Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲན་གསོའི་རྡོ་རིང་། ཆེས་སྐལ་བཟང་གི་ཉིན་མོ་རྩ་ཆེན།

Posted on 2022-11-15 By ཁ་བརྡ 1 Comment on དྲན་གསོའི་རྡོ་རིང་། ཆེས་སྐལ་བཟང་གི་ཉིན་མོ་རྩ་ཆེན།

རིགས་སློབ་ཁམས་བཟང་།

སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༡༡ ཚེས་ ༨ དང་། བོད་ཟླ་དགུ་པའི་ཚེས་བཅོ་ལྔའི་ཉིན་མོ་འདི་ནི། ཚེས་བཟང་དུས་བཟང་གི་ཉིན་མོ་ཞིག་ཡིན་པ་མ་ཟད། རང་ཅག་སློབ་གྲོགས་རྣམས་ལ་མཚོན་ན་དེ་བས་ཀྱང་ཆེས་སྐལ་བ་བཟང་པོའི་དུས་ཚིགས་རྩ་བ་ཆེན་པོ་ཞིག་ཅི་ལ་མིན། མཁའ་རླུང་གཙང་ཞིང་གཟི་བྱིན་འཕྲོ་བའི་བཞུགས་སྒར་གྱི་ཞོགས་པའི་རི་གྲོང་ཁྱོན་ཏུ། དབང་ཕྱོགས་ཤར་རིའི་རྩེ་ནས་དལ་གྱིས་བྱོན་པའི་ཉི་གཞོན་གྱི་ཟེར་བརྒྱས་བྱིལ་བྱིལ་བྱས་པས་ཁོར་ཡུག་ཐམས་ཅད་སྔར་ལས་མཛེས་ཤིང་བལྟ་ན་སྡུག་པར་གྱུར་པའི་ངང་ཚུལ་ནི་ཁོ་བོ་ཅག་གིས་ཕྲག་པར་དཔྱངས་པའི་ངུར་སྨྲིག་གི་ཆོས་གོས་དག་ལ་འགྲན་སློང་བ་དང་གཉིས་སུ་མ་མཆིས།

ཞོགས་པའི་ཆུ་ཚོད་བདུན་པའི་ཐོག་འཆད་རྩོད་ཀྱི་དུང་སྒྲ་ཆད་མ་མྱོང་ཞིང་ལྷག་པར་དུ་༸གོང་ས་༸སྐྱབས་མགོན་ཆེན་པོས་དུས་ནས་དུས་སུ་མདོ་སྔགས་ཀྱི་བཀའ་ཆོས་ཟབ་མོའི་བཀའ་དྲིན་གྱིས་གཟི་བྱིན་ལེགས་པར་བཏབ་པའི་གནས་ཁྱད་པར་ཅན་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་གསུང་ཆོས་རྭ་བའི་ནང་ངེད་ཅག་ལས་བསོད་བཟང་པོས་གཅིག་ཏུ་འདུས་ཤིང་། སྐྱིད་སྡུག་གི་ལོ་ཟླ་མཉམ་དུ་བགྲོད་པའི་དམ་མཐུན་ཆོས་གྲོགས་རྣམས་རིམ་བཞིན་འཛོམས། ཆོས་གྲོགས་ཡོངས་ཀྱི་སྡུག་པའི་བཞིན་ལ་འཛུམ་པའི་མདངས་ཕྱུར་བ་དང་གཅིག་མཚུངས་སུ་ཡུན་རིང་བྲལ་བའི་མ་བུ་ལྷན་འཛོམས་ཀྱི་སྐལ་བཟང་མངོན་དུ་ཕྱོགས་པ་ལྟ་བུའི་འཚབ་འཚུབ་དང་། དགའ་སྤྲོའི་རྣམ་འགྱུར་ཕན་ཚུན་འགྲན་པ་ལྟར་སྟོན་བཞིན་མཆིས། རབ་བྱུང་ཕོ་མོ་རྣམས་ལ་དར་གོས་རིན་ཆེན་གྱི་གཟབ་འཆོར་སྤྲོས་རྒྱུ་ཅང་མ་མཆིས་ཀྱང་ཚང་མའི་ལུས་ལ་གཙང་ཞིང་དག་པའི་ཆོས་གོས་རྣམ་གསུམ་གྱིས་ལེགས་པར་བསྣབས་པས་སྐལ་ལྡན་དང་བ་འདྲེན་པའི་མིག་རྒྱན་དུ་གྱུར་པ་ནི་སོམ་ཉི་ཅི་ལ་དགོས། བསོད་ནམས་ཀྱི་ཁུར་ཤིན་ཏུ་ལྕི་བའི་ཆོས་གྲོགས་སྐྱ་བོ་འགའ་རེ་ཡོད་པ་དག་ཀྱང་གཡུ་བྱུར་སྤྲོས་པའི་རྒྱན་ཆས་དོར་ཀྱང་བོད་ཆས་གཙང་མའི་ལུགས་ཀྱིས་མཛེས་པ་ནི་ཅི་འདྲའི་ཉམས་དོད་ཅིང་མཐོང་སྣང་ཤིན་ཏུ་སྤམ་པ་ལགས། ལོ་གསར་མིན་ཡང་ལོ་གསར་གྱི་དགའ་སྟོན་ལ་རོལ་བའི་ལོ་ཆུང་བྱིས་པའི་ངང་ཚུལ་ལྟར་གྱི་ངེད་ཅག་གིས་བྱེད་བབས་འདི་འདྲ་འཆང་དོན་ཅི་ཡིན་ནམ་ཞེ་ན། བཀའ་དྲིན་གྱི་ཕུང་པོ་ཆེས་ཤིན་ཏུ་ལྕི་བའི་མ་ཡུམ་རིགས་ལམ་སློབ་གཉེར་ཁང་གི་ཡིག་ཚང་ནས་ཇི་ལྟར་གསོལ་བ་བཏབ་པའི་རེ་འབྲས་སྐལ་བཟང་གི་གོ་སྐལ་དུ་སོན་པ་ནི། ཇི་སྲིད་བྱང་ཆུབ་ཀྱི་གོ་འཕང་མ་རེག་བར་དུ་བཀའ་དྲིན་གྱི་ཆ་ཙམ་གསབ་ཏུ་བྲལ་བ་རང་ཅག་རྣམས་ཀྱི་༧བཀའ་དྲིན་གསུམ་ལྡན་གྱི་རྩ་བའི་བླ་མ་རིན་པོ་ཆེའི་སློབ་ཐོན་མཇལ་ཁའི་སྐལ་བཟང་གི་གོ་སྐལ་ཐོབ་ལ་ཉེ་བ་དེའི་དབང་གིས་ཡིན།

ཆོས་རྭའི་ནང་ཆུ་ཚོད་ཕྱེད་ཀ་ཙམ་གྱི་རྗེས་ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀ་ཡོལ་ཙམ་གྱི་ཐོག་ཕོ་བྲང་གི་ལས་བྱེད་མི་སྣས་ང་ཚོ་འབོད་དེ་ཕོ་བྲང་ནང་འཛུལ་རྒྱུའི་སྟ་གོན་བྱེད་པར་མངགས། བཀའ་དྲིན་གྱི་བདག་ཉིད་དགེ་བའི་བཤེས་གཉེན་རྣམ་པ་སྔོན་དུ་ཕེབས་ཤིང་རིམ་པར་ངེད་ཅག་སློབ་མ་རྣམས་འཛིན་གྲྭ་གོང་འོག་གི་བང་རིམ་ལྟར་རུ་སྟར་ལེགས་པར་བསྒྲིགས་ཏེ་ཕོ་བྲང་གི་ཕེབས་སྒོའི་ནང་རིམ་བཞིན་ཞུགས། ཕོ་བྲང་གི་སྐུ་སྲུང་ཞབས་ཞུ་བ་ཚོས་ཞིབ་ཚགས་དོ་ནན་གྱིས་ལུས་བཤེར་དང་། བྱིན་རློབས་དང་རབ་གནས་ཞུ་ཆེད་འཁྱེར་ཡོང་བའི་སྐུ་གསུང་ཐུགས་རྟེན་སོགས་ཀྱི་དངོས་རྫས་ཡོངས་ལ་ཞིབ་བཤེར་ལེགས་པར་གྲུབ་པའི་ལུས་ངག་གི་རྣམ་འགྱུར་ལེགས་ཤིང་། ཞིབ་ཚགས་དོ་ནན་གྱིས་ལས་དོན་ལྷག་བསམ་དག་པ་ནི་༧རྒྱལ་བའི་སྐུ་ཕྱྭའི་སྲུང་སྐྱོབ་ཐད་ལྷོད་གཡེང་མེད་པར་འགན་ཁུར་ཆེར་བཞེས་གནང་བའི་ཚུལ་དེས་ཁོ་བོར་ཡི་རངས་སྤྲོ་བ་འཕེལ་བའི་སྐྱེས་སུ་ཐོབ་པ་ཡང་ཆུང་དུས་བོད་ནང་མཐོང་ཐོས་མྱོང་བའི་དམག་མིའི་སྤྱོད་ཚུལ་ལས་ཡོངས་སུ་ཐ་དད་པས་དམག་མི་ཡིན་ན་དྲག་པོའི་སྤྱོད་ཚུལ་ཅན་ཞིག་ཡིན་མི་དགོས་པར་འདུག་སྙམ་པ་བྱུང་།

ལུས་བཤེར་གྲུབ་རྗེས་ཐོག་བརྩེགས་ཉིས་ཐོག་སྟེང་ཡོད་པའི་ཕོ་བྲང་གི་མཇལ་ཞུ་ཁང་དུ་གོ་རིམ་མ་འཆོལ་བར་གྲལ་ལ་འཁོད། མཇལ་ཕྲད་ཁང་དེའི་བཀོད་པ་གཙང་ཞིང་མདུན་ངོས་སྟོན་པ་སངས་རྒྱས་ཀྱི་མཛད་པ་སྟོན་པའི་སྐུ་ཐང་སྟར་ལ་སྒྲིག་ཅིང་། གཤམ་གྱི་སྤྲོས་པ་བྲལ་བའི་ཤིང་མདོག་གི་ཆ་སྒམ་སྟེང་དབུས་སུ་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་ལོ་དྲུག་དཀའ་སྤྱད་ཀྱིས་སྐུ་ལུས་རིད་པར་གྱུར་པའི་མཛད་པ་སྟོན་པ་ཞིག་དང་། གཡས་གཡོན་དུ་གསེར་ཟངས་ཀྱི་འཁོར་ལོ་དང། མཎྜལ་སོགས་ཀྱི་མཆོད་རྫས་བཤམས་པའི་བཀོད་པས་མཛེས་པར་བྱས། དེ་དག་གི་མདུན་དུ་སྟོན་པའི་སྐུ་བརྙན་ཁྲུ་གང་མ་བརྒྱ་ཚར་ཙམ་མཚར་དུ་དངར་བར་བཞུགས་སུ་གསོལ་བ་དང་ཆ་སྒམ་དང་ཅུང་ཉེ་བའི་སྟེག་བུ་ལྗང་ཁུ་ཧ་ཅང་ཆེན་པོ་མ་ཡིན་པ་ཞིག་གི་སྟེང་དུ་༧རྒྱལ་དབང་བཞུགས་སུ་གསོལ་སའི་ཆེས་སྤྱིར་བཏང་གི་ཞབས་བཀྱག་ས་མདོག་ཅན་སྐོར་བ་རྒྱག་རྒྱུ་ཡོད་པ་ཞིག་དང་། དེའི་མདུན་དུ་བརྐོས་དཀྲོལ་ཕྲན་བུ་བཏབ་པའི་ཁྱི་སུག་སུ་འབོད་པའི་རྒྱ་ལྕོག་སྟེང་ཁེབས་ཀྱིས་བརྒྱན་པ་ཞིག་བསྒྲིགས། གཡས་གཡོན་དང་རྒྱབ་ངོས་ཀྱི་གྱང་སྟེང་དུ་འཕགས་ཡུལ་པཎ་གྲུབ་བཅུ་བདུན་གྱི་བྲིས་ཐང་ཡིད་དུ་འོང་བ་འགའ་དཔྱང་ནས་ཡོད་པ་དེ་དག་གིས་ནི་ཁྱེད་ཚོས་སློབ་གཉེར་བྱེད་པའི་གཞུང་དེ་དག་ཁོ་བོ་ཅག་གིས་བརྩམས་པ་ཡིན་ཞེས་དྲན་སྐུལ་མཛད་པ་ལྟ་བུའི་ཆོ་གར་བཞུགས་པ་ལྟར་སྣང་།

ཆུ་ཚོད་བདུན་དང་སྐར་མ་བཞི་བཅུ་ཡས་མས་ཤིག་ལ་དགེ་སློབ་མ་ལུས་པ་མཇལ་ཞུ་ཁང་དུ་བཞུགས་གྲལ་ལ་འཁོད་ཟིན། དེ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཕྱག་ཚོད་བརྒྱད་དང་ཕྱེད་ཀ་ཡོལ་ཙམ་བར་ཆིབས་བསྒྱུར་མ་གནང་རིང་མཇལ་ཕྲད་ཁང་ནང་ཁུ་སིམ་མེར་རེ་བའི་མིག་ཟུང་ཕེབས་སྒོར་ཅེར་སྟེ་ཅི་ཡང་མི་སྨྲ་བའི་བརྟུལ་ཞུགས་ལ་གནས་པས་གྱང་ངོས་སུ་བཀལ་བའི་ཆུ་ཚོད་ཀྱི་ཚགས་སྒྲ་ནི་རྣ་དབང་གཅིག་པུའི་ཡུལ་དུ་ཆགས།

ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཡོལ་ཙམ་ཐོག་སྐུ་ངོ་འཆི་མེད་ལགས་ཀྱི་གཅུང་པོ་ཕེབས་ཏེ་ཚང་མ་ཡར་བཞེངས་ཅེས་གསུངས། དེ་མ་ཐག་དགེ་སློབ་ཚང་མ་ཡར་བཞེངས་ཤིང་ལག་ཟུང་ཐལ་མོ་སྦྱར་བའི་དབུས་སུ་རབ་དཀར་ལྷ་རེག་བཏེགས་ཏེ་ཕེབས་སྒོ་ནས་༧རྒྱལ་དབང་མཆོག་ལ་གུས་ཕྱག་གིས་ཕེབས་བསུ་ཞུས། ༧རྒྱལ་དབང་མཆོག་ངུར་སྨྲིག་གི་ཆོས་གོས་སྐུ་ལ་མཛེས་ཤིང་། གཟི་འོད་འཕྲོ་བའི་ཞལ་མཛུམ་མདངས་དང་བཅས་ཏེ། མཆོག་ཟུང་ལྟ་བུའི་ཉེ་གནས་ཟུང་གིས་ཕྱག་ཟུང་ནས་སྐྱོར་ཏེ་དལ་བུར་ཕེབས་པའི་ངང་ཚུལ་སྐུ་མཆོག་ལྟ་བས་ཆོག་མི་ཤེས་པ་མཇལ་མ་ཐག་ལ་ལའི་འདྲེན་བྱེད་ལས་དགའ་བའི་མཆི་མས་འཁུར་ཚོས་བརླན་ཞིང་། ལ་ལའི་ངོ་གདོང་ལས་འཛུམ་པའི་སོ་ཕྲེང་སྟོན་པ་དང་། ཡང་ལ་ལས་མགོ་བོ་དུད་ཅིང་ངག་ནས་ཤབ་ཤུབ་ཀྱི་སྨོན་ལམ་འདེབས། ལ་ལས་ལུས་ཀྱི་གནས་གསུམ་ལ་ཐལ་སྦྱར་གྱིས་ཡང་ཡང་རེག་པ་སོགས་ལུས་ངག་གྱི་རྣམ་འགྱུར་མཐའ་ཀླས་པའི་དད་གུས་མཚོན་པ་ནི་ནིའུ་སེང་ལྗོན་པའི་གསེབ་ཏུ་འདབ་ཆགས་སྣ་ཚོགས་དགའ་སྤྲོའི་སྤུ་ལོང་གཡོ་བ་དང་མཚུངས། ཁོ་བོར་མཚོན་ན་དེ་ནི་རྨི་ལམ་ལྟ་བུའི་སྣང་བ་འཆར་ཞིང་། བོད་དུ་བཞུགས་པའི་དྲིན་ཆེན་མ་ཡུམ་གྱིས་མཚོན་པའི་གཞིས་ལུས་ས་ཡ་མང་པོར་དེ་ལྟ་བུའི་སྐལ་བཟང་ཞིག་ནམ་ཡོང་ངམ་སྙམ་པའི་རེ་སྨོན་དང་། རང་ཉིད་ལ་དེ་ལྟ་བུའི་བསོད་ནམས་ཀྱི་བགོ་སྐལ་ཐོབ་པའི་དགའ་སྐྱོ་འདྲེས་མའི་ཚོར་བ་ཞིག་གིས་ཡིད་འགུལ་བར་བྱས་ཤིང་། དེ་ལྟ་བུའི་ཚོར་སྣང་ནི་བོད་འབྱོར་ཆོས་གྲོགས་གཞན་འགའ་ལ་ཡང་བྱུང་བ་རྗེས་སུ་ཤེས།

དེ་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཞབས་སྟེགས་སྟེང་བཞུགས་པ་དང་། བཀྲ་ཤིས་བདེ་ལེགས་ཀྱི་ཁམས་བདེའི་འཚམས་འདྲི་སྩལ། དེ་རྗེས་རང་རེའི་དབུ་འཛིན་མཆོག་ནས་ཕུལ་བའི་གསོལ་ཅོག་སྟེང་གི་མཇལ་བཅར་བའི་སྡེ་ཚན་གཞིར་བཟུང་བཀའ་རྩད་ཕེབས་ཤིང་། རིགས་ལམ་གྱི་ཐོག་ནས་བོད་ཀྱི་སངས་རྒྱས་པའི་ཆོས་རིག་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་ལམ་སྲོལ་ལ་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་བར་མཛད་ཅིང་། ༧མགོན་པོ་གང་ཉིད་ཀྱིས་ཀྱང་དེ་ལྟར་བསླབ་པ་སློབ་གཉེར་མཛད་ཚུལ་སོགས། མདོར་ན་གང་གིས་རིགས་ལམ་སློབ་གཉེར་ཁང་ཞེས་པའི་མཚན་གསོལ་སྩོལ་གནང་མཛད་པ་ལྟར་མཚན་དོན་འགྲེལ་བརྗོད་ལྟ་བུར་སྣང་ཞིང་། དེ་རྗེས་བོད་ཀྱི་ནང་དེ་སྔ་ཆོས་བརྒྱུད་ཀྱི་ཐོག་ནས་འཐེན་འཁྱེར་ཕྲན་བུ་བྱུང་བ་དེ་དག་ནི་རིས་མེད་གཞུང་ལ་སློབ་གཉེར་མ་བྱས་པའི་ལན་པ་ལ་ཐུག་ཅིང་། ཡང་དག་པར་སློབ་གཉེར་བྱས་ཚེ་ལྟར་མི་ཡོང་བ་དང་། ༧མགོན་པོ་གཏེར་ཆེན་གང་ཉིད་ཀྱིས་རིས་སུ་མ་མཆིས་པའི་ཆོས་བརྒྱུད་ཁག་ལ་གསན་བསམ་ཉམས་བཞེས་ཇི་ལྟར་མཛད་ཚུལ་གྱི་བཀའ་གནང་བ་ཡང་། རང་རེའི་སློབ་གཉེར་ཁང་གིས་༧རྒྱལ་བའི་དགོངས་པ་ལྟར་རིས་མེད་ཀྱི་ལྟ་གྲུབ་ལ་འཆར་གཞི་ལྡན་པའི་ཐོག་ནས་འཆད་ཁྲིད་སློབ་གཉེར་བྱེད་པར་ལེགས་སོའི་དབུགས་དབྱུང་གནང་བར་ངེས། དེ་བཞིན་མ་འོངས་པར་ཚན་རིག་ཐོག་དོ་སྣང་དགོས་སྐོར་གྱི་ལམ་སྟོན་སྩལ་བ་སོགས། ཆུ་ཚོད་ཕྱེད་ཀ་ཙམ་གྱི་རིང་རིན་བྲལ་བཀའ་སློབ་བཀའ་དྲིན་བུམ་པ་གང་བྱོའི་ཚུལ་དུ་སྩལ་གནང་མཛད།

བཀའ་སློབ་གྲུབ་མ་ཐག་འཛིན་གྲྭ་སོ་སོའི་སློབ་གཉེར་བ་སྡེ་ཚན་ཁག་བགོས་ཀྱི་སྐུ་པར་ལྷན་སྒྲོན་སྐལ་བཟང་གནང་ཞིང་། ༧མགོན་པོ་མཆོག་གི་ཞབས་རྡུལ་དྲི་མ་མེད་པ་ལ་མགོ་བོས་བཏུད་ཅིང་རེག་པ་དང་། འཇམ་གཉན་ཕྱག་གི་འཁོར་ལོའི་ཅོད་པཎ་ཁོ་བོའི་ལག་ཟུང་གི་སྙིམ་པར་འཇོག་གནང་མཛད་པ་ནི་ལུས་སེམས་ལ་དགའ་བདེའི་སྤྲོ་སྣང་འབྱིན་པར་མཛད།

དེ་རྗེས་སྐུ་འཁོར་འགས་རིམ་བཞིན་ལྗགས་མདུད་དང་། སྟོན་པ་ཐུབ་པའི་དབང་པོའི་སྐུ་པར་མཐོང་གྲོལ་རིན་པོ་ཆེ། བྱིན་རྟེན་བདུད་རྩི་མཆོག་སྨན་བཅས་གསོལ་རས་གནང་བ་བཅས་ག་ལེར་མཇལ་ཞུ་ཁང་གི་ཕྱི་རོལ་དུ་ཐོན། ཕོ་བྲང་གི་སྒོ་ཆེན་འགྲམ་དང་། གཙུག་ལག་ཁང་གི་སྒོ་འཕྱོར་འོག་དགེ་སློབ་མཉམ་འཛོམས་ཀྱིས་ཀུན་དགའི་བཞིན་ལ་འཛུམ་པའི་འདབ་མ་གྲོལ་བའི་དྲན་རྟེན་སྐུ་དཔར་ལྷན་སྒྲོན་གྱིས་མཇུག་བསྡུས་སྟེ་སྐལ་བཟང་གི་དྲན་གསོའི་རྡོ་རིང་སྟེ། ཆེས་སྐལ་བཟང་གི་ཉིན་མོ་རྩ་ཆེན། ཁོ་བོའི་ལོ་རྒྱུས་ཀྱི་ཟིན་ཐོར་བཀོད་དོ།། །།

ལྷུག་རྩོམ།

Post navigation

Previous Post: བོད་རྒྱའི་དཀའ་རྙོགས་དེ་གཉིས་སྨན་དབུ་མའི་ལམ་བརྒྱུད་ནས་སེལ་དགོས་པ་དེ་གལ་ཆེན་པོ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་།
Next Post: བཀའ་དྲིན་རྗེས་དྲན་སྙིང་ནས་ཞུ།

Comments (1) on “དྲན་གསོའི་རྡོ་རིང་། ཆེས་སྐལ་བཟང་གི་ཉིན་མོ་རྩ་ཆེན།”

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    2022-12-12 at 3:16 am

    དད་དམ་གཙང་མའི་ལས་སྨོན་རྟེན་འབྲེལ་ཟབ་པ་ནས་འཇིག་རྟེན་མགོན་པོའི་ཞལ་མཇལ་གསུང་ཐོས་སྐལ་བཟང་སྟོང་གི་འབྲས་བཟང་སྨིན་པའི་བྱུང་བ་བརྗོད་པའི་དྲན་གསོའི་རྡོ་རིང་ཆ་ཚང་ཀློག་སྐབས་མགོན་པོ་གང་ཉིད་རང་དང་མཇལ་བའི་དད་པའི་ཚོར་བ་བརྒྱུད་ནས་མཆན་འདི་བཀོད་པ་བདེ་ལེགས་སུ་རྒྱུར་ཅིག་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (61)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme