Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ། -གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ། (དང་པོ)

Posted on 2013-04-082013-04-09 By ཁ་བརྡ་ 21 Comments on དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ། -གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ། (དང་པོ)

པད་མ་འབུམ།

༢༠༡༡ ལོའི་སྟོན་ཁ་ནས་མགོན་པོ་ཚེ་རིང་ལགས་ལ་སྐུ་ཚེ་རིང་པོ་ལྷག་མེད་པ་ཁོང་དང་ང་ཚོ་ཚང་མའི་སེམས་ན་གསལ་པོ་ཡིན། ཡིན་ན་ཡང་ཁ་རྩང་ཁོང་གི་གྲོངས་གཏམ་ཐོས་དུས་བསམ་ཡུལ་ལས་འདས་པའི་གཏམ་ཞིག་ཐོས་པ་ནང་བཞིན་རེ་ཞིག་ལ་མགོན་ཚེ་ཡི་སྐོར་ལ་ཅི་ཡང་བསམ་རྒྱུ་མེད་པ་ལྟ་བུ་ཞིག་ཏུ་གྱུར། ཡུད་ཙམ་འགོར་རྗེས་ཁོང་དང་འབྲེལ་བའི་འདས་དོན་མག་མོག་དང་མག་མོག་མ་ཡིན་པ་སྐོར་ཞིག་སེམས་ལ་འཁོར་ཡོང་བ་རྣམས་འདི་ལྟར།

ཕལ་ཆེར་ང་ནི་མགོན་ཚེ་ངོ་ཤེས་མཁན་རྙིང་ཤོས་ཀྱི་གྲས་གཅིག་ཡིན་རྒྱུ་རེད། ལོ་རབས་བདུན་ཅུའི་ནང་ལ་ང་ཧི་ནན་ཞན་གྱི་མི་རིགས་སློབ་འབྲིང་གི་དགེ་རྒན་ཡིན་སྐབས་ཁོང་སློབ་གྲྭ་དེའི་སློབ་མ་རེད། དེ་དུས་ཁོང་ཇི་འདྲ་ཞིག་ཡིན་པ་དྲན་སྣང་གསལ་པོ་ཞིག་མི་འདུག མིག་ལམ་ལ་སྐྲ་འདབས་སྨིན་མ་ལ་རེག་ཅིང་རྣ་འཇོག་གི་ཕྱེད་ཀ་ཡང་བཀབ་ཡོད། སློག་པ་རུམ་ལུག་ཅིག་གོན་ཡོད་པ་ཞིག་འཁོར་གྱི་འདུག དྲན་སྣང་ཅུང་ཙམ་གསལ་བ་ཞིག་ནི་ཁོང་རྩིས་རིག་གི་སློབ་ཚན་ལ་མི་དགའ་བ་དེ་རེད། མགོན་པོ་ཚེ་རིང་འབྲིང་རིམ་གྱི་འཛིན་གྲྭ་གཉིས་པའི་སྐབས་ལ་རྩིས་རིག་དགེ་རྒན་ནི་རེབ་གོང་གི་ཚེ་རིང་དོན་གྲུབ་ཟེར་བ་ཞིག་ཡིན། ང་ཁོ་ཚོའི་འཛིན་གྲྭ་གོང་མ་དེའི་རྩིས་རིག་དགེ་རྒན་ཡིན། དགེ་རྒན་ཚེ་རིང་དོན་གྲུབ་དང་ངེད་གཉིས་འཛོམས་ན་རང་རང་གི་འཛིན་གྲྭའི་ནང་གི་རྩིས་རིག་ལ་མི་དགའ་བའི་སློབ་མ་རྣམས་གླེང་གཞི་ཞིག་ཡིན། དེ་དུས་མགོན་པོ་ཚེ་རིང་གི་མིང་ཐེངས་དུ་མར་ཐོས་མྱོང་།

ལོ་རབས་བརྒྱད་ཅུའི་ནང་ལ་མགོན་པོ་ཚེ་རིང་ལགས་ནས་མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་ནང་ན་སློབ་སྦྱོང་བྱས། ང་དེ་དུས་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ་ན་ཡོད། ཉིན་ཞིག་ང་ཟི་ལིང་ལ་སོང་ནས་དོན་དག་ཅིག་གི་ཆེད་དུ་ཁོ་ཚོའི་ཉལ་ཁང་ལ་སླེབས་སོང་། ཉིན་དེར་མགོན་པོ་ཚེ་རིང་ལགས་ཀྱང་ཉལ་ཁང་ན་འདུག ཁོ་ཉལ་ཁྲི་ཉིས་བརྩེགས་ཅན་ཞིག་གི་སྟེང་མའི་ཐོག་ན་དཔེ་ཆ་ཞིག་ཀློག་བཞིན་ཡོད་པ་ད་དུང་ཡང་དྲན། ཁོས་སྦྱོང་རྒྱུ་ནི་དངོས་ཁམས་རིག་པ་རེད། ངའི་སེམས་ལ་ཁོ་རྩིས་རིག་ལ་མི་དགའ་མཁན་ཞིག་གིས་དངོས་ཁམས་རིག་པ་ཇི་ལྟར་སྦྱོང་གི་ཡོད་པ་ཡིན་ནམ་བསམས་སོང་། ཕྱིས་སུ་མགོན་ཚེ་རང་གིས་ང་ལ་དངོས་ཁམས་རིག་པ་རྒྱུགས་འཕྲོད་ཙམ་ཞིག་སྦྱངས་པ་ཡིན། དུས་ཚོད་མང་ཆེ་བ་བོད་ཡིག་གི་དཔེ་ཆ་བཀླགས་པ་ཡིན་ཟེར།

༡༩༨༧ ལོའི་སྟོན་ཀ་ལ་ལྷ་སའི་ཡར་ལངས་བྱུང་། བར་དེར་ནུབ་བྱང་མི་རིགས་སློབ་གྲྭའི་བོད་རིགས་ཀྱི་དགེ་རྒན་དང་སློབ་མའི་སློབ་ཁང་དང་ཉལ་ཁང་སོགས་སུ་༧རྒྱལ་བ་རིན་པོ་ཆེའི་་ཨ་རིའི་གྲོས་ཚོགས་ལ་བཏོན་པའི་ཞི་བའི་དོན་ཚན་ལྔ་སྣུམ་པར་དུ་བཏབ་ནས་ལྐོག་འགྲེམས་བྱེད་ཀྱི་འདུག མཚམས་མཚམས་ལ་སྦྲག་ལམ་བརྒྱུད་ནས་ཀྱང་འབྱོར། ང་ལ་གཅིག་འབྱོར་བ་དེ་ནི་རྒྱ་ནག་གི་གྲོང་ཁྱེར་ཞན་དབྱང་ཟེར་བའི་བཟོ་གྲྭ་ཞིག་ནས་བཏང་ཡོང་འདུག དེ་དང་མཉམ་དུ་སུ་ཞིག་གིས་བྲིས་པ་མི་ཤེས་པའི་ཡར་ལངས་འབོད་སྐུལ་གྱི་ཡི་གེ་ཚིག་སྟོབས་ཅན་ཞིག་སྐུར་འགྲེམས་བྱས། དེའི་ཚོགས་དོན་དེང་སང་ངས་མི་དྲན། ཡི་གེ་དེ་ནི་ཚིག་གི་སྦྱོར་བ་ཧ་ཅང་བདེ་ཞིང་ཁ་ཧ་ཅང་གསལ་པ། འབོད་སྐུལ་གྱི་ནུས་པ་ཧ་ཅང་ལྡན་པ་ཞིག་ཡིན། སྐབས་དེར་རེབ་གོང་གི་བོད་ཀྱི་སློབ་འབྲིང་གི་སློབ་མས་ཀྱང་ཁྲོམ་སྐོར་བྱས་པ་རེད། རྗེས་ནས་གོ་གསལ་ལ། རེབ་གོང་གི་སློབ་མ་མ་ལངས་སྔོན་ལ་ཡི་གེ་དེ་སློབ་མའི་ཁྲོད་དུ་འགྲིམ་འདུག སློབ་མ་རྣམས་ཁྲོམ་སྐོར་གྱི་ཞོགས་ཀར་ཡི་གེ་སློབ་གྲྭ་དེའི་སྒོ་ཁ་ལ་སྦྱར་འདུག་ཟེར། སྐབས་དེར་འབྲེལ་ཡོད་ལས་ཁུངས་ཀྱིས་ཡིག་གྱར་དེ་དག་གི་ཐད་ལ་ང་ལ་ཡང་དོགས་པ་ཞིག་ལངས་པ་ཡིན་ནམ། ལན་ཀྲོའུ་ཡི་སྤྱི་བདེ་ལས་ཁུངས་ཀྱིས་ང་ལ་གསང་ཐུག་གིས་ཡིག་གྱར་དེ་དག་གི་སྐོར་ལ་འདྲི་རྩད་ཐེངས་དུ་མར་བྱས་སོང་། ཁོ་ཚོས་སྤྱི་བདེ་ལས་ཁུངས་ཡིན་ཟེར་བ་མ་གཏོགས་དོན་གྱིས་གསང་བའི་ལས་ཁུངས་ཡིན་པ་འདྲ། ཁོ་ཚོ་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་ནང་གི་མགྲོན་ཁང་ཞིག་གི་ནང་ན་བསྡད་འདུག ང་འབོད་དུས་མགྲོན་ཁང་གི་ལས་བྱེད་ཀྱིས་ངའི་ཕ་ཡུལ་གྱི་མི་ཞིག་ཡོང་ནས་ཁང་མིག་དེའི་ནང་ན་བསྡད་ཡོད་ཅིང་་ཁོས་ང་བོས་སོང་ཟེར། སྤྱི་བདེ་ལས་བྱེད་དེ་དང་ངེད་གཉིས་ཐེངས་དུ་མར་ཐུག་འབྲས་སུ་ཁོས་ང་དང་ཡིག་གྱར་དེ་དག་བར་ལ་འབྲེལ་བ་མེད་པ་ལ་ཡིད་ཆེས་བྱས་སོང་། ཡིན་ན་ཡང་ཁོས་ང་དང་གྲོགས་པོ་བསྒྲིག་གི་ཡིན་ཟེར། ཕལ་ཆེར་ཁོ་ཚོས་ང་དང་འབྲེལ་ཐག་ཅིག་བཟུང་འདོད་ཀྱི་ཡོད་པ་འདྲ། ཉིན་ཞིག་སྤྱི་བདེ་ལས་བྱེད་དེས་ཁོ་ཚོའི་པེ་ཅིན་གྱི་དཔོན་པོ་ཞིག་ཡོང་ནས་ང་ལ་ཐུག་འདོད་བྱེད་ཀྱི་འདུག་ཟེར། དེ་ལ་ང་ངོས་ལེན་མ་བྱས།

རྗེས་སུ་རྒྱ་གར་ཡོད་དུས་མགོན་པོ་ཚེ་རིང་ལགས་དང་ངེད་གཉིས་ནས་ཁ་བརྡ་འདྲ་མིན་བྱས་པར། ཡི་གེ་དེ་འབྲི་མཁན་ཁོང་རང་རེད་འདུག ཁོ་ལ་ད་དུང་གྲོགས་པོ་ཞིག་འདུག དེའི་མིང་ད་ངས་དྲན་གྱི་མི་འདུག ལྷ་སའི་ཡར་ལངས་སྐབས་ཀྱི་དགོང་མ་གཅིག་ལ་མགོན་པོ་ཚེ་རིང་ལགས་དང་ཁོང་གི་གྲོགས་པོ་དེ་གཉིས་ནས་ཆང་འཐུང་ཞིང་བོད་དོན་སྐོར་ཁ་བརྡ་བྱས་ནས་ངར་ལངས་ནས་བྲིས་ཤིང་། དགོང་མོ་དེ་ལ་སྣུམ་པར་དུ་བཏབ་པ་དང་། དེའི་ཕྱི་ཉིན་ཁོ་གཉིས་ནས་སློབ་གྲྭ་ལ་དགོངས་ཞུས་ཀྱིས་ས་གནས་གཞན་ལ་སོང་ནས་ཡིག་སྦྲག་གཏོང་བྱས་པ་ཡིན་ཟེར།

རྩོམ་རིག

Post navigation

Previous Post: རྟ་མགྲིན་སྒྱུ་རྩལ་ལས་རིགས་ཀྱི་འགྲེམས་སྟོན།
Next Post: གདུང་དབྱངས་ཀྱེ་མ་ཧུད།

Comments (21) on “དྲན་སྣང་ཐར་ཐོར་གྱི་ནང་གི་མགོན་ཚེ། -གྲོགས་པོ་མགོན་པོ་ཚེ་རིང་རྗེས་སུ་དྲན་པ། (དང་པོ)”

  1. སྐྱེས་སར་ཀླུ་སྒྲུབ། says:
    2013-04-08 at 3:52 pm

    བཀུར་འོས་པདྨ་འབུམ་ལགས་་་་་་

    ཁྱེད་ཀྱིས་མགོན་ཚེའི་སྐོར་བྲིས་པ་དེ་འདི་ལས་མེད་པ་རེད་དམ་་་
    ཡང་ན་ཡར་འཇུག་སྐབས་ཆད་སོང་བ་རེད་་་་ ངས་ཅིག་བཀླགས་
    པར་ཆ་ཚང་མེད་སྣང་འདྲ་བ་ཞིག་བྱུང་སོང་་་

  2. གསེར་འབྲུག་སྡེར་ལྔ་ says:
    2013-04-08 at 3:56 pm

    སྙན་མོ་བྱུང་ཐུགས་རྗེ་ཆེ། མུ་འགོད་ཡོད་པར་ཞུ། རྒན་མདའ་ཚན་པ་དམ་པ་་ཁོང་གི་མི་ཚེའི་བྱུང་རབས་ཤེས་འདོད་ཆེན་པོ་ཡོད།

  3. བྱ་འཕུར་ལྷུན་གྲུབ་རྒྱ་མཚོ། says:
    2013-04-08 at 4:01 pm

    ཨ་ཁུ་པདྨ་འབུམ་གྱིས་མགོན་པོ་ཕྱག་གཉིས་པའི་སྐོར་གང་འཚམས་གསལ་བོ་ཞིག་གསུངས་སོང་། ད་དུང་དེའི་འཕྲོ་མཐུད་ཅིག་བྲིས་ན་ཡག་པོ་འདུག ཕྱག་གཉིས་པའི་རྩོམ་ཡིག་དང་མཆན་རྣམས་ལས་གསལ་ཐུབ་པ་ནི་དམ་པ་ཁོང་མི་རྒྱུད་གཞུང་དྲང་དང་། ཤེས་རབ་ཀྱི་འོད་སྣང་ལྡན་པ། གྲུབ་མཐའི་ཆགས་སྡང་དང་ཆོལ་ཁའི་ཕྱོགས་ཞེན་གྱི་དུག་རྩས་མ་བསླད་པའི་བོད་ཀྱི་ལོ་རྒྱུས་རྩོམ་བྲིས་པ་ཞིག་ཡིན་པ་ལོ་ཤས་གོང་ནས་ཁ་བརྡ་དྲ་ངོས་བརྒྱུད་ཤེས་བྱུང་། ཡིན་ན་ཡང་། ཉིན་ཤས་སྔོན་ཁོང་གིས་ང་ཚོ་བཞག་སྟེ་བུད་སོང་ཟི། མི་རྟག་པའི་གཤིས་ལ་འཁང་ར་བྱས་པས་ཅང་ཕན་ནི་མ་རེད། ཁོང་ལ་མ་ཏྲི་ཡིག་བརྒྱད་ཀྱི་ལམ་ནས་བསྔོ་སྨོན་རྣམ་དག་རེ་ཞུ་བའོ། །

  4. ཆོས་འཕེལ་དར་རྒྱས་ says:
    2013-04-08 at 4:08 pm

    རྒན་རབ་པ་པདྨ་འབུམ་དང་བཀྲ་བྷ་སོགས་ལ་མགོན་པོ་ཚེ་རིང་མཆོག་གི་ལོ་རྒྱུས་གསལ་བོ་ཡོད་པས་འདིར་པདྨ་འབུམ་གྱིས་གསུང་འབྱོན་པར་དགའ་བོ་བྱུང་། ཁ་དྲོ།

  5. ཇིང་སྲས་མིག་གསུམ་པ། says:
    2013-04-08 at 4:30 pm

    བཀའ་དྲིན་ཆེ་མུ་འཐུད་དུ་འགོད་རོགས་ཞུ།

  6. ཨ་རིག་དགེ་མཐོང་། says:
    2013-04-08 at 4:49 pm

    དེ་ནི་སྐུ་ཞབས་པདྨ་འབུམ་གྱིས་ཁོང་དང་ལྷན་དུ་ཕྱག་ལས་གནང་བ་སོགས་རྒྱ་གར་དང་ཁཱ་ན་ཌིའི་སྐོར་གླེང་རྒྱུ་མཁྱེན།

  7. དྲང་བདེན says:
    2013-04-08 at 4:52 pm

    མགོན་པོ་ཚེ་རིང་ལགས་ཀྱི་འདྲ་པར་དང་ལོ་རྒྱུས་ཆ་ཚང་བ་ཞིག་འགོད་གནང་ཡོང་བའི་འབོད་སྐུལ་སླར་ཡང་ཞུ་འདོད་བྱུང་།

  8. ཆབ་བྲག་ཕོ་ཉ། says:
    2013-04-08 at 5:11 pm

    ཐུགས་རྒྱུས་ཡོད་པ་པད་མ་འབུམ་ལགས་ཀྱིས་འདི་ལྟར་ཞིབ་འབྲི་གནང་རྒྱུར་ཧ་ཅང་དགའ་བོ་བྱུང།
    དགོད་བྲོ་བ་ཞིག་ལ་ང་ཚོ་སྦིར་སློབ་གྲྭར་སླེབས་ནས་ལོ་རིམ་གཉིས་པའི་ཨང་རྩིས་ཀྱི་ཡིག་རྒྱུགས་ཤིག་བཏང་བར་གཟབ་གཟབ་མ་བྱས་པར་ཅི་ཞིག་ནོར་འདུག་པས། ངས་ཁོང་ལ་་ཁྱོད་ཀྱིས་རྩིས་རིག་པའི་སློབ་ཆེན་ཇི་ལྟར་མཐར་ཕྱིན་ནམ་ཞེས་ཀུ་རེ་རྩེས་ནས་བགད་ཚུལ་དེ་བསམ་ན་ད་དུང་ལྷན་དུ་ཡོད་པའི་སྣང་བ་སྟེར།

  9. ཆབ་བྲག་ཕོ་ཉ། says:
    2013-04-08 at 5:15 pm

    རྗེས་དྲན་རྩོམ་ཡིག་ཚང་མ་འདིར་གསོག་བཞིན་ཡོད།
    http://www.chapdaklhamokyab.fr/%E0%BD%A2-%E0%BD%A6-%E0%BD%91-%E0%BD%93-%E0%BD%82%E0%BD%A6-%E0%BD%93-%E0%BD%94-%E0%BD%98/

  10. ཐུ་བ་རྒྱ་མཚོ། says:
    2013-04-08 at 5:59 pm

    རྗེས་དྲན་རྩོམ་ཡིག་ནང་གི་ཨ་ཕའི་ཁ་ཆེམས་ཀྱིས། །
    ཤར་མར་མགོ་ནས་མཇུག་བར་ཐེངས་གཅིག་ཀློག་པའི་ཁྲོད། །
    གཡས་གཡོན་མིག་ཀོང་གཉིས་ཀྱི་བརླན་གཤེར་མཆི་མ་ཡིས། །
    བདག་གི་འགྲམ་པའི་མཁུར་ཚོས་གཉིས་དེ་གཙང་མར་བཀྲུས། །

  11. རིག་པའི་བུ says:
    2013-04-08 at 6:14 pm

    འདི་ནས་དང་པོ་ལབ་སྟངས་ལྟས་ན་གཉིས་པ་དང་གསུམ་པ་ཡོད་པས་སྒུག་བཞིན་ཡོད། གང་ལྟར་དམ་པ་ཁོང་བླ་མེད་ཀྱི་བསམ་བློ་བ་ཞིག་རེད།

  12. ཀླུ་སྨྱོན། says:
    2013-04-08 at 9:02 pm

    མཁས་དབང་ཨ་ཁུ་པད་མ་འབུམ་ལགས་ནས་འདི་ལྟར་ང་ཚོ་ལ་སྙན་ངག་པ་འདས་པོ་ཁོང་གི་མི་ཚེའི་སྐོར་ངོ་སྤྲོད་གནང་བར་སྙིང་ནས་ཐུགས་རྗེ་ཆེ་ཞུ། ད་དུང་ཉིད་ཀྱིས་ཁོང་གི་སྐོར་ལ་གང་མཁྱེན་འདིར་དགོད་རོགས་ཞུ་གི་ཡོད།

  13. གསང་གྲོལ། says:
    2013-04-08 at 9:38 pm

    ཀློག་མཁན་ཞ་ར་རྐྱང་རྐྱང་ཡིན་ས་རེད། མགོ་ན་དང་པོ་བྲིས་འདུག་ད་རུང་གཉིས་བ་གསུམ་པ་ཞིག་ཡོད་ཡོད་པ་རེད། ཁྱེད་ཀྱིས་ཁོ་རང་དྲན་པའི་སྣང་བརྙན་རི་མོ་ཕབ་པའི་ཁྲོད་ང་ཚོས་སྐྱོན་ཡོན་གཉིས་ལྡན་ཡིན་པའི་མི་བུ་གསོན་པོ་ཞིག་གི་མི་ཚེ་བརྒྱུད་རིམ་མཐོང་བའི་རེ་བ་འཆང་ཡོད།

  14. ཅོག་མྱི། says:
    2013-04-08 at 9:51 pm

    གསོན་དུས་མིང་ཙམ་ནི་ཡང་གོ་རྒྱུ་མེད།
    བཞུད་པའི་རྗེས་སུ་འུར་གྱིས་བསྟོད་པ་མང་།
    དགེ་ཆོས་རང་གྲོལ་ལ་སོགས་སྣང་ཚུལ་གྲལ།
    མགོན་ཕྱག་བཙན་གྱིས་ཚུད་འདིས་ག་རེ་མཚོན།

    གསོན་ལ་འཕྱ་བ་མ་མང་གུས་པས་བཀུར།
    ཤི་རྗེས་འུར་བསྟོད་མ་བྱེད་མིང་མཚན་སྐུངས།
    སྒང་བ་བོད་ཀྱི་ཡ་རབས་སྲོལ་རྒྱུན་འདི།
    གཉིག་མར་སྐྱོངས་ཤིག་དྲ་གྲོགས་མགོ་འཁོར་ཀྱེ།

  15. འབྲོག་ཕྲུག says:
    2013-04-08 at 10:28 pm

    རྩོམ་པོ་པདྨ་འབུམ་ལགས། འཚམས་འདྲི་དང་བཀྲ་ཤིས་བདེ་ལེགས་ཞུ། དེ་རིང་འདས་པོ་ཁོང་གི་ལོ་རྒྱུས་དང་བྱུང་རིམ་རྣམས་ཞིབ་ཕྲ་ངོ་སྤྲོད་གནང་རོགས་གནང་། མགོན་ཕྱག་འདས་པོ་མཆོག་ནི་དྲ་ངོས་འདིར་དཔྱོད་ལྡན་གྱི་རྩོམ་པོ་ཞིག་ཡིན། ང་རང་གི་རྐང་སྤོལ་སྐོར་གྱི་རྩོམ་དུམ་ཞིག་འདིར་འཇོག་མྱོང་བས་སྐབས་དེར་དགག་སྒྲུབ་ཡུན་རིང་བྱས་སོང་། དེ་དུས་ངོ་ཤེས་ཤིང་། མི་ལའི་རྣམ་ཐར་མཛོད་ནག་མའི་སྐོར་ནས་མཉམ་དུ་བབས་སོང་། དེ་དང་མཐུན་པའི་གཏམ་གླེང་རྣོ་ངར་ཅན་ནས་ལྷིང་འཇགས་ཀྱི་གནས་སུ་བྱུང་ཞིང་། དེ་རིང་ཤི་གསོན་གཉིས་སུ་བྱེས་སོང་བ་ནི་ན་ཟུག་ཡ་ང་བ་ཞིག་རེད། བདེ་བ་་ཅན་དུ་སྐྱེ་བའི་སྨོན་ལམ་འདེབས།

  16. དབང་འདུས། says:
    2013-04-08 at 11:13 pm

    གསོན་དུས་ཕྲག་དོགས་དབང་གིས་བསྟོད་འདོད་མེད།།
    ཤི་དུས་ཡོན་ཏན་སྣ་ཚོགས་འུར་གྱིས་འགོད།།
    ཕན་གནོད་བྲལ་བའི་བསྟོད་པ་སྣ་ཚོགས་འདིས།།
    བླུན་པོ་ང་ནི་ངང་གིས་རྨོངས་སུ་འཇུག།

    དྲང་པོའི་གཤིས་ལ་ཡོན་ཏན་གཟུགས་བཀྲ་ཞིང་།།
    གངས་ཅན་བོད་མིའི་རིག་པའི་སྙིང་བཅུད་འབུམ།།
    ཅི་དགར་འཐུང་བ་མཁས་པའི་དབང་པོ་གཞན།།
    གསོན་པོར་ཡོད་ན་བསྟོད་དང་ཅི་མི་འགྲིག།།

    དོན་ལ་རིགས་པའི་དཔལ་གྱིས་རབ་དབེན་ཞིང་།།
    རྒྱ་ཆེན་ཤེས་བྱའི་གནས་ལ་མ་སྦྱངས་པར།།
    ཐར་ཐོར་སྙན་རྩོམ་འབྲི་བའི་གང་ཟག་ཀུན།།
    མཁས་པོའི་དབང་པོ་ཉིད་དུ་མ་སྒྲོགས་ཨང་།།

    དགོན་སྡེ་ཁག་ནས་མཁན་པོ་དགེ་བཤེས་དང་།།
    སློབ་དཔོན་མཚན་གྱི་ཅོད་པཎ་བསྒྲགས་པ་ནའང་།།
    ཐོས་བསམ་སྒོམ་པའི་ཡོན་ཏན་མེད་པ་བཞིན།།
    དོན་མེད་མཁས་པའི་དབང་པོར་མ་བསྒྲགས་ཨང་།།

  17. བསམ་ཤེས། says:
    2013-04-08 at 11:32 pm

    མགོན་ཕྱག་གི་ཚབ་བྱས་ནས་སྐྱེ་ཟུར་ལགས་ཀྱི་སྙན་ངག་གཅིག་བཤད་ན།

    སྐྱེ་དུས་འོ་མའི་གསོ་སྐྱོང་མེད་པའི་བེའུ།
    ཤི་དུས་སྐྱོ་མའི་གསོས་ཀྱི་ག་ལ་ཕན།
    བེའུ་མི་སྡོད་ཨུ་ཚུགས་བྱས་ཀྱང་མི་ཕན།
    ཁོག་མའི་ནང་ལ་ཐུག་པའི་འགྲོགས་ལ་འགྲོ།

  18. ཁྲི་གཡུང་དྲུང་། says:
    2013-04-09 at 2:40 am

    མཁས་དབང་ཨ་ཁུ་པད་མ་འབུམ་ལགས་ཀྱིས་མུ་མཐུད་ནས་གསུང་རྒྱུར་ཞེ་ཐག་ནས་རེ་འབོད་བཞིན་ཡོད། འདས་པོ་ཁོང་ལ་ཡང་མྱ་ངན་ཞུ་བཞིན་ཡོད།

  19. རེབ་ཐོག་མདའ says:
    2013-04-09 at 3:06 am

    རྒན་པདྨ་་འབུམ་ལགས་དང་འདས་པོ་ཁོང་ཚོ་མང་གོ་མྱོང་ཡོད་པ་ལས་མངོན་སུམ་དུ་ཞལ་མཇལ་སྐལ་བ་ནི་ལྡན་མ་སོང་། གཅིག་ནས་ཁ་ཐག་རིང་བའི་རྐྱེན་འམ་ཡང་གཞན་གཅིག་བདག་རྒྱ་གར་དུ་སླེབས་པའི་དུས་ཡུན་ཐུང་དྲགས་པས་དབང་གིས།
    གང་ལྟར་དེ་རིང་འདིར་རྒན་པདྨ་འབུམ་ལགས་གྱིས་འདས་པོ་ཁོང་གི་སྐོར་ཡག་པོ་གཅིག་བྲིས་འདུག་ཡིན་ཡང་རྒན་ལགས་ལ་དུས་ཚོད་སྟོང་པ་ཡོད་པ་ཡིན་ན། འདས་པོ་ཁོང་གི་སློབ་སྦྱོང་གི་རྒྱུ་རིམ་དང་བྱེས་སུ་འབྱོར་རྗེས་ཀྱིས་ལོ་རྒྱུས་རྒྱབ་ལྗོངས་ཅུང་ཙམ་ཡོད་ན་ཕན་ཐཽག་ཆེན་པོ་འདུག་བསམ་གི། རྒྱུ་མཚན་སྙན་ངག་པ་ཁོང་ལ་མཚོན་ན་ཡང་མི་ཚེ་གང་བོ་བོད་ཡིག་ལ་དུངས་ཞེན་དཀར་བོའི་ངང་ནས་རྩོམ་འབྲི་ལས་སུ་ཞུགས་དེ་བསྡད་ཡོད་པ་ཞིག་ཡིན་པ་འདྲ། དངོས་ཤེས་ལྡན་པ་ཞིག་གི་ལོ་རྒྱུས་ཆ་ཚང་ང་ཚོ་མི་རབས་རྗེས་མ་དག་གི་བལྟ་ཀློག་བྱེད་ཐུབ་ན་འདོད་སྙམ། དེར་བརྟེན་རྒན་པདྨ་འབུམ་ལགས་གཅིག་ནས་ཁོང་དང་ངོ་ཤེས་རྙིང་པ་འམ་རྒྱུས་ལོན་ཡོད་མཁན་ཀྱི་གང་ཟག་ཅིག་ཡིན་པས་ན་མུ་མཐུད་དམ་པ་ཁོང་གི་ལོ་རྒྱུས་མི་འགོད་ཡོད་དང་སྙིང་ཁོངས་རུས་པའི་སྟེངས་ནས་རེ་བ་ཞུ་གི་ཡོད

  20. ཆབ་བྲག་ཕོ་ཉ། says:
    2013-04-09 at 4:14 am

    མ་བརྡུངས་རྔ་སྒྲ་གླིང་འདིར་མེད།
    འདིར་འབྲི་མཁན་དག་གི་ནང་ན་རྒྱུས་ཡོད་མེད་གཉིས་ཀ་འདུག ཁོང་མཐོང་མ་མྱོང་ན་ཡང་ཁོང་གི་རྩོམ་ཡིག་དག་མཐོང་མྱོང་འདུག ཁོ་སུ་ཡིན་མ་ཤེས་ན་ཡང་ཁོས་ཅི་ཞིག་བཤད་པ་ཧ་གོ་འདུག་པ་མང་གི ང་དང་བླ་མ་སྐྱབས། ཐུབ་བསྟན་ང་ཚོ་ཁོང་དང་རྒྱུས་ཡོད་ཤོས་དེ་ཡིན། ཡིན་ཡང་ང་ཚོས་རྒྱུས་གཏམ་མང་པོ་གླེང་གིན་མེད། ངས་འདིར་མཛའ་གྲོགས་ཁོང་དང་ལོ་མང་མཇལ་མ་ཐུབ་པར་ཐ་མར་འདི་ལྟར་གྱེས་སོང་བར་ཁ་བརྡ་ཐོག་ལ་ཁོང་ཉིད་དྲན་གསོའི་ཀ་བཤད་ཅིག་བྲིས་པ་ཡིན། ངས་ཁོང་ཉིད་གཤིས་བཟང་ཕྱི་ཐག་རིང་བའི་མཛའ་གྲོགས་དམ་པ་ཞིག་ཡིན་པར་མ་ཟད་དགེ་རྒན་བཟང་པོ་ཞིག་དང་སྙན་ངག་པ་ཞིག་ལ་བརྩི་གིན་ཡོད། གཞན་ཁ་བརྡ་དྲ་བའི་ནང་དུ་ཡང་ཁོང་གིས་རྩོམ་རིག་དང་བརྡ་སྤྲོད། ལོ་རྒྱུས། ཆབ་སྲིད་སོགས་གང་ཐད་ནས་བསམ་ཚུལ་ལྷུག་བརྗོད་བྱས་པ་གྲངས་མང་ལ་ཚད་མཐོ་ཙམ་རེད། གལ་ཆེ་ཤོས་ཁོང་དང་བགྲོ་གླེང་བ་དང་ཁོང་གི་རྩོམ་ཡིག་ཀློག་མཁན་དང་ཁོང་གི་སློབ་བུ། ཡང་ན་ཁོང་གི་ལས་གྲོགས་དང་བཟང་ས་དག་གིས་འདིར་སྙིང་ཉེ་བའི་ངང་ནས་དྲན་གསོའི་རྩོམ་ཐུང་རེ་དང་སེམས་གཏམ་ཐར་ཐོར་རེ་བྲིས་པ་འདི་ཕྱོགས་གང་ནས་ཀྱང་འོས་པར་མཐོང།
    ལྷག་པར་དུ་ཡང་ང་ཚོས་རིན་ཐང་གང་འཚམ་ཡོད་པའི་ཤེས་ཡོན་པ་དག་འཚོ་བཞུགས་སྐབས་སུ་བཀོལ་སྤྱོད་གང་ལེགས་གཏོང་ཐབས་གལ་ཆེ་ཞིང། འདས་དུས་ཀྱང་རྗེས་རེ་ཡོད་ན་ལྟ་བ་དང་རིན་རེ་ཡོད་ན་གླེང་དགོས། ཤེས་ཡོན་པ་ཚོར་ཤེས་ཅན་དག་གིས་བཀུར་ཚུལ་ཞིག་ལོས་ཡོད། དེང་གི་དུས་རབས་ལ་མཚོན་ན་ཐབས་འདི་ཉིད་ཧ་ཅང་ལེགས་པར་མཐོང།
    མི་ཞིག་འདས་རྗེས་ངོ་ཤེས་མི་ཤེས་ནང་ན་བཟང་ཕྱོགས་ནས་གླེང་མཁན་ཅི་ཙམ་གྱིས་མང་ན་དེ་ཙམ་གྱིས་དེ་ལ་རིན་ཐང་ཞིག་ཡོད་པ་མཚོན་ཞིང། དེ་ཙམ་གྱིས་ཤུལ་ལུས་ཚང་མར་ཡང་མི་ཚེའི་རིན་ཐང་རེ་སྐྲུན་དགོས་པར་དྲན་སྐུལ་རེ་ཡང་བྱེད་ཀྱིན་ཡོད།
    ངའི་བསམ་ཚུལ་ལ་བོད་མི་ཚོ་ཅུང་དྲང་པོ་དང་གཞུང་བཟང་བའི་ཁྱད་ཆོས་གཅིག་ནི་ནམ་ཞིག་རང་སྐྱོན་ངོས་ཟིན་པའམ་དཀར་ནག་གི་དབྱེ་བ་བཀར་ཐུབ་རྗེས་འགྱོད་སེམས་དང་བཅས་འདས་པོ་དག་ལ་མྱ་ངན་དང་གདེང་འཇོག་གིས་ཁོང་ཉིད་སླར་ཡང་སྤྱི་ཚོགས་ནང་དུ་གསོན་བཞེངས་བྱེད་པ་འདིར་ཧ་ཅང་དགའ་བོ་ཡོད། འདི་ཡ་རབས་རེད། འུ་ཚོས་མུ་མཐུད་དུ་གླེང་རིན་ཡོད་པ་གཞན་དག་ཀྱང་གླེང་དགོས། གླེང་ཚུལ་འདི་ནི་རང་གི་རིག་གཞུང་ལ་དགའ་ཞེན་དང་མི་བཟང་དག་ལ་གུས་བརྩིའི་རྣམ་པ་གཞན་ཞིག་ཀྱང་ཡིན།
    བོད་ཀྱི་སྐད་ཡིག་དང་རིག་གཞུང་གལ་ཆེ་ན་སུ་ཞིག་ལ་དེ་དག་འཛོམས་པ་དང་སུ་ཞིག་གིས་དེ་འཛིན་སྐྱོང་སྤེལ་གསུམ་ལ་བྱས་པ་ཕྲ་མོ་རེ་འཇོག་ཐུབ་ན་དེ་དག་ཀྱང་གལ་ཆེན་ཡིན། གལ་ཏེ་སྐྱེས་བུ་འདི་རིགས་ཟུར་དུ་བཞག་ནས་རིག་གཞུང་གལ་ཆེ་ཚུལ་ཞིག་གླེང་ན་དེ་ནི་རིག་གཞུང་ཤི་བོ་ཞིག་གོ
    རང་བཞིན་གཤིས་ཀྱི་སྨྱུག་མདའ་འཕུར་ཤེས་མར། ཡིན་མིན་གཏམ་གྱི་སྒྲོ་གཤོག་འདོགས་དགོས་མེད།
    སུ་དག་གླེང་བར་འོས་པ་དེ་དག་ཀུན། །གཟུ་བོར་གནས་དག་བཟི་གཏམ་གླེང་ཡང་འཐད།

  21. སྙན་བཟང་གཡུང་དྲུང་ཚེ་རིང says:
    2013-04-09 at 11:48 am

    ལས་འབྲེལ་དང་རྟེན་འབྲེལ་གྱི་རྣམ་གཞག་ནི་སྒུལ་དུ་མེད་པ་ཡིན་པ་དང་། ལར་ནས་ཚེ་ནི་ཡུན་ཐུང་བ། དེ་ཡང་ནམ་འཆིར་ངེས་པ་མེད་པའི་ཚུལ་རྣམས་ང་ཚོའི་སེམས་ན་གསལ་པོར་ཡོད་ནའང་། མཁྱེན་ཡངས་སྐུ་ཞབས་དམ་པ་མདའ་ཚན་པ་མགོན་པོ་ཚེ་རིང་གི་སྐུ་ཚེ་མ་ཟིན་པའི་གཏམ་ཐོས་དུས། ཁོ་བོའི་སེམས་ཤིན་ཏུ་མ་སྐྱིད་པ་ཞིག་བྱུང་། ཁ་སང་དེ་རིང་ཁོ་བོར་ལས་བྲེལ་ཞིག་གིས་བཙུར་བསྡད་ཡོད་མེད་ལ་མ་ལྟོས་པར། དམ་པ་གང་གི་རྩོམ་ཡིག་ཁག་ལས་འཕྲོས་ཏེ་རྗེས་དྲན་རྩོམ་ཡིག་ཐུང་ཐུང་ཞིག་འབྲི་འགོ་བརྩམས་ནས་བྲིས་ཀྱིན་བྲིས་ཀྱིན་དུས་ཚོད་ཁ་ཤས་ཤིག་གི་རིང་ཚར་མི་ཐུབ་པའི་སྣང་བ་སྐྱེས་བྱུང་། གང་ལྟར་སྐུ་ཞབས་དམ་པ་ཁོང་གི་མཁྱེན་ཡོན་དང། སྙུག་རྩེ། མི་གཤིས་དང་ལྷག་བསམ་སོགས་ཀྱང་ང་ཚོའི་སེམས་ན་གསལ་པོ་ཡོད། ཁོང་སྐུ་གཤེགས་མ་ཐག ཁ་བརྡ་དྲ་བར་མི་མང་པོ་ཞིག་གིས་གདུང་སེམས་མཉམ་སྐྱེད་མཚོན་བྱེད་དུ་རྩོམ་ཡིག་དང་མཆན་བུ་མང་པོ་ཞིག་བཏབ་དང་འདེབས་བཞིན་ཡོད་པ་འདི་ནི་ཁོང་གི་གཟི་བརྗིད་རེད་ལ། ང་ཚོའི་སྐྱེལ་མ་ཅིའི་ཕྱིར་མིན། གལ་སྲིད་ཁོང་སྐུ་གཤེགས་མེད་ཚེ། ཁོ་བོས་དམ་པ་ཁོང་ལ་བདུན་ཕྲག་འདིའི་ནང་དུ་འབྲེལ་བ་ཞིག་བྱེད་དགོས་སྙམ་ནས་བསྡད་ཡོད། དོན་དག་ཆེན་པོ་མེད། ཁོ་བོས་ཧྥ་རན་སིའི་སྒྲུང་རྩོམ་ཞིག་བསྒྱུར་ཡོད། མི་འགྱངས་པར་དེབ་དེ་དཔར་དུ་འདེབས་རྩིས་ཡོད་ནའང་། བསྒྱུར་རྩོམ་དེའི་སྐད་ཡིག་ཨ་མར་གཟིགས་ནས་ཞུ་དག་རོགས་རམ་གནང་མཁན་སྐུ་ཞབས་མགོན་པོ་མ་གཏོགས་མེད་པའི་ཚོར་སྣང་སྐྱེས། ད་ནི་མ་བྱུང་བ་རེད། མཐར་དམ་པ་ཁོང་གི་བཟའ་ཟླ་དང་ཕྲུ་གུ་གཉིས་གཙོས་པའི་ཤ་ཉེ་རིང་ཚང་མར་གདུང་སེམས་མཉམ་སྐྱེད་ཞུ་བཞིན་ཡོད། སྙན་བཟང་གིས་བཅས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme