Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ། -གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ། (གཉིས་པ།)

Posted on 2013-04-092013-04-10 By ཁ་བརྡ་ 14 Comments on དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ། -གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ། (གཉིས་པ།)

པད་མ་འབུམ།

༡༩༨༨ ལོའི་ལོ་མཇུག་ལ་ང་རྒྱ་གར་ལ་འབྱོར་ནས་ཡུན་རིང་མ་སོང་བར་མགོན་པོ་ཚེ་རིང་ལགས་དང་། ཆབ་བྲག་ལྷ་མོ་སྐྱབས། མགོན་པོ་ཚེ་རིང་ལགས་ཀྱི་ཚ་བོ་བླ་མ་སྐྱབས་(དེང་སང་དབྱིན་ལན་ལོན་ཏྲོན་ན་བོད་རིག་པའི་འབུམ་རམས་པ་དེ་)དང་ཁོང་ཚོ་སྐོར་ཞིག་འབྱོར་སོང་། ཁོང་ཚོ་རྒྱ་གར་ལ་ཡོང་བའི་ལམ་དུ་ལྷ་སར་སྒོར་མོ་ཚར་ནས་ལྷ་སའི་ཁྲོམ་ལ་ཤེལ་དམ་གྱི་སྐེ་ལ་ལྕགས་ཀྱི་ཨ་ལོང་གཡུག་འཕེན་བྱེད་པའི་རྒྱན་རྩེད་ལྟ་བུ་ཞིག་བཤམ་ནས་སྒོར་མོ་མང་པོ་ཐོབ་ཀྱང་། དེ་ཡང་ཤོར་བར་གྱུར་བའི་སྒྲུང་སྙན་མོ་ཞིག་བཤད་རྒྱུ་ཡོད།

ང་ཚོ་རྒྱ་གར་ལ་འབྱོར་མ་ཐག་དོ་སྣང་ཞིག་བྱུང་བ་ནི་རྡ་རམ་ས་ལ་ན་བོད་ཡིག་གི་དུས་དེབ་དང་ཚགས་པར་དཀོན་པ་དེ་རེད། དེ་དུས་ང་ཚོ་སྐོར་ཞིག་རྡ་རམ་ས་ལའི་སྣེ་ལེན་ཁང་གི་རྒྱབ་རིའི་སྟེང་ལ་འཛོམས་ནས་དེའི་སྐོར་ཁ་བརྡ་བྱས་པ་ཡིན། དེའི་གྲས་ན་དེ་དུས་གསར་དུ་འབྱོར་བའི་ཨ་མདོའི་མི་མང་པོ་ཞིག་ཡོད། མགོན་པོ་ཚེ་རིང་ཁོ་རང་དང་། ལྷ་མོ་སྐྱབས། ཨེ་ཤར་ཡ་རྒྱང་བསྒྲགས་ཁང་གི་དཔལ་ལྡན་རྒྱལ། སྤྱི་ཟུར་གདུགས་དཀར་ཚེ་རིང་སོགས་ཡིན། དེ་དུས་ང་ཚོས་བོད་ཡིག་གི་དུས་དེབ་དང་ཚགས་པར་མང་ཙམ་དགོས་ཀྱི་འདུག་པའི་ཚོར་བའི་ཐོག་ནས་ཁ་བརྡ་དེ་བྱས་པ་མ་གཏོགས། ང་ཚོ་རང་ནས་དུས་དེབ་དང་ཚགས་པར་འདོན་རྒྱུའི་འཆར་གཞི་ལ་ཁ་བརྡ་བྱེད་རྩིས་མེད། ང་ཚོ་ཚང་མ་གསར་དུ་འབྱོར་ཡིན་སྟབས་རྡ་རམ་ས་ལ་ནི་མི་ཆ་མེད་དང་ས་རྒྱུས་མེད་རེད། ང་ཚོ་རང་གིས་ཅི་ཞིག་བསྒྲུབ་ཐུབ་པ་དང་མི་ཐུབ་པ་ལ་གདེང་ཚོད་ཅི་ཡང་ཡོད་པ་མ་རེད། དེ་ཡང་ང་ལ་མཚོན་ན་གཙོ་བོ་འགྲོ་སོང་དང་རྩོམ་ཡིག་གི་ཡོང་ཁུངས་གཉིས་ཀྱི་གདེང་ཚོད་གཏན་ནས་མི་འདུག ཡིན་ན་ཡང་ང་ཚོས་ཁ་བརྡ་བྱས་ཀྱིན་བྱས་ཀྱིན་ང་ལ་རྩོམ་ཡིག་གིས་རང་ཁ་སོས་པའི་ཚོར་བ་ཞིག་སྐྱེས། ཚོར་བ་དེ་སྟེར་མཁན་གཙོ་བོ་ལྷ་མོ་སྐྱབས་དང་མགོན་པོ་ཚེ་རིང་ལགས་གཉིས་ཡིན། དྲང་མོར་བཤད་ན། འདིའི་སྔོན་ལ་ངས་ཁོ་གཉིས་ཀའི་རྩོམ་བཀླགས་མ་མྱོང་། ཁོ་གཉིས་ལ་དེ་འདྲའི་གདེང་ཚོད་ཅིག་ཇི་ལྟར་ཡོད་པ་ཡིན་ནམ་སྙམ། དེ་དང་མཉམ་དུ་ཡིད་ཆེས་ཀྱང་ཅུང་ཙམ་སླེབས། ཁོ་གཉིས་ཀ་མི་འཇོན་འཇོན་མདོག་དང་མི་ཤེས་ཤེས་མདོག་བྱེད་མཁན་ནི་གཏན་ནས་མ་རེད། དེའི་ཐོག་ལ་ང་ཚོའི་གྲོགས་པོ་གཞན་པ་མང་པོས་ཀྱང་རྩོམ་གྱི་དཀའ་ངལ་འཕྲད་ཀྱི་མིན་པར་ཡིད་ཆེས་བྱེད་ཀྱི་འདུག

ངས་ང་ཚོའི་བསམ་ཚུལ་དེ་ཡབ་གཞིས་དྲུང་ཡིག་ལྷ་མོ་ཚེ་རིང་ལགས་ལ་ཞུས་པ་ཡིན། ཁོང་གིས་བསམ་ཚུལ་དེ་ལ་ཧ་ཅང་ཐུགས་དགྱེས་པོ་གནང་ཞིང་། འཆར་གཞིར་བྲིས་ནས་བཀའ་ཤག་ལ་འབུལ་དགོས་པ་རེད་གསུངས། ངས་འཆར་གཞི་དེ་བྲིས་ཀིན་བྲིས་ཀིན་དྲུང་ཡིག་ལགས་ལ་བསྟན་གྱིན་བསྟན་གྱིན་བྱས། མཐར་ཐུག་དུས་དེབ་རྩོམ་སྒྲིག་ཁང་དེ་ལས་ཁུངས་ཤིག་གི་ངོ་བོ་ལྟ་བུ་ཞིག་ལ་གྱུར། འཆར་གཞི་དེ་ཧ་ཅང་ཞིབ་པས་སྒེའུ་ཁུང་གི་སྒེའུ་ཡོལ་ཅི་ཙམ་དགོས་པ་ཡང་བྲིས་ཡོད་པ་འདྲ་ཞིག་དྲན་གྱི་འདུག ཡིན་ན་ཡང་འཆར་གཞི་དེ་བཀའ་ཤག་ནས་མོས་མཐུན་གནང་ཡོད་པ་མ་རེད།

རྗེས་སུ་ལྟག་མཚེར་རིན་པོ་སྐུ་སྒེར་ནས་རྒྱབ་སྐྱོར་གནང་ནས་རྩོམ་རིག་གི་དུས་དེབ་ལྗང་གཞོན་འགོ་བཙུགས་པ་རེད། འགོ་མ་བཙུགས་སྔོན་ལ་ང་ཚོས་རྩོམ་ཡིག་གིས་དུས་དེབ་ཀྱི་ཁ་གང་ཐུབ་མིན་ལ་སེམས་ཁྲལ་བྱས། དངོས་སུ་འགོ་འཛུགས་དུས་ངས་སེམས་ཁྲལ་དེ་ནི་ནོར་འཁྲུལ་ཡིན་པ་ཤེས། བོད་ནང་གི་དུས་དེབ་དང་བསྡུར་ན་ང་ཚོའི་རྩོམ་གྲངས་ཉུང་ན་ཡང་ལོ་གཅིག་ལ་དུས་དེབ་འདོན་ཐེངས་རེ་ཟུང་གི་ཁ་གང་བ་ལ་དཀའ་ངལ་མི་འདུག མགོན་པོ་ཚེ་རིང་གིས་གཙོས་པའི་ཁོ་ཚོ་ཁ་ཤས་ཀྱི་རྩོམ་ནི་བོད་ནང་གི་དུས་དེབ་ལ་བཀོད་ན་ཡང་སྤུས་ལེགས་ཀྱི་གྲས་ཡིན་པའི་ཚོར་བ་སྐྱེས། ང་རང་ད་བར་རྩོམ་རིག་ལ་དོ་སྣང་ཅན་ཞིག་ཡིན་པའི་ཆ་ནས་མགོན་པོ་ཚེ་རིང་གི་རྩོམ་ཀློག་རྒྱུ་མ་བྱུང་བ་དེ་ལ་ཡ་མཚར་སྐྱེས། ང་ལ་མི་རྣམས་གྲགས་པའི་རྗེས་སུ་རྒྱུགས་རྒྱུར་དགའ་བ་དེས་དོན་དངོས་སྐོར་ཞིག་མཐོང་གི་མེད་པའི་ཚོར་བ་ཡང་སྐྱེས། མགོན་པོ་ཚེ་རིང་གི་རྩོམ་རྣམས་རིམ་བཞིན་བཀླགས་ཏེ་ཁོའི་རྩོམ་རྣམས་་ཚིག་གིས་ཚིག་འདྲེན་པའི་རྩོམ་མ་ཡིན་པར་ཚིག་གིས་དོན་འདྲེན་པའི་རྩོམ་ཡིན་ལ། ཁོས་ཅི་ཞིག་འབྲི་ན་ཤེས་ཐག་ཆོད་ནས་འབྲི་བ་ལས་ཤེས་མ་ཤེས་ཀྱི་བར་ནས་མི་འབྲི་བ་དང་། ཚོར་བ་གསལ་པོ་ཞིག་གི་ངང་ནས་འབྲི་བ་མ་གཏོགས་ཚོར་བ་མེད་པ་པའམ་མོག་མོག་གི་ངང་ནས་མི་འབྲི་བ་བཅས་ཀྱི་ཡོན་ཏན་ཡོད་པ་མཐོང་། ཁོའི་རྩོམ་རྣམས་ལས་རང་སྒྲོག་དང་ཀླན་ཀ་འཚོལ་བའི་ཚིག་ཟུར་ཙམ་ཡང་མཐོང་རྒྱུ་མེད་ལ། སྔ་ཕྱི་འགལ་བར་གྱུར་བའི་རིགས་ཀྱང་མཐོང་རྒྱུ་ཧ་ཅང་དཀོན་པོ་ཡིན། ཁོ་ལ་རྒྱུས་ཡོད་པ་ཞིག་གིས་བལྟས་ན་རྩོམ་གཤིས་འདི་དག་ནི་ཁོའི་རང་གཤིས་དང་འབྲེལ་ནས་ཡོད་ལ། ངས་ཁོས་རང་སེམས་དང་འགལ་བའི་རྩོམ་མི་འབྲི། ཁོ་རང་ཉིད་ཕྱི་གསལ་ནང་གསལ་གྱི་ཤེལ་གྱི་གོང་བུ་ལྟ་བུ་ཞིག་ཡིན་པའི་གཤིས་ཀ་དེ་ཁོའི་རྩོམ་གྱི་ནང་ལ་སིམ་ཡོད་པའི་ཚོར་བ་སྟེར།

རྩོམ་རིག

Post navigation

Previous Post: ཐེའུ་རང་དྲན་པ།
Next Post: གླིང་ཚ་ཁྱེད་ནི།

Comments (14) on “དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ། -གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ། (གཉིས་པ།)”

  1. རེབ་ཐོག་མདའ says:
    2013-04-09 at 12:54 pm

    རོ་མྱོང་བྱས་ཟིན་ཡིན་སྙན་པོ་འདུག། རྒན་པདྨ་འབུམ་ལགས་ལ་ཐུགས་རྗེ་ཆེ་ཞུ

  2. ཀླུ་སྨྱོན། says:
    2013-04-09 at 1:26 pm

    ད་སོ་མ་བཀླགས་ཚར། ཐུགས་རྗེ་ཆེ། ཁྱེད་རྣམ་པའི་རྡ་སའི་འཚོ་བ་རོལ་སྟངས་ཀྱང་ཞིབ་འབྲི་གནང་རོགས། ཀློག་འདོད་ནས་ཟ་འཕྲུག་ལངས་བསྡད་ཡོད།

  3. བན་དེ་བ། says:
    2013-04-09 at 1:35 pm

    སོ་མ་ཞེས་པ་ནི་བརྡ་སྤྲོད་མང་པོའི་ནང་ནས་གསར་པ་ཞེས་པ་དང་དོན་གཅིག་ཅིང་་་འོན་ཀྱང་མི་འགའ་ཞིག་ནས་ཡང་ཡང་སོ་མ་ཞེས་པ་ཞིག་འབྲི་བཞིན་འདུག་མོད་བརྗོད་དོན་གཞན་ཞིག་ཏུ་འགྲེལ་བ་ནི་་་་ཕལ་སྐད་དམ་ཡུལ་སྐད་འདྲ་ཡིན་ན་མ་གཏོགས་གཞན་གོ་རྒྱུ་ཅང་མི་འདུག་་ད་སོ་མ་བཀླགས་ཚར་་་་་ཟེར་དུས་ངས་གོ་བ་རྩ་བ་ཉིད་ནས་ལེན་ཐུབ་མ་སོང། རང་གི་ཁོག་ནང་གི་སྐད་ཆ་དེ་ཚོ་མི་ཡི་གོ་བའི་ཆེད་དུ་ཡིན་ན་་་ཐུན་མོང་གིས་སྤྱོད་པའི་ཡིག་སྐད་དེ་ཚོ་སྤྱད་ན་ལེགས།

  4. བློ་བཟང་། says:
    2013-04-09 at 1:43 pm

    ༡༽རྩོམ་རྣམས་ཚིག་གིས་ཚིག་འདྲེན་པའི་རྩོམ་མ་ཡིན་པར་ཚིག་གིས་དོན་འདྲེན་པའི་རྩོམ་ཡིན་ལ།
    ༢༽ཚོར་བ་གསལ་པོ་ཞིག་གི་ངང་ནས་འབྲི་བ་མ་གཏོགས་ཚོར་བ་མེད་པ་པའམ་མོག་མོག་གི་ངང་ནས་མི་འབྲི་བ་་༣༽གཤིས་ཀ་དེ་ཁོའི་རྩོམ་གྱི་ནང་ལ་སིམ་ཡོད་པའི་ཚོ་བ་སྟེར།
    གོང་གི་བརྗོད་དོན་གསུམ་ནས་ང་ལ་བློ་སྐྱེ་ཆེན་པོ་བྱུང་། རྒན་པད་བུམ་ལགས་ཐུགས་རྗེ་ཆེ།
    སྐྱར་དུ་ཞུ་འདོད་པ་ནི། དང་ཐོག་རྒན་པད་བུམ་ལགས་ཆར་གྲོགས་ཆུ་དཔུང་གི་མཐུན་རྐྱེན་དཀོན་པས་དཀའ་ངལ་འོག་ནས་ཀྱང་ལྗང་གཞོན་གྱི་མྱུ་གུ་འབུད་ཐུབ་པའི་སེམས་ཤུགས་དེ། ད་ཆ་རྒྱུགས་ཆུའི་ཉེ་འགྲམ་ན་ཡོད་རུང་ཞིང་ས་འབད་མེད་དུ་ལུས་འདུག་པ་ལྟ་བུའི་ཚོར་བ་སྟེར་བྱུང་། སྡུག་པའི་སྐབས་ཀྱི་ཚོར་བ་ཞིག་དང་། སྐྱིད་པའི་ཚོར་བ་གཉིས་ནམ་ཡང་ཁག་ཁག་འདུག་པ་བཞིན། ཚོར་བ་དེ་གཉིས་ཀྱིས་འབྱིན་པའི་འཆར་སྣང་དང་འཁོར་ཡུག་
    ཡང་མི་འདྲ་བ་ཡོད་པར་མངོན།

  5. གསེར་འབྲུག་སྡེར་ལྔ་ says:
    2013-04-09 at 1:43 pm

    བཀླགས་ཟིན། ཐུགས་རྗེ་ཆེ། གྲགས་འདོད་དང་རློམས་སེམས་མེད་མཁན་གྱི་སྐྱེས་བུ་འདི་ཚོ་སྤྱི་ཚོགས་ཀྱི་ལམ་སྣེ་འཁྲིད་རྒྱུའི་གོ་སྐབས་མི་ཐོབ་པ་མ་ཟད། སྤྱི་ཚོགས་ལ་ཕན་པའི་བྱས་རྗེས་འཇོག་ལོང་མེད་པར་འཇིག་རྟེན་འདི་ནས་ཞལ་གྱེས་དགོས་བྱུང་བ་ནི་ཅི་འདྲའི་ཡིད་ཕངས་བ་ལ།

  6. ཀླུ་སྨྱོན། says:
    2013-04-09 at 2:13 pm

    གལ་སྲིད་ངས་ད་སོ་མའི་ཚབ་ཏུ་ལྷ་སའི་སྐད་ད་ལྟ་རང་ཞེས་པ་དེ་བྲིས་ན་ཨ་མདོ་བ་ཚོས་མི་གོ་བའི་དཀའ་ངལ་ཞིག་ཡོད་པས། དེ་ལས་རྒྱ་སྐད་ཀྱི་གང་གང་དང་ཡང་ན་དབྱིན་སྐད་ ཇ་སི་ནའོ་ཞེས་བྲིས་ན་ལེགས་སྙམ།

  7. འདྲེ་རྐང་ཐོ། says:
    2013-04-09 at 2:17 pm

    བཀླགས་ཟིན་་་བཀའ་དྲིན་ཆེ།
    མུར་མཐུད་དུ་ཡིན་ད་་་་
    དེ་རིང་ཡང་་་ལྷ་སའི་བར་སྐོར་གཡས་གཡོན་གྱི་རྩེད་རིགས་དེ་ཚོགས་མིག་ནང་ལ་ཤར་ནས་སླེབས་སོང་།
    ད་དུང་སེམས་ལ་དྲན་ཡོང་བ་སྟེ་་་གསར་དུ་དྷ་སར་སླེབས་པའི་ཉིན་དེར་་་ཨ་མ་ལོ་ལོན་སྐྲ་དཀར་ཞིག་ལ་རྒྱལ་བ་རིན་པོ་ཆེའི་ཕོ་བྲང་ག་བར་ཡོད་མེད་དང་་་་གཙུག་ལག་གི་ལམ་ཁ་གང་རེད་ཅེས་དྲིས་པར་་་མོ་མོ་དེས་་མིག་ལོག་ཅིག་བལྟས་ནས་ག་ལེར་བུད་སོང་བ་དེ་ཡང་དྲན་སོང་།

  8. བན་དེ་བ། says:
    2013-04-09 at 2:27 pm

    ༼གལ་སྲིད་ངས་ད་སོ་མའི་ཚབ་ཏུ་ལྷ་སའི་སྐད་ད་ལྟ་རང་ཞེས་པ་དེ་བྲིས་ན་ཨ་མདོ་བ་ཚོས་མི་གོ་བའི་དཀའ་ངལ་ཞིག་ཡོད་པས། དེ་ལས་རྒྱ་སྐད་ཀྱི་གང་གང་དང་ཡང་ན་དབྱིན་སྐད་ ཇ་སི་ནའོ་ཞེས་བྲིས་ན་ལེགས་སྙམ།༽
    ལྷ་སའི་སྐད་དུ་སོ་མ་ལ་ད་ལྟ་རང་་་་ཞེས་ནམ་ཡང་མི་བརྗོད་ཅིང་ད་ལྟ་རང་དང་སོ་མ་གཉིས་ནི་རྦད་དེ་ཁ་ཁ་རེད། ཁམས་ཀྱི་ཡུལ་ལུང་འགའ་ཞིག་གིས་་་་ད་ཟོད་ཅེས་པ་ཞིག་བརྗོད་ཀྱིན་ཡོད་དེ་ནི་་་་་་སོ་མ་ཞེས་པ་དང་རྩ་ནས་མི་འདྲ། བརྡ་རྙིང་པའི་ཆོས་གཞུང་ཁག་ནས་་་་སོ་མ་་་་་ཞེས་པ་མ་བཅོས་རང་ལུགས་་་་གཤིས་ལུགས་ཞེས་པར་བཤད་པ་ཡོད་ཅིང་དེ་ཡང་ད་ལྟ་རང་དང་གསར་པ་སོགས་སུ་གོ་བ་མིན་ཅིང་་་་སོ་མ་རང་ལུགས་ཞེས་བློ་རྣམ་རྟོག་ལས་སོགས་ཀྱིས་གང་དུའང་མ་བཅོས་པའི་དོན་དུ་བཤད་དོ།

  9. སྟོན་ཁ། says:
    2013-04-09 at 2:52 pm

    དགེ་པདྨ་འབུམ་གྱིས་རྗེས་དྲན་འདི་བརྒྱུད་དེ་མགོན་པོ་ཚེ་རིང་ལགས་ཀྱི་སྐོར་མང་པོ་ཤེས་ཐུབ་སོང་བས་དགེ་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

  10. ཆོས་འཕེལ་དར་རྒྱས་ says:
    2013-04-09 at 3:49 pm

    Dubai གནམ་ཐང་ནས་བཀླག་ཡོད། ཐུགས་རྗེ་ཆེ། འདས་བོ་ཁོང་གི་སྤུན་ཆུང་བླ་མ་སྐྱབས་ངེད་གཉིས་གྲོགས་པོ་ཡག་ཤོས་ཡིན། མུ་མཐུད་དུ་བཀོད་རོགས་ཞུ་པདྨ་འབུམ་ལགས། ཁྱེད་ཀྱིས་ང་ངོ་ཤེས་མི་སྲིད་མོད་ངའི་སེམས་ངོར་ཁྱེད་རང་དང་སྐད་ཆ་ཐད་ཀར་ཐེངས་གཅིག་Graz ཟེར་བའི་གྲོང་ཁྱེར་འགྲམ་ལ་བོད་མཁས་བའི་ཚོགས་འདུ་ཟེར་བ་ཞིག་ཚོགས་སྐབས་ཡིན། ཉིད་དང་བོད་ནས་གསར་འབྱོར་བ་རྒན་རབས་པའི་རྡ་སའི་འཁོར་ཡུག་འོག་བརྒྱུད་མྱོང་བའི་མི་ཚེ་ལོ་རྒྱུས་ལ་དོ་སྣང་ཡོད་མཁན་ཞིག་ཡིན།

  11. ཆུ་སྐྱེས་སྒྲོལ་མ། says:
    2013-04-09 at 4:26 pm

    མཁྱེན་ཡངས་པདྨ་འབུམ་ལགས་ནས་འདས་པོ་ཁོང་གི་སྐོར་ལ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ་ཞུ།
    མགོན་པོ་ཚེ་རིང་ལགས། ངས་ཁྱེད་རང་ཐོག་མར་ངོ་ཤེས་དུས་དགུན་དུས་ཤིག་ལ་རེད། དེ་དུས་ཁྱེད་རང་སུ་ཇ་སློབ་གྲྭའི་དགེ་རྒན་གནང་བཞིན་འདུག སློབ་ཕྲུག་མང་པོར་བོད་ཀྱི་རིག་གནས་སློབ་བཞིན་འདུག ཆེས་མཐའ་མའི་ཁྱེད་ཀྱི་སྐོར་གོ་དུས་ཁྱེད་རང་འཇིག་རྟེན་ཕ་རོལ་དུ་ཕེབས་པའི་ཡིད་སྐྱོའི་གནས་ཚུལ་དེ་རེད། ངས་ཁྱེད་རང་དུས་ནམ་ཡང་རྒྱལ་བའི་ཐུགས་རྗེས་གཟིགས་པའི་སྨོན་ལམ་དང་ཤུལ་ལུས་ནང་མི་བུ་ཕྲུག་ཚོར་སེམས་གསོའི་མྱ་ངན་གུས་བཏུད་ཞུ་རྒྱུ་ལས་ཅི་ཡང་མ་མཆིས།

  12. བསམ་ཤེས། says:
    2013-04-10 at 12:16 am

    ཨོ་མ་ནི་པད་མེད་ཧུམ། མགོན་པོ་སྙིང་མ་རྗེ། ལོ་ཆུང་ཆུང་རེད་འདུག རིག་པ་གསལ་པོ་ཡོད་ཚོད། ལྷག་བསམ་ཤིན་དུ་དཀར་བ། སེམས་པ་ཤིན་དུ་དྭངས་བ། ངོ་མ་ཕངས་པ་ལ་ཨང་། ཡེ་ཤུ་བ་ཚོའི་བཤད་སྟངས་ལ། མི་བཟང་པོ་དང་རྣམ་དཔྱོད་ཅན་ཚོར་དཀོན་མཆོག་ཤིན་དུ་མཉེས་ནས། ཁོང་ཚོ་དཀོན་མཆོག་གི་འགྲམ་དུ་སྔ་ཙམ་འབོད་པར་བྱེད་ཟེར། མགོན་པོ་ཡང་དག་ཞིང་ཞིག་ལ། རྣམ་དཔྱོད་དང་ལྷག་བསམ། རྒྱུ་མཚན་དང་བདེན་པ་བདེན་ཐུག་ལ་རིན་ཐང་རྩི་མཁན་གྱི་སྤྱི་ཚོགས་ཤིག་ལ་སྐྱེ་བར་སྨོན། 

  13. འདུས་བྱུང་ཕུན་ཚོགས་ཚེ་རིང་། says:
    2013-04-10 at 3:39 am

    རྒན་པད་མ་འབུམ་ལགས་ཀྱིས་དྲན་སྣང་ཐར་ཐོར་དེ་ཚིག་ལས་བྲིས་གནང་བར་ཐུགས་རྗེ་ཆེ།
    དམ་པ་མགོན་པོ་ཚེ་རིང་མཆོག་མི་ཡུལ་འདིར་ཞུགས་རིང་གི་བྱ་བ་བཟང་པོ་ཐ་དག་ལ་རྗེས་སུ་ཡིད་རངས་ཞུ་བ་དང་། ཤུལ་ལུས་ནང་མི་རྣམས་ལ་ཐུགས་གསོ་ཞུ་བ་དང་འབྲེལ་དམ་པ་མཆོག་ལ་རྒྱང་རིང་ནས་དཀར་གཙང་གི་དར་དཀར་གཅིག་ཕུལ་ཏེ་ཚེ་ཕྱི་མར་བདེ་བར་འགྲོལ་བའི་སྨོན་ལམ་ཞུ།།

  14. རེ་མདོ་སེངྒེ། says:
    2013-04-10 at 11:12 pm

    ངས་ད་དུང་གསལ་པོ་དྲན་གྱི་འདུག ཕྱི་ལོ་ ༡༩༩༥ ཡས་མས་ཀྱི་གངས་སྐྱིད་ཀྱི་བགྲོ་གླེང་ཞིག་གི་སྐབས་ཡིན། མགོན་པོ་ཚེ་རིང་སྐབས་དེར་ངའི་མདུན་དུ་བཞུགས་འདུག ཁོང་གིས་བགྲོ་གླེང་པ་ཚོར་དྲི་བ་ཞིག་དྲིས་བྱུང་། དྲི་བ་གང་ཞིག་དྲིས་པ་གསལ་པོ་དྲན་གྱི་མི་འདུག འོན་ཀྱང་ཁོང་གིས་སྐབས་དེར་སྟོད་གོས་སྔོན་ནག་གྱོན་འདུག་པ་དང་སྐྲ་ཅུང་རིང་པོ་བཞག་བསྡད་པ་གསལ་པོ་དྲན་གྱི་འདུག་ལ། ཁོང་སྐུ་གཟུགས་ཐུང་ཐུང་ཞིག་ཡིན་པ་ཡང་གསལ་པོ་དྲན་གྱི་འདུག ཁོང་གིས་དྲི་བའི་ཚིག་འབྲུ་རེ་རེ་བཞིན་ནན་པོ་དང་དོ་དོ་ཏན་ཏན་བྱས་ནས་གསུངས་བྱུང་། ངས་དེ་དུས་ཁོང་ཨ་མདོ་པའི་ཤེས་ཡོན་པ་ཞིག་ལས་མགོན་པོ་ཚེ་རིང་ཡིན་པ་མི་ཤེས། འོན་ཀྱང་ཁོང་མི་ཤིན་ཏུ་ནན་པོ་ཞིག་དང་བྱ་བ་གང་བྱས་ཀྱང་བརྟན་པོ་དང་ཏག་ཏག་བྱེད་མཁན་ཞིག་རེད་སྙམ་པའི་ཚོར་སྣང་ཟབ་མོ་ཞིག་སྟེར་བྱུང་། དེའི་རྗེས་སུ་དྲ་ཐོག་ནས་མགོན་པོ་ཚེ་རིང་གི་རྩོམ་ཡིག་རེ་ཀློག་མྱོང་བ་ལས་སྒེར་ཐོག་ནས་ཁོང་དང་འབྲེལ་བ་གཏན་ནས་མེད། འོན་ཀྱང་ཁོང་སྐུ་གཤེགས་པའི་གནས་ཚུལ་ཐོས་སྐབས་སེམས་ནང་རང་བཞིན་གྱིས་ཕངས་སེམས་ཤིག་ཡོང་གི་འདུག རྒྱུ་མཚན་ནི་ཁོང་གིས་ང་ལ་བག་ཆགས་ཟབ་མོ་ཞིག་བཞག་མྱོང་བས་ཡིན་རྒྱུ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme