Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ། -གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ། (གསུམ་པ)

Posted on 2013-04-102013-04-12 By ཁ་བརྡ་ 25 Comments on དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ། -གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ། (གསུམ་པ)

པད་མ་འབུམ།

རྡ་རམ་ས་ལར་མགོན་པོ་ཚེ་རིང་གིས་ལས་ཀ་བྱེད་བཞིན་པའི་པར་ཞིག མགོན་ཚེ་ནི་རྒྱབ་མཐའ་ན་བཞུགས།

མགོན་པོ་ཚེ་རིང་ལགས་རྒྱ་གར་ལ་སླེབས་ནས་ཡུན་རིང་མ་འགོར་བར་སིམ་ལ་དེ་འདྲ་ཞིག་ལ་དགེ་རྒན་དུ་སོང་། ཡིན་ན་ཡང་དེར་ཡུན་རིང་འདུག་མ་ཐུབ། དེ་དུས་ང་ཚོ་མང་པོར་རྒྱ་གར་དུ་སྡོད་ཆོག་པའི་ཨར་སེ་ཟེར་བའི་ཡི་གེ་ཡོད་པ་མ་རེད། སྦིར་དང་རྡ་རམ་ས་ལ་ལྟ་བུ་ན་ཨར་སེ་མེད་མཁན་མང་ཡང་དེ་ལ་གོམས་ནས་རྒྱ་གར་བདེ་སྲུང་ལས་ཁུངས་ཀྱིས་དེ་འདྲའི་དོ་སྣང་བྱེད་ཀྱི་མེད་པ་འདྲ། ཡིན་ན་ཡང་གསར་འབྱོར་ཉུང་བའི་ས་ཆ་ན་དེ་ལ་རྒྱ་གར་གྱི་བདེ་སྲུང་ལས་ཁུངས་ཀྱིས་དོ་སྣང་བྱ་ཡུལ་དུ་འགྱུར་གྱི་ཡོད་པ་འདྲ། མགོན་པ་ཚེ་རིང་ལགས་ཀྱིས་དགེ་རྒན་གནང་ས་དེར་ཁོ་ལ་ཨར་སེ་མེད་པ་ཤེས་ནས་ཁོང་འཛིན་གྲབས་ཡོད་པའི་སྐབས་ཤིག་ལ་ཁོང་རྡ་རམ་ས་ལ་ལར་བྲོས་ནས་ཡོང་། ཉིན་ཞིག་མགོན་ཚེ་ནས་ང་ཚོ་སྐོར་ཞིག་དང་མཉམ་དུ་གངས་སྐྱིད་སྤྱི་ཐབ་ཏུ་དྲོས་ཇ་འཐུང་བཞིན་པའི་སྐབས་ལ་ཁོ་འཚོལ་མཁན་གྱི་རྒྱ་གར་གྱི་བདེ་སྲུང་ཡོང་གི་འདུག་ཟེར་ནས་ཟ་མ་ཟ་མཚམས་ཅམ་འཇོག་གིས་ངེད་གཉིས་ངའི་ལས་ཤག་ཏུ་བྲོས་ནས་ཡིབ་དགོས་བྱུང་། དེ་ནས་མགོན་ཚེ་ལ་རྡ་རམ་ས་ལར་བསྡད་ན་ཡང་བདེ་འཇགས་མིན་ཞིང་། དེ་བས་སྦིར་སློབ་གྲྭར་བསྡད་ན་དེར་ཨར་སེ་མེད་མཁན་རྡ་རམ་ས་ལ་ལས་ཀྱང་མང་བས། ཁོ་གཅིག་པོ་ལ་དེ་འདྲའི་དོ་སྣང་ཆེན་པོ་མི་ཡོང་བར་ཆ་འཇོག་གིས་ཤེས་རིག་ལས་ཁུངས་ནས་ཁོང་སྦིར་ལ་བཏང་ནས་དེར་དགེ་རྒན་གྱི་ལས་ཀ་བྱས།

མགོན་པོ་ཚེ་རིང་དང་ཕྲན་རྩོམ་པ་པོ་གཉིས་ཤག་ཏུ་ཡོད་པ།

༩༢ ལོ་ལ་ཨ་མྱེས་རྨ་ཆེན་ཞིབ་འཇུག་ཁང་དངོས་སུ་ཚུགས། ང་ཡང་དེ་འཛུགས་མཁན་དང་དེའི་འགན་འཛིན་གྱི་གྲས་གཅིག་ཡིན། དེ་སྔ་ང་ཚོ་གྲོགས་པོ་སྐོར་ཞིག་གིས་གཉེར་བཞིན་པའི་དམངས་གཙོ་ཚགས་པར་དང་ལྗང་གཞོན་ཞེས་པའི་རྩོམ་རིག་དུས་དེབ་དེ་གཉིས་ཀྱང་ཨ་མྱེས་རྨ་ཆེན་ལ་ཟླ་སྒྲིལ་བཏང་། དེ་དུས་ངའི་ལས་རྒྱ་ཇེ་ཆེར་སོང་སྟེ་དམངས་གཙོ་དང་ལྗང་གཞོན་གཉིས་གཅིག་པོ་གཙོ་གནད་དུ་འཛིན་ཐུབ་ཀྱི་མེད་སྟབས།། བོད་ཡིག་གི་རྐང་འཛིན་མཁན་ཞིག་དགོས་ཀྱི་ཡོད་པ་ང་ཚོས་སྦིར་སློབ་ཀྱི་དགེ་རྒན་ཡིན་པའི་མགོན་ཚེ་གདན་འདྲེན་ཞུས། དམངས་གཙོ་ཚགས་པར་གྱི་རྩོམ་སྒྲིག་པའི་འགན་སྔ་ཕྱིར་ལྷ་བཟང་ཚེ་རིང་ལགས་དང་འཇམ་དབྱངས་ནོར་བུ་ལགས་གཉིས་ནས་ཁུར་གྱི་ཡོད་ན་ཡང་བོད་ཡིག་གི་མ་རྩོམ་འབྲི་རྒྱུ་ངས་འགན་བླངས་ཡོད། ཁོང་གཉིས་གཙོ་བྱས་ནས་ང་ཚོས་ཚགས་པར་འདོན་ཐེངས་རེའི་ནང་དོན་གཏན་ལ་ཕབ་རྗེས་ངས་མ་རྩོམ་འབྲི་གི་ཡོད། དེ་དུས་གློག་ཀླད་རྡ་རམ་ས་ལར་ཁྱབ་བརྡལ་དུ་འགྲོ་འགོ་ཚུགས་ཙམ་ཡིན། ང་ད་དུང་གློག་ཀླད་ལ་གོམས་མེད་སྟབས་གློག་ཀླད་ཐོག་ལ་འབྲི་བ་ལས་ཤོག་ཐོག་ལ་བྲིས་ན་མགྱོགས་པ་ཡོད། ངས་ཤོག་ཐོག་ལ་བྲིས་པ་མགོན་ཚེ་ནས་གློག་ཀླད་ལ་འཇུག་གི་ཡོད། སྐབས་དེར་དམངས་གཙོ་ནི་བཙན་བྱོལ་སྤྱི་ཚོགས་ནང་གི་གཞུང་འབྲེལ་མ་ཡིན་པའི་གྲགས་ཆེན་གྱི་ཚགས་པར་གཅིག་པོ་ཡིན། དེ་ལྟར་ཡིན་དོན་ནི་ཚགས་པར་ནང་དོན་སྣ་འཛོམས་དང་སྐབས་དོན་ལ་རྣོ་བ་བཅས་ཀྱིས་ཡིན་ཏེ། དེའི་རྗོད་བདེ་བ་དང་གོ་བདེ་བ་ཡང་རྒྱུ་མཚན་གཙོ་བོ་གཅིག་ཡིན། དེ་ལ་མགོན་པོ་ནས་ཤུགས་རྐྱེན་ཆེན་པོ་ཞིག་ཐོན་ཡོད། ཁོས་ངས་ཤོག་ཐོག་ཏུ་བྲིས་པ་གློག་ཀླད་དུ་འཇུག་པ་གཅིག་པོ་མ་ཡིན་པར། ཚིག་སྦྱོར་དང་དག་ཆ་རྣམས་ལ་ཡང་སྟངས་འཛིན་བྱེད་ཀྱི་ཡོད་ཅིང་། གོ་བདེ་བ་དང་རྗོད་བདེ་བའི་ཐོག་ལ་ཁོས་དུས་ཚོད་མང་པོ་གཏོང་། མཚམས་མཚམས་ལ་རྗོད་ངག་གཅིག་གི་ཚིག་སྦྱོར་ལ་ངེད་གཉིས་ཀྱི་འདོད་པ་གཉིས་ཡོང་ནས་རྩོད་པ་རྒྱག་དགོས་པའི་སྐབས་ཡོང་གི་ཡོད། རྩོད་པ་རྒྱག་དུས་མང་ཆེ་བ་ང་ཕམ་པར་འགྱུར། ཁོ་ལ་བརྡ་སྤྲོད་ཀྱི་ཐོག་ན་ཁུངས་འདེད་ཀྱི་ཡོད་པའི་ཐོག་ལ་རྩོད་པ་རྒྱག་རྒྱུར་ཐང་ཆད་རྒྱུ་མེད། ངས་དེ་གཉིས་ཀ་ཁོ་ལ་འགྲན་ཐབས་མེད།

དེ་དུས་མགོན་ཚེ་ནས་ང་ཚགས་རྩོམ་བྲིས་ནས་མགྱོགས་པ་ལ་ཡ་མཚར་གྱི་ཡོད། ཁོས་ངོ་བཤུས་རྒྱག་རྒྱུ་དེ་ངས་རྩོམ་བྲིས་པའི་རྗེས་ཟིན་གྱི་མི་འདུག་ཅེས་བརྗོད་ཀྱི་ཡོད། ངོ་མ་བཤད་ན་ང་མགྱོགས་པ་གཅིག་པོ་མ་རེད། ཁོ་རང་ཡང་ད་དུང་གློག་ཀླད་ལ་བྱང་གོམས་མིན་པའི་ཁར་ངའི་ཚིག་སྦྱོར་དང་དག་ཆ་ལ་ཡང་ཞུས་དག་གཏོང་གི་ཡོད་པ་རེད། ཁོས་རྩོམ་འཇུག་བྱེད་སྐབས་གློག་ཀླད་ཀྱི་ཐོག་ལ་རྣམ་རིག་བསྒྲིམས་ནས་ཁོའི་གདོང་དང་གློག་ཀླད་ཀྱི་ཤེལ་ངོས་གཉིས་ཀྱི་བར་ཐག་ཧ་ཅང་ཉེ་ན་སྐབས་འགར་ཐུག་ལ་ཁད་ཡོད། དེ་དུས་ཚགས་པར་གྱི་ཇུས་འགོད་པ་སུའི་སི་ནས་ཡོང་བའི་ཕི་ཊིར་ཟེར་བ་ཞིག་ཡིན། ཁོས་གློག་ཀླད་ནི་མགོན་ཚེ་ཡི་དགའ་རོགས་རེད་ཟེར་ཞིང་། ཁོས་མགོན་ཚེ་མཐོང་སྐབས་སྐེ་མདུན་ལ་སྲིང་ཞིང་། གྲུ་མོ་གཉིས་ཕྱི་ལ་བརྐྱངས། མཛུབ་མོ་རྣམས་བྲང་ཁར་ཀྲབ་ཀྲབ་བྱས་ནས་མགོན་ཚེ་ཡིས་གློག་ཀླད་སྟེང་ན་ལས་བྱེད་སྐབས་ཀྱི་ལུས་ཉམས་དགོད་བྲོ་བོ་ཞིག་སྟོན་རྒྱུ་ཡོད། ཐོག་མའི་དུས་སུ་དེ་མཐོང་སྐབས་མགོན་པོ་རང་ཡང་གད་མོ་ཤོར་ནས་མིག་ཆུ་ཡང་ཐོན་མྱོང་། ཁོའི་སྟེང་གི་དགོད་བྲོ་བོ་རྣམས་ཁོ་རང་ལ་བརྗོད་ན། ཁོའི་སྨིན་མ་སྟུག་པོའི་འོག་གི་མིག་གཉིས་ལ་འཛུམ་འོད་འཚེར་ཞིང་། ཁོས་དེའི་ཐོག་ལ་ཁ་སྣོན་བྱས་ནས་གད་མོ་སློང་བར་འགྱུར།

༡༩༩༤ ལོར་ང་ཨ་རི་ལ་ཡོང་རྗེས་ཁོས་དམངས་གཙོ་ཚགས་པར་ལ་འཁུར་བའི་འགན་ཇེ་ལྗིད་ལ་སོང་ནས་ཕལ་ཆེར་བོད་ཡིག་གི་སྟངས་འཛིན་ཁོས་བྱས་ཡོད་པ་འདྲ། དམངས་གཙོ་ཚགས་པར་སྤྱི་ཚོགས་ནང་ལ་རྐང་ཚུགས་པར་མགོན་པོ་ནས་ནུས་པ་ཆེན་པོ་ཐོན་ཡོད་ལ། ཁོ་དེ་ལ་རྩིས་ཐང་ཡང་ཆེན་པོ་ཡོད། ༡༩༩༦ ལོར་ཨ་མྱེས་རྨ་ཆེན་ཚང་གིས་དམངས་གཙོ་ཚགས་པར་སྒོ་རྒྱག་དུས་མགོན་པོ་ལ་བློ་ཕམ་ཆེན་པོ་བྱུང་བའི་རྩོམ་ཞིག་གཉན་ཆེན་ཐང་ལྷའི་ཚགས་པར་སྟེང་ལ་བཀོད་ཡོད།

 

མགོན་པོ་ཚེ་རིང་དང་ང་ཚོ་གྲོགས་པོ་རྣམས་ལྷན་དུ།
རྩོམ་རིག

Post navigation

Previous Post: རེབ་གོང་རྨ་ལྷོའི་ཚགས་པར་སྟེང་གི་བོད་ཀྱི་གནད་དོན།
Next Post: དུངས་པའི་མེ་ཏོག་ཆ་གཅིག

Comments (25) on “དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ། -གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ། (གསུམ་པ)”

  1. རྟ་བདུན་དབང་བོ says:
    2013-04-10 at 1:58 pm

    པད་མ་འབུམ་ལགས་ལ་མགོན་ཚེའི་སྐོར་དང་པར་སོགས་ངོ་སྤྲོད་གནངས་པ་ཐུགས་རྗེ་ཆེ་ཞུ། །

  2. ལོ་མ་ལྗང་ཁུ says:
    2013-04-10 at 2:08 pm

    དངོས་གནས་བླ་སྤྲུལ་ག་གེ་མོ་ཞིག་གི་རྣམ་ཐར་ཀློག་པ་ལས་ཨ་ཁུ་པད་མ་འབུམ་གྱི་གྲོགས་མགོན་པོ་ཚེ་རིང་གི་རྗེས་དྲན་ཀློག་ན་དོན་སྙིང་འདུག

  3. གསེར་འབྲུག་སྡེར་ལྔ་ says:
    2013-04-10 at 2:18 pm

    ཆ་ཚང་བཀླགས་ཡིན་། སྙན་མོ་ཞེ་དྲག་བྱུང་། ཐུགས་རྗེ་ཆེ།

  4. པད་མ་འབུམ། says:
    2013-04-10 at 2:28 pm

    དགོངས་དག པར་འགྲེལ་ཁ་ཇེ་གསལ་དུ་གཏོང་དགོས་པ་འདྲ། པར་དང་པོ་དེ་ཨ་རྨྱེས་རྨ་ཆེན་ཚང་གི་ཡིག་ཚང་ནང་དུ་མགོན་ཚེ་དང་ངེད་གཉིས་རེད། ངེད་གཉིས་ཀྱིས་དམངས་གཙོ་ཚགས་པར་གྱི་པར་རྩ་ལ་ཞུས་དག་གཏོང་གི་ཡོད་པ་འདྲ།
    པར་གསུམ་པ་དེ་པར་གྱི་ཐོག་ན་ཚེས་གྲངས་ཡོད་པ་ལྟར་ ༩༠ ལོའི་ཟླ་ ༥ བའི་ཚེས་ ༡༣ ཉིན་རྡ་སར་ཨ་མདོ་གསར་འབྱོར་བ་སྐོར་ཞིག་ནས་སྐྱིད་པོ་ཞིག་བཏང་བ་རེད། མདུན་གྲལ་གྱི་གཡས་ཕྱོགས་ནས་ཨ་ལགས་ཙ་ཡུས་གཤེགས་པོ། པད་མ་འབུམ། བཀྲ་ཤིས་སྒྲོལ་མ། ཆབ་ཆ་ནས་ཡོང་བའི་ཨ་ནེ་ཞིག(མིང་བརྗེད་འདུག) དཔལ་ལྡན་རྒྱལ་བཅས། ངའི་རྒྱབ་ན་ལག་པ་གཉིས་བར་སྣང་ལ་སྒྲེང་ཡོད་པ་དེ་མགོན་པོ་ཚེ་རིང་། དེའི་འཁྲིས་ན་ཡོད་པ་དེ་རེབ་གོང་གི་རྡོར་བྷ་དེང་སང་ཨ་རིའི་ཝི་སི་ཁང་སིན་གྱི་མད་རྡི་སིན་ཡོད་པ་རེད། མིག་ཤེལ་ནག་པོ་གོན་ནས་ལག་ཡས་སྒྲེང་བ་ནི་བ་ཡེ་མ་ཁྱེ་གཅོད་པ་ཐར་རེད། ཆེས་རྒྱབ་ཕྱོགས་ཀྱི་གཡས་ནས་གཅན་ཚའི་འཕགས་མོ་ཚེ་རིང་། རེབ་གོང་གི་བཙུན་ཐར་རྒྱལ། རེབ་གོང་གི་གཡང་འབུམ་རྒྱལ། གཅན་ཙའི་གདུགས་དཀར་འབུམ་དང་ཁྲི་ཀའི་བསྟན་འཛིན་མགོན་པོ་བཅས་རེད།

  5. ཤར་ཕྱོགས་ཁུག་རྟ། says:
    2013-04-10 at 2:40 pm

    ཨ་ཁུ་པད་འབུམ་གྱིས་དེ་སྔ་མཁས་དབང་ཟླ་བ་ནོར་བུའི་སྐོར་ལ་ཨེ་ཤར་ཡ་རླུང་འཕྲིན་ཁང་དུ་འདི་ལྟར་དྲན་ཐོ་ངག་ཐོག་ནས་གསུངས་བཞག་པ་དེ། སྐབས་དེ་དུས་ཆ་ཚང་ཞིག་ཡིག་ཐོག་ལ་ཕབས་ནས་གྲོགས་པོ་ཁ་ཤས་དང་མཉམ་དུ་གླུའུ་བཤད་རྒྱག་ཞོར་ངོ་བཤུས་རེ་རང་རང་སར་གཙང་ཉར་བྱས་ཡོད།

    དེ་རིང་མགོན་པོ་ཚེ་རིང་གི་སྐོར་ལ་འདི་ལྟར་ཡིག་ཐོག་ནས་དྲན་ཐོ་ལེའུ་ལེའུ་བྱས་ཏེ་བྲིས་ཡོང་སྐབས། ཀློག་མཁན་ཁོ་བོ་དངོས་གནས་བྱས་ན་མགོན་པོ་ཚེ་རིང་ལས་ཀྱང་ཟླ་བ་ནོར་བུ་ལགས་ཀྱི་བརྩམས་ཆོས་སྐོར་ཞིག་ལ་དོ་སྣང་བྱུང་ཡོད་པ་དྲན་སོས་ཤིང། མཁས་དབང་ཁོང་གིས་༼ བོད་གནས་བསྐྱར་ཞིབ་༽འདོན་ཐེངས་གཅིག་གི་རྩོམ་སྒྲིག་པའི་གཏམ་ཞིག་ལ་རྐྱེན་བྱས་ཏེ། སྐུ་ངོ་བསོད་ནམས་སྟོབས་རྒྱལ་༼ ཁྲི་ཟུར་འདས་པོ། དེ་དུས་དྲིལ་བསྒྲགས་ཀྱི་ལས་བྱེད་ཅིག་ཡིན་པ་འདྲ། ༽དང་རོགས་པ་གཅིག་བཅས་མི་གཉིས་ཁོང་སར་སོང་ནས། རྩོམ་སྒྲིག་པའི་གཏམ་དེ་དང་དེའི་རྒྱབ་མདུན་སྐོར་ཁོང་ལ་འདྲི་རྩད་ཞུས་བཞག་པ། ཕྱིས་སུ་གང་གསུངས་པ་རྣམས་ཡིག་ཐོག་ཏུ་བཀོད་རྗེས་བཟོ་བཅོས་ཀྱང་ཟླ་བ་ནོར་བུ་རང་ཉིད་ལ་བསྟན་ཏེ་བཟོ་བཅོས་སོང་མཚམས་རེ་ལ་ཁོང་གིས་ས་ཡིག་བསྐྱོན་ཡོད་པའི་ཡིག་ཆ་ཞིག་མཇལ་བས་སྙིང་ཁམས་གྲང་ཤུར་ཤུར་དུ་གྱུར་མྱོང།

    དེའི་རྗེས་རང་གི་དགའ་མའི་ཞིབ་འཇུག་གི་ཡིག་ཚགས་ནང་ཎེ་རུ་གཙུག་ལག་སློབ་གཉེར་ཁང་ནས་ཟླ་བ་ནོར་བུའི་དེབ་དང་ཆེད་རྩོམ་གང་མང་ཞིག་དང་རང་བཞིན་གྱིས་འབྲེལ་བ་ཡོད་པ་དང། དེ་བཞིན་ངེས་སྟོན་པ་དང་ཟླ་བ་ནོར་བུ་གཉིས་འདྲིས་གྲོགས་ཟབ་མོ་ཡིན་པ་སོགས་ཀྱིས་ཁོ་བོར་ཟླ་བ་ནོར་བུ་ལགས་ནི་མག་མོག་མིན་ལ་གསལ་བོའང་མིན་པའི་མ་མཐོང་འདས་པོ་དམ་པ་ཞིག་ཏུ་ཚོར་སྟབས། ཨ་ཁུ་པད་མ་འབུམ་འདི་བ་ཚང་གིས་མཁས་དབང་ཟླ་བ་ནོར་བུའི་སྐོར་ལའང་འདི་ལྟར་ཅིག་བྲིས་དང་ན་གོ་བསམས་སོང། གཅིག་བྱས་ན་བྲིས་ཡོད་རྒྱུ་རེད།། གང་ལྟར་ལེའུའི་བདག་ཉིད་ཅན་གྱི་དྲན་ཐོ་འདི་ད་ཇེ་སྙན་ཇེ་སྙན་རེད།།

  6. སྤྱང་ཤོག་ says:
    2013-04-10 at 3:27 pm

    ༡༩༩༦ ལོར་ཨ་མྱེས་རྨ་ཆེན་དམངས་གཙོ་ཚགས་པར་སྒོ་རྒྱག་དུས་མགོན་པོ་ཚེ་རིང་ལ་བློ་ཕམ་ཆེན་པོ་བྱུང་བའི་ལ་བསམ་ན་ཁོང་གི་ཕུགས་བསམ་དང་མངོན་འདོད་ཀྱི་ལས་དབང་དམངས་གཙོ་ཚགས་པར་ལ་ཐིམ་ནས་འདུག་པས་གར་སྲིད་དམངས་གཙོ་ཚགས་པར་སླར་གསོ་གནང་ཐུབ་ན་ཁོང་ལ་དོན་དམ་པས་མྱ་ངན་གུས་འདུད་ཞུས་པ་མཚོན་བྱེད་དངོས་ཡིན།

  7. པཀྵི says:
    2013-04-10 at 4:18 pm

    ངས་མགོན་ཚེ་ངོ་ཤེས་ནའང་རྒྱུས་མངའ་དེ་འདྲ་མེད། ཨ་ཁུ་པདྨ་འབུམ་དང་ཁོང་གིས་དམངས་གཙོ་ཚགས་པར་སྟེང་ལས་དཀའ་བྱེད་བཞིན་ཡོད་པ་ང་གྲྭ་སར་སྡོད་དུས་གོ་ཐོས་བྱུང་ལ། ༩༥ལོའི་ཨ་མྱེས་རྨ་ཆེན་རྩོམ་རིག་ཚོགས་འདུའི་ཐོག་དངོས་སུ་ཐུག་རྒྱུ་བྱུང་། སྐབས་དེའི་དམངས་གཙོ་ཚགས་པར་སྟེང་ལྷ་མོ་སྐྱབས་དང་ཆུང་ཚེ་རིང་གཉིས་དོན་གནད་ཅིག་གི་ཐད་རྩོད་པ་བརྒྱབ་པའི་གནས་ཚུལ་ཞིག་ད་དུང་དྲན་སོས། དམངས་གཙོ་ཚགས་པར་ནི་སྐབས་དེར་གྲྭ་སའི་ནང་དགའ་མོས་ཆེ་ཤོས་ཀྱི་ཚགས་པར་དེ་རེད། ཚགས་པར་འདོན་ཐེངས་སྔ་མ་སླེབས་ནས་ཕྱི་མ་མ་སླེབས་བར་བསྒུག་མི་ཐུབ་པའི་ཚོར་སྣང་ཞིག་ཡོང་གི་ཡོད། སྟབས་ཉེས་པ་ཞིག་ལ་དམངས་གཙོ་ཚགས་པར་འདོན་མཚམས་འཇོག་དགོས་བྱུང་འདུག གང་ལྟར་འདོན་ཐེངས་མཐའ་མ་དེའི་རྩོམ་སྒྲིག་པའི་གསལ་བཤད་དང་རྩོམ་སྒྲིག་པར་བསྐུར་བའི་འཇིགས་སྐུལ་གྱི་ཡི་གེ་དང་པར་སོགས་ད་དུང་ངའི་མིག་ལམ་ན་འདུག ཨ་ཡོ་ཤུ། ད་དེ་ཚོ་བཤད་ན་ཐང་ཆད་རོགས་རེད། ཨ་ཁུ་པདྨ་འབུམ་ལགས་སུ་ཐུགས་ཆེ་ཞུ་རྒྱུ་ཡིན།

  8. ཨ་ནུ་ཐང་བསོད་ནམས says:
    2013-04-10 at 4:31 pm

    ཐུགས་རྗེ་ཆེ། སྐོམ་པ་ཆུ་འདོད་ཀྱི་གནས་ཚུལ་མང་པོ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ། རྗེས་མ་རྣམས་སྒུག་ནས་ཡོད།

  9. ཀླུ་སྨྱོན། says:
    2013-04-10 at 4:55 pm

    ཀློག་བཞིན་ཀློག་བཞིན་རྡ་སར་སོང་། །
    མགོན་ཚེ་ད་དུང་དེ་ན་འདུག །
    གློག་ཀླད་ཅིག་གི་ཁ་གཏད་དུ། །
    རྔུལ་ནག་བཞུར་གྱིན་གསོན་པོར་གནས། །

  10. ཐུ་བ་རྒྱ་མཚོ། says:
    2013-04-10 at 6:00 pm

    ཕྱོགས་བཞི་མཚམས་བརྒྱད་ལ་ཁ་ཐོར་བའི་ང་ཚོ་མང་པོ་ཞིག་བརྡ་འཕྲིན་ཚན་རྩལ་གྱིས་ཁ་བརྡ་དྲ་ཁང་དུ་འཛོམས་ནས་ཅི་འདོད་གླེང་རྒྱུའི་སྐལ་བ་བྱུང་བ་དང་། ལྷག་པར་དུ་ཁ་བརྡ་ཁང་གི་བཀའ་དྲིན་ཉག་གཅིག་འོག་ཉིས་སྟོང་བརྒྱད་དགུ་ཞིག་ནས་ངོ་མི་ཤེས་པའི་དྲ་གྲོགས་མང་པོ་ཞིག་ཁ་བརྡ་ཁང་དུ་འདུས་ནས་ཆོས་སྲིད་རིག་གནས་སོགས་ལ་གང་བསམ་ཤོད་རྒྱུའི་གོ་སྐབས་བསྐྲུན་པ་རེད།

    ཁ་བརྡ་དྲ་ཁང་ན་ཤེས་འཇོན་ལྷག་བསམ་གྱི་ཕྱུག་པའི་བོད་མི་རིག་གནས་བཅས་ལ་ཤ་ཚ་སྙིང་དཀར་གྱི་མི་བུ་ཧ་ཅང་མང་པོ་ཞིག་ཡོད་པའི་ཁྲོད་ན་འདས་པོ་དྲ་གྲོགས་མདའ་ཚན་པ་ལགས་ནི་ཁ་བརྡ་དྲ་ཁང་གི་ཕྱོགས་བཞིའི་ཀ་ཆེན་ཞིག་དང་འདྲ་བར་དྲ་གྲོགས་ཡོངས་ཀྱིས་རྒྱུན་དུ་ཁོང་གི་གང་གསུང་ལ་དོ་སྣང་དང་མཉམ་འཇོག མིག་བལྟས་དང་རྣ་བ་གཏོད་སའི་དྲ་དཔོན་གཉིས་པ་ལྟ་བུ་ཞིག་གི་ཚབ་ཡིན།

    ཁ་བརྡ་ཁང་གི་དྲ་གྲོགས་ཕལ་མོ་ཆེ་རྣམས་སུ་ཡིན་གང་བཞུགས་ཀྱི་གནས་ཆ་མ་ཚལ་བའི་མི་ངོ་མི་ཤེས་མཁན་དག་དག་ཡིན་པ་བཞིན་འདས་པོ་དམ་པ་ཁོང་ཡང་ཡིག་རྩལ་དང་རང་གཤིས་ལ་ཡིད་སྨོན་དང་གུས་བརྩི་ཞུ་ས་ཞིག་ཡིན་པ་ལས་རང་ངོ་ཤེས་རྒྱུ་ཕར་ཕྱོགས་ཐ་ན་སྐད་ཙམ་དང་འདྲ་པར་ཙམ་ཡང་དེ་སྔོན་མཇལ་མྱོང་མེད། པད་མ་འབུམ་ལགས་ཀྱིས་ཁོང་གི་ལོ་རྒྱུས་ལེའུར་བཀོད་པར་བཀའ་དྲིན་ཞུ་འདོད་བྱུང་།

  11. ཤར་ཕྱོགས་ཁུག་རྟ། says:
    2013-04-10 at 11:24 pm

    བཀྲ་ཤིས་སྒྲོལ་མའི་མིང་མ་བརྗེད་པ་ནི་ཡག་པོ་རེད། ཞི་མོ་ཁེར་མོའི་འཁྲིས་ལའང་འདུག་ལ་མགོ་ཡང་ཚུར་ཅིག་གཡོན་ནེ་བསྡད་འདུག ཧཧཧ ཀུ་རེ་ཡིན།།

  12. དྲན་དཀར་དཔལ་ཡོན་ says:
    2013-04-11 at 12:32 am

    པཀྵི་བྱོན་པ་ལེགས འགོ་སྟོད་ཞིག་ལ་དམངས་གཙོ་ཚགས་ཤོག་སྐད་གྲགས་ཅན་ཞིག་ཡིན་པ་ཁྱེད་བདེན། ཡིན་ན་ཡང་དེ་ཙམ་གྱིས་ཚགས་པར་དེའི་བྱུང་བ་ཆ་ཚང་བརྗོད་མི་ཐུབ། བར་ལམ་ཞིག་ནས་ཚགས་པར་དེ་གཏོར་གཞོང་ལྟ་བུ་ཞིག་ཏུ་གྱུར་འདུག བརྒྱ་ཆ་བཞི་བཅུ་ནས་བདུན་ཅུའི་བར་ཡི་གེ་བྲིས་པ་མིན་པར་གཏོར་གཟུགས་དེ་འདྲའི་བཀང་ཡོད། དེ་ནི་འཐེན་འཁྱེར་འདྲ་མིན་གྱི་འོག་ཏུ་བྱུང་པ་གང་ཞིག་ལ་གླ་ཡོད་ཁུངས་སུ་བཏོན་ཡོད་པ་དྲན་གསོས་ཀྱི་འདུག མ་གཞི་ནས་ཚགས་ཤོག་འདི་ལ་རྒྱུས་ཡོད་ཚོས་མཁྱེན་མཁྱེན་པ་རེད། འདི་ནི་སྐད་ཡིག་ལ་ཞབས་ཞུ་ཞུ་འདོད་པའི་ཁ་བརྡ་ལྟ་བུས་རྒྱུན་ཤེས་ཀྱི་ནང་དུ་རྩིས་ན་འདོད་ཀྱང་དེ་མིན་ཞུ་དགོས་པའི་འདས་དོན་ཞིག་ཏུ་མ་མཐོང་ངོ་།

  13. བཀྲ་ཤིས་རྒྱལ་མཚན།། says:
    2013-04-11 at 12:58 am

    མཁས་དབང་པདྨ་འབུམ་ལགས་ཀྱིས་༡༩༩༦ལོར་དམངས་གཙོ་ཚགས་ཤོག་སྒོ་བརྒྱབ་དགོས་དོན་ཅིག་གསུངས་རོགས་གནང་།ང་ཚོ་གསར་སྐྱེས་སྐབས་དེ་དུས་ཕྲུ་གུ་ཡིན་པ་ཚོར་ཕན་ས་རེད་ལགས།

  14. འབྲས་ལྡན says:
    2013-04-11 at 2:45 am

    ཐུགས་རྗེ་ཆེ། མུ་མཐུད་དུ་སྤེལ་རོགས།

  15. རེབ་ཐོག་མདའ says:
    2013-04-11 at 3:11 am

    ཨ་ཁུ་པདྨ་འབུམ་ལགས་གིས་མི་འགོད་བྱས་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ། ཁྱོད་ཚོ་རྒན་རབས་པ་དག་གི་བོད་རང་གི་རིག་གཞུང་གི་དོན་དུ་དཀའ་ལས་གང་མང་ཞིག་མྱངས་ནས་དུས་སྐབས་དེ་འདྲ་ཞིག་གི་ནང་དུ་བོད་ཡིག་གི་ཚགས་ཤོག་སོགས་སྤྱི་ཚོགས་སྟེངས་དུ་ལག་སྐྱེས་སུ་ཕུལ་ཐུབ་པ་དེ་ལས་སླ་བོ་ཞིག་མ་རེད་བསམ།
    འདས་པོ་དམ་པ་ཁོང་ལ་མཚོན་ན་ཡང་མི་ཚེ་གང་བོ་བོད་རང་གི་རིག་གཞུང་གི་སྒང་ལ་ཕྱག་ལས་གནང་ཡོད་པ་དེ་གསལ་བོ་རེད། ལྷག་པར་དུ་ལོ་རབས་བརྒྱ་བཅུ་དགུ་ཅུ་ནང་ལ་ཤེས་ལྡན་མི་སྣ་སྐོར་ཞིག་དང་ཉམས་ཏུ་ཕྱག་ལས་གནང་ཡོད་པ་དང་གཞན་ཁོང་གི་ལོ་རྒྱུས་ཡིས་རྒྱུད་རིམ་དག་ཀློག་དུས། དངོས་གནས་སྐྱེས་པ་རླབས་ཆེན་དུ་མཐོང་སོང་། ཨ་ཁུ་པདྨ་འབུམ་ལ་སྙིང་ཁོངས་རུས་པའི་གཏིང་ནས་ཐུགས་རྗེ་ཆེ་ཞུ

  16. ཨ་རིག་དགེ་མཐོང་། says:
    2013-04-11 at 3:41 am

    བཀུར་འོས་ཨ་ཁུ་པདྨ་འབུམ་གྱིས་འདི་ལྟར་ཁ་བརྡའི་རང་བཞིན་ཅན་གྱི་འབོལ་རྩོམ་ཞིག་གིས་རྗེས་དྲན་གནང་བར་སེམས་ནས་དགའ་ཡོད།

  17. ཨ་ར་དཀར་པོ says:
    2013-04-11 at 5:08 am

    དེ་དུས་དེང་སང་དང་མི་འདྲ། གནས་ཚུལ་ཆུང་ཙག་ལའང་ཉེན་ཁ་ཆེན་པོ་ཡོང་སྲིད། དམངས་གཙོ་ཚགས་པར་ཐད་ཕྱག་ལས་གནང་མཁན་རྣམ་པར་ཚེ་སྲོག་གི་འཇིགས་སྐུལ་བྱེད་ཀྱིན་པ་ད་ལྟའང་གསལ་བོ་དྲན། དེའང་ལན་ཅིག་ཙམ་མིན་པར་དུས་ནས་དུས་སུ་དཀའ་ངལ་གང་འཕྲད་ལ་ཁོང་རྣམ་པས་བློ་སྟོབས་ཆེན་པོས་གདོང་ལེན་གནང་བ་སོགས་ངོ་མ་བསམ་ན་བཀའ་དྲིན་ཆེན་པོ་རེད།

  18. གཉིས་མེད་སེངྒེ says:
    2013-04-11 at 5:22 am

    བོད་ཡིག་ལ་ཤི་འཐམ་རོ་འཐམ་བྱེད་མཁན་གྱི་འཐབ་རྩོད་པ་ཞིག་འདི་ལྟར་བུད་སོང་བར་ཡིད་སྐྱོ་བྱུང་།

  19. གནམ says:
    2013-04-11 at 6:56 am

    རྡོ་ཐབ་ནས་ས་ཐབ། ས་ཐབ་ནས་ལྕགས་ཐབ། ལྕགས་ཐབ་ནས་སྣུམ་ཐབ། སྣུམ་ཐབ་ནས་དྲི་ཐབ། དྲི་ཐབ་ནས་གློག་ཐབ། ཐབ་མགོ་ཆ་ཚང་བ་ཞིག་རྒྱུད་པའི་མྱི་རབས་འདི་ཚོའི་ཤེས་རྒྱ། སེམས་ཤུགས། བཀའ་དྲིན་གྱི་ཕྱོགས་གང་ལ་བལྟས་བ་ཡིན་ན་ཡང་གུས་བ་ཞིག་མ་བྱས་རང་བྱས་ཪེད། ཕན་ཚུན་ལ་རྩི་འཇོག་རེ་བྱོས་ན་བཟང་གི་ཨ། དེ་མིན་དེང་སང་། ཁ་ངན་ཚིག་ངན་རྐྱང་རེ་མ་གཏོགས་རིག་རྒྱུ་དཀོན་པོ་རེད།

  20. ཆོས་འཕེལ་དར་རྒྱས་ says:
    2013-04-11 at 12:07 pm

    ཆུ་སྟོད་བོད་ནས་ཡོང་བ་དང་ཆུ་རྔ་རྒྱ་མཚོར་འདྲེས་མཚམས་Saigonགྲོང་ནས་ཀློག་རྒྱུ་བྱུང་། སེམས་པ་ལོ་ངོ་བཅུ་ཕྲག་འགའི་སྔོན་གྱི་རྡ་སའི་དུས་ཚོད་ལ་དབང་མེད་དུ་ཁྲིད་སོང་། པདྨ་འབུམ་ལ་ཐུགས་རྗེ་ཆེ་ཞུ།

  21. སྐལ་ལྷ། says:
    2013-04-11 at 12:51 pm

    དགའ་མ་དྲན་པའི་གདུང་བ་ཆང་གིས་མི་སེལ་ལ།།
    སེམས་གཅོང་ནད་རི་བདུད་རྩི་ཡིས་ཀྱང་ག་ལ་དག།
    མངར་སྐྱུར་འདྲེས་མའི་ཆང་རག་གར་པོ་དེས།།
    མི་ཚེའི་འཚོ་བར་གོ་རྟོགས་ཟབ་ཏུ་འཕེལ།།

    ནམ་ཡང་བརྗེད་དཀའ་བའི་མགོན་པོའི་སྙན་ངག་ཤོཀློ་ཀ་བརྒྱ་ལས་གཅིག་ཡིན།

  22. ཆུ་སྐྱེས་སྒྲོལ་མ། says:
    2013-04-11 at 4:12 pm

    བཅོས་མེད་ལས་དབང་གི་བཀའ་རྒྱས།། མི་རྟག་འཆི་བ་རེ་བྱུང་དུས།།
    འཆི་བདག་ཤིན་རྗེ་དེ་དྲན་ནས།། སེམས་པ་དབེན་རི་ལ་ཤོར་སོང༌།།
    དབེན་གནས་པད་ཚལ་གྱི་གཞི་ལ།། ཆོས་གྲོགས་སྦྲང་ཆུང་གི་འཁོར་ཚོགས།།
    ཏིང་ཤག་ཆོས་སྒྲ་ལ་རོལ་དུས།། སེམས་པ་དབེན་རི་ལ་ཤོར་སོང༌།།
    མི་འདོད་རྐྱེན་ལ་བསམ་ནས།། བྱང་སྟོད་ཟུག་ཟེར་རེ་ལངས་དུས།།
    ཕན་པའི་སྨན་མཆོག་གི་རྒྱལ་པོ།། དམ་པའི་ལྷ་ཆོས་ལས་མི་འདུག།
    ཕུག་པའི་ཁང་བཟང་ལ་ཞུགས་ནས།། ཏིང་འཛིན་ཟས་མཆོག་ལ་རོལ་བའི།།
    ཐོས་ཕྱུག་སྒོམ་ཆེན་དེ་མཇལ་དུས།། སེམས་པ་དབེན་རི་ལ་ཤོར་སོང༌།།

  23. སྲིན་པོ་རྫ་རྒན། says:
    2013-04-11 at 4:56 pm

    སྐུ་ཞབས་པདྨ་འབུམ་གྱིས་ཁ་གསལ་ཞིག་བྲིས་གནང་འདུག ཐུགས་རྗེ་ཆེ། ཚན་པ་རྗེས་མ་དེ་ཚོ་ཀློག་རྒྱུར་སྒུག་ཡོད།

  24. བསོད་ནམས། says:
    2013-04-11 at 5:24 pm

    མང་གཙོའི་ཚག་པར་ཐོན་རིམ་བཞིན་ཀློག་གི་ཡོད། ད་ནི་དེ་ཚོ་རྨིན་ལམ་འདྲ་བོ་ཆགས་འདུག

  25. སྡོང་ཆུ་མིག says:
    2013-04-13 at 3:45 pm

    ཨ་ཁུ་པདྨ་འབུམ་ལ་སྙིང་ཐག་པ་ནས་ཐུགས་རྗས་ཆེ། ཁྱོད་ཚོའི་རྒན་རབས་པ་དག་གི་པར་མཐོང་བའི་དགའ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (79)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (9)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme