད་རིགས་ཡོངས་རྫོགས་གཅིག་གྱུར་གྱི་སྐད་ཞིག་ཡོང་བ་ལ་འབད་དགོས།

  52. ཀརྡོ་གཉེར་ཕྱག་པ་ says:
    2013-04-20 at 7:43 am

    པད་མ་འབུམ་ལགས་ཀྱིས།
    ་་་་་དྲན་སྣང་གཉིས་བརྗོད་ནས་རྗོད་མཚམས་བཞག་ན་འདོད། ་་་ནང་གི་བཞག་ན་འདོད། ཅེས་པའི་ན་ཡིག་འདི་བོད་སྤྱི་སྐད་དང་མཐུན་པ་ཅིག་ཨ་ཡིན་ནམ་སྙམ་ལགས།

  53. དྲན་དཀར་དཔལ་ཡོན་ says:
    2013-04-20 at 8:08 am

    ཐུ་བ་རྒྱ་མཚོ་བྱོན་པ་ལེགས།
    སྲིད་དོན་ཅུང་བཤད་མེད། ཅུང་མ་གོ སྒོར་མོ་ཅུང་མེད། ཅུང་མ་འགོར། ཅུང་མ་རིག འདི་དག་བེད་སྤྱོད་བྱེད་ཀྱི་ཡོད།
    སྲིད་དོན་གྱངས་བཤད་མེད། གྱངས་མ་གོ སྒོར་མོ་གྱངས་མེད། གྱངས་མ་འགོར། གྱངས་མ་རིག འདི་ལྟར་ཨམ་སྐད་དུ་མེད།
    གོང་གི་ཐིག་འཕྲེང་གཉིས་ལས་གྱངས་ཀྱི་གྱལ་ན་མེད་ཅེས་པ་འདི་ཅུང་གི་གྲབས་ན་མེད་པའི་བརྡ་རྙིང་དང་དེའི་ཟུར་མ་ཆགས་པའང་མིན་པར་གོ་ཚོད་ཡིན། གལ་སྲིད་ཁས་མ་བླངས་ནའང་ཆོག ཡི་གེ་ལ་དགའ་མོས་གནང་རོགས་འདི་ཙམ་ཞུ་འདོད་བྱུང་།

  54. གནམ says:
    2013-04-20 at 8:43 am

    སྔོན་ཆད་གོ་ཐོས་ལ་ཡོད་པའི་བོད་མི་གླེན་པ་དང་། དེང་སང་མིག་མཐོང་དུ་ཡོད་པའི་བོད་མི་གླེན་པ་གཉིས་པོ་བོད་མི་གླེན་པ་ཡིན་པ་གཅིག་པ་ཡིན་པ་རེད། གླེན་སྐད་རྒྱག་ཚུལ་ཡང་གཅིག་པ་ཡིན་རྒྱུ་རེད། ཡིན་ན་ཡང་། སྤྱང་པོ་ཚོའི་སྤྱང་སྣང་ཁྲོས་དོན་ཅི་ཞིག་ལ་ཡིན་ནི་ཨ།
    ཨམ་སྐད་ངག་གི་སྦྱོར་བ་ལ།
    ལ་དོན་ལ་ལས་འཐུས་ན་ཡང་།།
    ར་ལ་བསྡུ་བར་སྦྱོར་དུས་ཡོད།
    རྗེས་འཇུག་འ་ལ་ས་མཐའ་མེད།
    འལ་ལས་གཞན་རྣམས་བདུན་པོ་ལ།
    རང་སྒྲ་འདྲེན་པའི་ནུས་པ་ཡིས།།
    གལ་ངལ་དལ་ནལ་བལ་མལ་རལ།
    ལ་དོན་ཡིན་པ་མ་རྨོངས་ཀུན།

  55. མེ་ཏོག་དཀར་པོ says:
    2013-04-20 at 8:53 am

    གནམ་འདི་ཁ་སང་དེ་བར་བོད་ཡིག་ཏོག་ཙམ་ཤེས་གི་འདུག་དྲན། ད་ཡང་བསྐྱར་གཏི་མུག་མུན་པའི་ནང་འཁྱམ་བཞིན་འདུག་པ་ཨ་ཙ་མ།

  56. དྲན་དཀར་དཔལ་ཡོན་ says:
    2013-04-20 at 8:59 am

    རིག་པའི་བུས་རྡ་སར་བྱུང་པའི་དོལ་རྒྱལ་བས་བློ་གླིང་གི་བློ་རྒྱ་དང་དགེ་ཕྲུག་གཉིས་བསད་པའི་དོན་རྐྱེན་དེ་ཟེར་བ་ཡིན་ནམ།
    དེ་དུས་༧གོང་ས་མཆོག་ཞེ་སྣང་མ་བྱུང་པ་འདྲ་འཇིགས་སྣང་མ་བྱུང་པ་འདྲ། གཅིག་བསྐྱོད་པས་༧གོང་ས་མཆོག་བཙན་ཁྲིད་བྱེད་མི་འདུག ༧གོང་ས་མཆོག་གིས་ད་དུང་ཡང་རིས་མེད་པ་བྱེད་ཀྱིན་འདུག ༧གོང་ས་མཆོག་བཙན་ཁྲིད་བྱེད་ཆོག་ཆོག་ཅིག་མིན་པ་འདྲ། བོད་མི་དམངས་ཨུ་ཐུག་ས་ཐུག་སར་གང་ཁྲིད་ཁྲིད་ཡིན་པ་འདྲ། རིག་པའི་བུ་ལ་དགའ་མོས་ཡོད་ན་མ་རིག་པའི་བུ་ཡང་དྲན་པ་གསོ་དགོས་པ་འདྲ།

  57. གནམ says:
    2013-04-20 at 9:06 am

    གཏི་མུག་གི་སྨག་རུམ་ན་སྲིན་འབུ་མྱེ་ཁྱེར་རེ་ཨེ་རིག་གི་བལྟས་ནས་བསྡད་ཡོད། མེ་དཀར་ལགས།

  58. ཐུ་བ་རྒྱ་མཚོ། says:
    2013-04-20 at 10:11 am

    དྲན་དཔལ་ལགས།

    ནོར་ས་དང་འཁྲུལ་ས། ཐག་གིས་མ་ཆོད་ས་དང་། ཨུ་ཚུགས་མཁྲེགས་པོ་བྱེད་ས་དེ། ཡིག་ངག་གང་དུའང་མེད་པའི་ཚིག་ལྡོམ་གསར་པ་གཅིག་སྟེ། གྱངས་ཀི་ཅབས་ཟེར་པ་འདི་རེད། ཡུལ་མདོ་སྨད་གྱི་ས་ཆ་ཕལ་ཆེ་བའི་མི་རྣམས་ཀྱི་ངག་ན་གནའ་བོའི་བརྡ་རྙིང་དང་འདྲེས་པའི་སྐད་ཆ་རྒྱུན་བཀོལ་བྱེད་བཞིན་པའི་ཚུལ་ནི་སྐབས་འདིར་ནན་བརྗོད་ཞུ་དགོས་དོན་མེད་ན་ཡང་། བརྡ་རྙིང་གང་ཞིག་ཤོད་བཞིན་པ་དེ་ལ་ཁོངས་ལུང་གི་རྒྱབ་རི་བརྟན་པོ་དགུང་ལ་ཟུག་ནས་ཡོད་པ་ཤ་སྟག་ཡིན།

    ཅང་གི་གྱལ་ན་མེད་ཟེར་པ་འདི་ཡང་བརྡ་རྙིང་དང་འདྲེས་པའི་སྐད་ཆ་ཅིག་སྟེ། ཅང་ནི་ཅི་དང་ཡང་གཉིས་གཅིག་ཏུ་བསྡུས་པའི་སྤྱི་སྒྲ་སྟེ་གང་དང་དོན་གཅིག་ལ། ཅང་གི་གྱལ་ནི་གང་གི་གྲལ་ཏེ། གང་གི་གྲལ་ནའང་མེད་ཟེར་པ་དང་དོན་གཅིག་ལ། ཅང་གི་ཁོངས་སུ་མེད་ཞེས་པ་དང་མཚུངས་ལ། ཚིག་གཞན་དུ། གང་གི་གྲས་སུའང་མེད་ཟེར་པ་དང་ཡང་འདྲ། དཔེར་ན། བཀྲ་ཤིས་ནི་ཚོགས་པ་གོང་མའི་གྱལ་རེད། དོན་འགྲུབ་ནི་ཚོགས་པ་ཞོལ་མའི་གྱལ་རེད། ང་ནི་ཚོགས་པ་ཅང་གི་གྱལ་ན་ཡང་མེད། ཟེར་པ་བཞིན། གྱལ་ནི་གྲལ་གྱི་བརྡ་རྙིང་དང་། གྲས་དང་ཡང་དོན་གཅིག་ཡིན། མདོར་དོན་གང་གི་ཁོངས་སུ་ཡང་མེད་པའི་དོན་ཡིན།

    ང་ཚོས་རང་གི་ཡབ་མེས་ལ་མཐོང་ཆུང་རྩ་ནས་བྱེད་མི་ཉན་པ་ཅིག་དང་། མི་རིགས་རང་གི་ཡབ་མེས་ཀྱི་སྐད་དང་ཡི་གེ་ལ་ཁྱོག་བརྗོད་དང་བརྡ་ལོག་དེ་བས་ཀྱང་སྤུ་ཙམ་ཡང་བྱེད་མི་ཉན་པ་དེ་ཡང་མིའི་རིགས་སུ་སྐྱེས་པའི་ཡིད་ལ་ངེས་དགོས་པའི་དོན་གནད་ཅིག་ཡིན་པ་མ་མཐར་ཤེས་དགོས་པའི་རྩ་བ་རེད།

  59. དྲན་དཀར་དཔལ་ཡོན་ says:
    2013-04-20 at 10:39 am

    ཐུ་བ་རྒྱ་མཚོ་བྱོན་པ་ལེགས།
    ཅུང་གི་གྱབས་ན་མེད་ཅེས་པ་ཅུང་གི་གྲབས་ན་མེད་པའི་བརྡ་རྙིང་དང་། དེང་སང་ཡང་བཀོལ་སྤྱོད་བྱེད་བཞིན་པ་དེ་རེད།
    ཨ་རོག་འཛིན་གྲྭའི་གྱབས་ཆོད་ན་བཟང་། མྱི་རྒས་ན་མྱི་གྱབས་མི་ཆོད། སྡེ་བ་དེ་མྱི་གྱབས་ཡོད། འདི་ཚོ་དེང་སང་ཡང་ཨམ་སྐད་ནང་ཐིམ་ནས་ཡོད།

  60. སྡོང་ཆུ་མིག says:
    2013-04-20 at 3:39 pm

    ཨ་ཁུ་པདྨ་འབུམ་ལགས། མུ་མཐུད་དུ་འབྲི་རོགས་གནང་། ཐུགས་རྗེ་ཆེ།

  61. གནམ says:
    2013-04-20 at 7:09 pm

    གྱལ་དང་ཅབས་གཉིས་ལ་ཀློག་སྟངས་མི་འདྲ་བའི་སྒྲ་གདངས་ཁ་ཁ་ཡོད།
    ཅི་ཡང་གི་གྱལ་ན་མེད། ཐུ་བ་རྒྱ་མཚོས་ཟེར།
    ཅང་གི་གྲལ་ན་མེད། ཡིག་ཐོག་ཏུའབྲི་ཟེར། སྒྲ་གདངས་དང་མི་མཐུན་པའི་ཁྱད་པར་ཡོད། གྲལ་དང་ཅབས་གཉིས་ཀྱི་གནས་སྟངས་ཀྱི་རྣམ་པ་ཁ་ཁ་ཡིན།

    ཅུང་གི་གྱབས་ན་མེད། དྲན་དཀར་གྱིས་ཟེར།
    ཅུང་གི་གྲབས་ན་མེད། ཡིག་ཐོག་ཏུ་འབྲི་ཟེར། གྲབས་དེ་ག་རེ་ཡིན་མིན་མ་ཤེས། ཅུང་ནི་ཉུང་ཉུང་གི་དོན་རེད། སྒྲ་གདངས་དང་མཐུན། དོན་དག་དང་མི་མཐུན།

    གྱངས་ཀི་ཅབས་ན་མེད། གནམ་གྱིས་ཟེར།
    གྲངས་ཀྱི་ཆབས་ན་མེད། ཡིག་ཐོག་ཏུ་འབྲི་མིན་མི་ཤེས། ཁ་གྲངས་ཀྱི་མཉམ་དུ་ཟེར་བ་དང་དོན་གཅིག་པར་འདོད། སྔོན་མར་མཛུ་གུ་བཀུག་ནས། མྱི་ཆེན་དཔོན་ཆེན་ཚོའི་མྱིང་གི་རྩི་ཚུལ་ཡོད། དེའི་གྲངས་ལ་ཐེ་ན་མྱི་ཆེན་གྱི་མྱིང་ཅབས་ན་ཡོད།

  62. བསམ་ཤེས། says:
    2013-04-21 at 11:57 pm

    རྩོམ་དང་མཆན་ཚང་མ་བཀླགས། ངས་འདིར་བློ་གཟུ་བོར་གནས་ཏེ་ཚིག་གསུམ་བརྗོད་ན།

    པད་མ་འབུམ་གྱི་དྲན་སྣང་འདི་ནི་ན་གཞོན་ཚོར་ལོ་རྒྱུས་ཀྱི་ཤེས་བྱ་རིན་ཐང་ཅན་ཞིག་མཁོ་སྤྲོད་བྱས་འདུག་པས། ཤིན་དུ་ཕན་པ་ཆེའོ། ངའི་རེ་བར། པད་མ་འབུམ་གྱིས་རྡ་རམ་ས་ལའི་ལོ་རྒྱུས་ཀྱི་འགག་མདོ་འགའ་ཤས་ད་དུང་གསལ་བཤད་སྐྱོན་ན་རང་གཞན་ཚང་མར་ཕན་པ་ཆེ་བས། རེ་བ་ཞུ་རྒྱུ་ཞིག་ནི། རྒྱ་རི་ཚང་གིས་ཐེ་ཝན་གྱི་ཕོགས་ལེན་པ་དང་དེ་ལ་ཇུ་ཆེན་གྱིས་རྙོག་ཁྲ་བཤད་ནས་བཀའ་ཤག་སྒོ་རྒྱག་དགོས་པ་དེའི་སྐོར་ལ་གསལ་བཤད་ཅུང་ཙམ་གནོངས་རོགས། ལོ་རྒྱུས་ཐོག་འདི་ཤིན་དུ་གལ་ཆེའོ། དེ་བཞིན་ཆུ་སྒང་གིས་ཐེ་ཝན་དང་ལྐོག་ཏུ་གྲོས་ཆོད་བཞག་ནས་བོད་གཞུང་གི་ནུས་པ་མེད་པ་བཟོ་རྩི་བྱས། དེ་ལ་བཀའ་ཤག་དང་རྒྱལ་བ་རིན་པོ་ཆེས་བཀའ་སྐྱོན་ཚ་པོ་བཏང་བའི་སྐོར་དེ་ཡང་ཅུང་ཙམ་གསལ་བཤད་གནོངས་རོགས། རྒྱུ་མཚན་ནི་པད་མ་འབུམ་མཆོག་སྐབས་དེ་དུས་རྡ་རམ་ས་ལར་ཞུགས་ཡོད་པ་དང་། གནས་ཚུལ་མགོ་མཇུག་གཉིས་ཀ་གསལ་པོར་མཁྱེན། 

    དེ་བཞིན་རྒན་ཁྱེད་རང་ཚུགས་ཆེ་ལ་ཚོར་སྣང་དང་ཕྱོགས་བཞེན་གྱི་འོག་ལ་མ་ཤོར་བས། ཁྱེད་ཀྱི་བྲིས་པའི་གནས་ཚུལ་འདི་དག་རིན་ཐང་ཆེའོ།

  63. བསམ་ཤེས། says:
    2013-04-22 at 12:01 am

    ནོར་བཅོས།  

    “རྒྱ་རི་ཚང་གིས་ཐེ་ཝན་གྱི་ཕོགས་ལེན་པ་དང་དེ་ལ་ཇུ་ཆེན་གྱིས་རྙོག་ཁྲ་བཤད་ནས་བཀའ་ཤག་སྒོ་རྒྱག་དགོས་པ་དེའི་སྐོར་ལ་གསལ་བཤད་ཅུང་ཙམ་གནོངས་རོགས།” ཞེས་པ་འདི།

    “རྒྱ་རི་ཚང་གིས་ཐེ་ཝན་གྱི་ཕོགས་ལེན་འདུག་ཅེས་ཇུ་ཆེན་གྱིས་རྙོག་ཁྲ་བཤད་ནས་བཀའ་ཤག་སྒོ་རྒྱག་དགོས་པ་དེའི་སྐོར་ལ་གསལ་བཤད་ཅུང་ཙམ་གནོངས་རོགས།” ལ་བཅོས་རོགས།

  64. མེ་ཏོག་དཀར་པོ says:
    2013-04-22 at 12:05 am

    ཡང་ཀུན་བཟང་བླ་མའི་ཞལ་ལུང་ཉན་འདོད་པ་འདྲ།

  65. ཨ་རིག་དགེ་མཐོང་། says:
    2013-04-22 at 12:51 am

    སྐུ་ཞབས་པདྨ་འབུལ་ལགས་ཀྱིས་གསོན་ཉམས་དང་ལྡན་པའི་ངང་ནས་ཀློག་པ་པོའི་སྤྱན་ལམ་དུ་བསྟར་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ་ཞུ། ཁ་ན་ཊའི་སྐོར་ལ་སྒུག་རྒྱུ་ཡིན།

    གཞན། ཀ་རྡོར་མིང་ཅན་གྱིས་གོང་དུ། དགོང་ག་ཞེས་པ་བཅོས་ཁུལ་གྱིས་དགོངས་མོའི་ཞེས་པ་ཁྱེད་རང་འཁྲུལ་བ་རེད།

    ད་དུང་མཚམས་བཞག་ན་འདོད་ཅེས་པའི་ཐད་ཀྱི་དྲི་བ་དེ་ཡང་འདིར་སྐབས་དོན་དང་འབྲེལ་བ་མི་འདུག་སྙམ།

  66. ཀརྡོ་གཉེར་ཕྱག་པ་ says:
    2013-04-22 at 3:07 am

    དགོང་ག་ཟེར་ན་ཨམ་མདོའི་དགུན་ཁ་ཟེར་བ་འདྲ། མཚམས་བཞག་ན་འདོད་ཟེར་ན། ངས་མཚམས་བཞག་ན་གཞན་གྱིས་ཡག་པོ་ཟེར་བ་འདོད་པ་རེ་བ་འདྲ། ཨ་མའི་ཕོར་པ་ལ་གཙང་ཞེན་ཆེ་དྲགས་པའི་སྐྱོན་མིའདུག་གམ། དགེ་མཐོང་ལགས།

  67. ཀརྡོ་གཉེར་ཕྱག་པ་ says:
    2013-04-22 at 3:21 am

    དྲན་སྣང་གི་བརྗོད་བྱ་ངོ་ཚ་དགོས་པ་རྐྱང་རྐྱང་ཡིན་པ་ལ། ད་དུང་ཡང་སྤོབས་པ་དང་བཅས་ཤོད་པ་ནི། ཅུང་ཐལ་དྲགས་པ་མིན་ནམ། ལགས།

  68. ཀརྡོ་གཉེར་ཕྱག་པ་ says:
    2013-04-22 at 3:23 am

    ད་དུང་རྗེས་འཇུག་པ་འགས་མཁས་དབང་དང་མཁས་དབང་ཞེས་བསྟོད་ན་ས་སྡོད་ཨ།

  69. སྡོང་ཆུ་མིག says:
    2013-04-22 at 11:03 am

    ཀརྡོ་གཉེར་ཕྱག་པ་ལགས། ང་ཚོའི་སྤྱི་ཚོགས་ནང་ལ་ཁྱོད་འདྲ་པའི་སྐྱག་ཕྲུག་མང་དྲག་སོང་། དགོངས་དག

  70. ཀརྡོ་གཉེར་ཕྱག་པ་ says:
    2013-04-23 at 2:30 am

    དྷ་ས་ཆོས་ལྡན་གླིང་ལ་ཆོས་མེད་དད་མེད་འཇམ་དབྱངས་ནོར་བུས། དེ་དུས་གསར་འབྱོར་བ་སྐོར་ཅིག་ལ་མགོ་སྐོར་ཡག་པོ་བཏང་འདུག སྙིང་གཅེས་བསམ་པ་ཅི་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme