Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲང་སྲོང་ཞིག་སླར་ཡང་དྲན་པ།

Posted on 2016-10-182016-10-18 By ཁ་བརྡ་ 9 Comments on དྲང་སྲོང་ཞིག་སླར་ཡང་དྲན་པ།

ཨ་འདུས་སྐལ་བཟང་རྒྱ་མཚོ།
 

མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་ལ་རྒྱུས་ལོན་བྱས་པའི་བརྒྱུད་རིམ།

དང་པོ། ཕ་ཡུལ་གྱི་ནི་ཟོག་བླ་མ།

དེ་རིང་ཁོ་བོའི་མིག་གིས་འཚོ་ས་དང་། སེམས་ཀྱིས་རྟེན་སར་གྱུར་པའི་ཆོས་གྲོགས་རྙིང་པ་ཞིག་གི་འཕྲིན་སྟེགས་ནས་ལོ་རྒྱུས་རང་བཞིན་ལྡན་པའི་སྐུ་བརྙན་འདི་མཐོང་བས། ཡུན་རིང་བསམ་གཞིགས་ཀྱི་ཀློང་དུ་འབྱམས་དགོས་བྱུང་། ཆོས་ལུགས་རིས་མེད་ཀྱི་བསྟན་པར་དག་སྣང་ཙམ་མིན་པར་གསན་སྦྱོང་གི་ལམ་ནས་མྱོང་བ་ཐོན་པའི་སྐྱེས་མཆོག་ཅིག་སྟེ། ༧མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་བླ་ན་མེད་པའི་མཛད་རྗེས་ལ་ཕྱིར་དྲན་ཐུང་ངུ་ཞིག་བྱེད་པར་འདོད་དོ། གུས་པ་ཆུང་དུས་རྔ་བ་ཀིརྟི་དགོན་པའི་སློབ་ཆུང་དུ་སློབ་གྲྭར་འགྲོ་སྐབས་ཉིན་ཞིག་ང་ཚོའི་གྲྭ་ཤག་གི་སྒོ་ཐེམ་གྱི་ཤེལ་ངོགས་ནས་ཚོན་ལྡན་སྐུ་པར་ཞིག་མཇལ་བྱུང་། དེ་ནི་༧གོང་ས་མཆོག་དང་། སྟོད་གོས་དམར་སེར་འཕུར་ལོ་ཞིག་གྱོན་པའི་བླ་རྒན་སྐུ་ཤ་རྒྱག་པ་ཞིག་མཉམ་སྒྲོན་བྱས་པ་ཞིག་རེད། སྐབས་དེར་ངས་པར་རིས་དེར་འགྲེལ་བཤད་ཅི་ཡང་མ་ཤེས། འོན་ཀྱང་། ཉིན་ཞིག་ང་ཚོའི་ནང་གི་སློབ་གྲོགས་རྒན་པ་ཞིག་གིས་པར་དེ་ཚུར་བླངས་ནས། ནི་ཟོག་མཁན་པོ་འདི་ཧམ་པ་ཚ་ཐག་ཆོད་པ་རེད། ༧རྒྱལ་བ་རིན་པོ་ཆེའི་མདུན་ནས་ཀྱང་བླ་ཆེན་གྱི་ཉམས་སྟོན་གྱི་འདུག་ཅེས། བླ་རྒན་དེའི་པར་ལྟེབ་གྲི་ཞིག་གིས་ཏེ་ས་ལ་གཡུགས་སོང་། དེ་སྐབས་པར་རིས་དེ་ངས་ཡུན་རིང་ཉལ་ཚགས་བྱས་པ་ཡིན། པར་རིས་ངོས་ཀྱི་བླ་རྒན་དེའི་ཕྱག་ཏུ་ཁྱུ་ཕྲུག་སྐྱ་ཐོ་སྙིང་རྗེ་བོ་ཞིག་བཟུང་འདུག་པར་བལྟས་ན། ཁོང་ནི་སེམས་ཅན་ཚོར་བྱམས་སྐྱོང་བྱེད་མཁན་ཞིག་ལོས་ཡིན་སྙམ་པའི་ཚོར་སྣང་བྱུང་།

ང་ཚོའི་གྲོང་པར་མཚོན་ན། ཞི་ལུ་ཚོ་དགོན་པར་སྐྱེལ་བ་ནང་བཞིན་བུ་མོ་ཚོའི་ཁྲོད་ནས་བཙུན་མར་གཏོང་མཁན་དང་། འབྲོ་མཁན་ཧ་ཅང་ཉུང་ངུ་ལས་མེད། འགའ་རེ་ཡོད་པ་དེ་དག་ཀྱང་རྔ་ཡུལ་གྱི་བཙུན་དགོན་ཚོའི་ནང་དུ་མི་འགྲོ་བར་ཐག་རིང་ཞིག་ན་ཡོད་པའི་ནི་ཟོག་ཅེས་པའི་དགོན་པ་དེར་འགྲོ་གི་ཡོད། སྐབས་དེར་ང་ལ་མཚོན་ན། ནི་ཟོག་ཅེས་པ་དེ་དེང་སང་སྐར་མའི་གོ་ལ་ཞེས་བརྗོད་པ་ཇི་བཞིན་ཐ་སྙད་ཙམ་ལས་དོན་དངོས་ཐོག་དེའི་གནས་ཚུལ་གསལ་པོ་ཞིག་ཤེས་ཀྱི་མེད། འོན་ཀྱང་། དེ་སྔོན་སློབ་གྲོགས་རྒན་པ་དེས་ནི་ཟོག་མཁན་པོ་ཞེས་བརྗོད་དུས། ངའི་ཕ་ཡུལ་གྱི་ཇོ་མོ་དག་སློབ་གཉེར་དུ་འགྲོ་ས་དེར་བླ་རྒན་འདི་ཡང་ཡོད་པ་འདྲ་སྙམ་པ་བྱུང་། དེ་ལྟར་ངས་ཡུན་རིང་ཞིག་ལ་ཕྱེད་ཀ་ལས་མེད་པའི་པར་རིས་དེ་རང་གི་སློབ་དེབ་ནང་ཉལ་ཚགས་བྱས་པ་ཡིན། མ་གཞི་ནས་ངས་དེ་ལྟར་བྱེད་དོན་ནི། ང་བླ་རྒན་དེར་དགའ་བས་མ་ཡིན་ལ། ངས་ཁོའི་གནས་ཚུལ་འཚོལ་འདོད་པས་ཀྱང་གཏན་ནས་མ་རེད།

རྒྱུ་མཚན་ནི། པར་རིས་དེ་ཕྱེད་གཏུབས་བྱེད་མཁན་དེའི་བྱེད་སྟངས་ལ་རྒོལ་འདོད་པ་ཙམ་རེད། ཉིན་ཞིག་ངས་པར་རིས་དེ་སློབ་གྲོགས་གཞན་ཞིག་ལ་བསྟན་པ་ཡིན། ཁོས་པར་རིས་དེ་རིག་མ་ཐག ཨོ་ཆོས་བཟང་སྒྲོན་མའི་པར་འདི་གང་ནས་རག་སོང་། ཞེས་ང་ལ་དྲིས་བྱུང་། དྲི་བ་དེས་ང་ཧོན་འཐོར་བཅུགས་སོང་། ངས་འདི་ཇོ་མོ་རེད་དམ་ཅེས་དྲིས་པས། ཁོ་དགོད་ཀྱིན། མ་རེད་ཟེར། དེས་ན་མིང་དེ་ལྟར་འབོད་དོན་ཅི་རེད་ཅེས་དྲིས་པས། ཁོང་རྔ་བར་ཕེབས་དུས་ཕེབས་གྲུའི་ནང་ནས་བདུད་བྷེས་བཏང་བའི་ཆོས་བཟང་སྒྲོན་མའི་གླུ་སྒྲ་ཕྱིར་གཏོང་བཞིན་ཡོང་བས་གྲྭ་བ་དང་། མང་ཚོགས་རེ་འགས་མིང་འདོགས་དེ་ལྟར་བཏགས་པ་རེད་ཟེར། མ་ཟད་དེ་སྐབས་མང་ཚོགས་ལ་རེ་རེ་ནས་མཇལ་ཁ་མ་གནང་བར་ཟམ་པ་ཞིག་གི་ཐོག་བཞུགས་ཏེ་མང་ཚོགས་ཟམ་འོག་ཏུ་འཛུལ་བཅུགས་པས་ཡུལ་མི་ཚོས་དེ་ཙམ་གྱིས་དགའ་བོ་མ་བྱས་པ་རེད་ཟེར། འདི་དག་ནི་སྐབས་དེའི་རྔ་ཡུལ་གྱི་ཆོས་ལུགས་འཐེན་འཁྱེར་དང་། གུ་དོག་གི་བསམ་བློའི་གཟུགས་བརྙན་གསོན་པོ་དག་རེད་ལ། ཅི་ཡང་མི་ཤེས་པའི་ན་ཆུང་བྱིས་པ་ཞིག་གིས་རང་གིི་འདས་དོན་ལ་ཕྱིར་དྲན་བྱས་པའི་གྲིབ་མ་ཡང་རེད། འོན་ཀྱང་། བློ་དགའ་བ་ཞིག་ལ་སྐབས་དེར་གུས་པའི་སེམས་ན་ལྟ་གྲུབ་ཅེས་པའི་ཐ་སྙད་ཙམ་ཡང་མེད་པས་འཐེན་འཁེྱར་གྱི་གཡང་ས་མྱུལ་མ་དགོས་པ་རེད།

 

གཉིས་པ། རྒྱ་གར་ནས་རྙེད་པའི་དོན་དམ་གྱི་ཞལ་རས།

དེ་ལྟར་ཕྱི་ལོ་ ༢༠༠༠། ལོར་ཁོ་བོ་ལས་ཀྱིས་རླུང་གིས་དེད་དེ་འཕགས་ཡུལ་དུ་འབྱོར། ཐོག་མའི་དམིགས་ཡུལ་བཞིན་ས་སྐྱ་མཐོ་སློབ་ཏུ་འཛུལ་ཞུགས་བྱས། དེ་རུ་ཁམས་གསེར་རྟ་ནས་ཡོང་བའི་ཉག་རོང་གི་དགེ་འདུན་པ་ཁག་ཅིག་དང་མཛའ་བ་བརྟན་པའི་གྲོགས་པོར་གྱུར་པས། སྐབས་དེར་ང་ཚོའི་སློབ་གྲྭའི་སྡོད་ཤག་གསར་བཟོའི་སྐབས་ཡིན་པས་ཉག་རོང་བ་ཚོ་སློབ་གྲྭའི་རྡོ་སྐས་འོག་ཏུ་ཡོད་པའི་ཁང་པ་དེའི་ནང་ཉལ་ཡོད། གཙང་སྤྲ་དང་འཕྲོད་བསྟེན་ལ་དེ་ཙམ་མི་དགའ་བས་ཁོ་ཚོ་སྡོད་ས་དེར་སྦྲང་ནག་མང་པོས་ལྡིང་སྐོར་རྒྱག་འདུག སྐབས་དེར་ང་ཚོ་བོད་ནས་འབྱོར་བ་ཚང་མར་དམིགས་བསལ་འཕྲུལ་རིགས་དང་འབྲེལ་བའི་ཅ་དངོས་གང་ཡང་མེད་པས་དེང་སྐབས་ལྟར་ཁ་པར་དང་། གློག་ཀླད་ཀྱི་མཐུན་རྐྱེན་འཛོམས་པོ་མིན་ནའང་། རང་རང་དགའ་སའི་དཔེ་དེབ་དང་། བླ་མ་རེའི་སྐུ་པར་རང་གི་ཉལ་སའི་མཐོ་ས་ཞིག་ཏུ་འཇོག་སྲོལ་ཡོད། ཉིན་ཞིག་གྲོགས་པོ་ཁོང་ཚོའི་སྡོད་ཤག་ནས་ངས་སླར་ཡང་། ཕ་ཡུལ་ནས་མཐོང་མྱོང་བའི་ནི་ཟོག་བླ་མའི་པར་ཞིག་མཇལ་བྱུང་། དེ་ནི་ང་ལ་མཚོན་ན་ཁོང་ཚོ་ལས་ཀྱང་རྒྱུས་ཆེ་བའི་མི་སྣ་ཞིག་ལ་ས་མཐའ་ནས་ཕྲད་པ་ལྟ་བུའི་ཚོར་སྣང་བྱུང་།
འོན་ཀྱང་། དོན་དངོས་ཐོག་ངའི་སེམས་ན་ཁོང་ནི་ད་དུང་ཡང་སྔར་བཞིན་དྲི་རྟགས་ཤིག་ལས་ཅི་ཡང་མ་རེད། རིམ་གྱིས་ང་དང་ཁོང་ཚོའི་བར་སྐད་ཆ་ཇེ་མང་ལ་སོང་ཞིང་། མཐུན་ལམ་ཡང་ཇེ་ཉེར་སོང་བར་མ་ཟད། ཕ་ཡུལ་གྱི་ནི་ཟོག་བླ་མ་ནི་སྤྱིར་བཏང་གི་བླ་སྤྲུལ་ཞིག་དང་གཏན་ནས་མི་མཚུངས་པའི་གཏན་ཚིགས་ལོ་དང་ཟླ་བ་འགྲོགས་ནས་ཇེ་མང་དུ་གྱུར། དེ་ནས་བཟུང་གུང་སེང་སྐབས་སུ་གྲོགས་པོ་ཁོང་གི་སར་ཕ་ཡུལ་གྱི་འདས་དོན་གླེང་བར་འགྲོ་བ་ནི་ཧ་ཅང་རྒྱུན་ལྡན་ཞིག་ཏུ་གྱུར། དེ་བས་ཀྱང་གྲོགས་པོ་ཁོང་ནི་ཆོས་མཐུན་གྱི་གཏམ་ལ་མོས་ཤིང་། གྲུབ་མཐའ་ལ་ཕྱོགས་ཞེན་མི་བྱེད་པ། གནའ་བོའི་བླ་ཆེན་འདྲ་མིན་གྱི་རྣམ་ཐར་ལ་རྒྱུས་ཆེ་བས་ཁོང་གི་སར་འགྲོ་བ་ནི་དཔེ་ཀློག་གི་ཁམས་ཤིག་ཏུ་ཉུལ་བཞིན་པ་ལྟ་བུའི་ཚོར་བ་ཡོང་གི་ཡོད།
ཉིན་ཞིག་གྲོགས་པོ་ཁོང་གིས་ང་ཚོ་སློབ་གྲོགས་ཁག་ཅིག་ལ་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པའི་བླ་མ་གཏེར་སྟོན་ཞིག་གི་རྣམ་ཐར་སྐོར་གླེང་བར་ང་ཚོས་དེར་སྤྲོ་སྣང་ཆེན་པོས་ཉན་པ་ཡིན། དེ་རྗེས་བླ་མ་དེའི་ཡང་སྲིད་ཆོས་རྗེ་འཇིགས་མེད་ཕུན་ཚོགས་ཡིན་པའི་སྐོར་བཤད་སོང་། ཉིན་ཞིག་སླར་ཡང་ཁོང་གི་གྲྭ་ཤག་ཏུ་སོང་བ་ཡིན། དེ་དུས་ཁོང་གན་རྐྱལ་དུ་ཉལ་ནས་དཔེ་དེབ་སྐྱ་རིལ་ཞིག་ཀློག་གི་འདུག ཅི་ཞིག་རེད་དྲིས་པས། འདི་ཐུགས་སྲས་རྣམ་གཉིས་ཀྱིས་མཉམ་འབྲི་མཛད་པའི་བླ་མ་རིན་པོ་ཆེའི་རྣམ་ཐར་རེད་ཟེར། གལ་སྲིད་ཁྱོད་ཀྱིས་ཀློག་འདོད་ན་ངས་གཡར་ཆོག་ཅེས་ལན་བཏབས། དེ་ཕྲལ་ངས་ཡུན་རིང་རེ་སྒུག་བྱས་པའི་གལ་ཆེའི་དཔེ་དེབ་རྙེད་སོང་བས་ལམ་སང་དང་ལེན་བྱས་པ་ཡིན། འདི་ནི་ངས་ཆོས་རྗེ་མཆོག་གི་རྣམ་ཐར་དངོས་སུ་དཔེ་ཀློག་བྱས་པ་ཆེས་ཐོག་མ་དེ་རེད། དཔེ་དེབ་འདི་ནི་མཁན་པོ་ཚུལ་ཁྲིམས་བློ་གྲོས་དང་། མཁན་པོ་བསོད་དར་རྒྱས་གཉིས་ཀྱིས་མཉམ་འབྲི་བྱས་པ་ཞིག་རེད།

 

གསུམ་པ། བླ་མའི་བླ་མར་གྱུར་པའི་ཁོང་།

བོད་ཀྱི་བླ་སྤྲུལ་དང་། དགེ་འདུན་པ་མང་པོ་ཞིག་རྒྱ་གར་དུ་ཡོང་དོན་གཙོ་བོ་སངས་རྒྱས་ཀྱི་གནས་ཆེན་ཁག་ལ་མཆོད་མཇལ་ཆེད་ཡོང་གི་ཡོད་ནའང་། མཁན་ཆེན་འཇིགས་མེད་ཕུན་ཚོགས་ཁོང་རྒྱ་གར་དུ་ཕེབས་པའི་དམིགས་ཡུལ་ནི་རྒྱུ་མཚན་ཞིག་ཏུ་གྱུར་ཡོད། གནད་དོན་དེ་ཁ་གསལ་པོར་བྱས་ནས་བཤད་ན། དེ་ནི་༧གོང་ས་མཆོག་ལ་བོད་ཀྱི་སྐྱེས་ཆེན་གོང་མ་ཞིག་གི་གཏེར་ཆོས་ཀྱི་དབང་ལུང་འབུལ་བར་ཕེབས་པ་ཞིག་རེད། འདི་ནི། མདོ་སྨད་ཕྱོགས་ཀྱི་དགེ་ལྡན་པ་དང་། སྔ་འགྱུར་བ་ཚོར་མཚོན་ན། ཧ་ཅང་ཤེས་གལ་ཆེ་བའི་ལོ་རྒྱུས་ཀྱི་དཀྱོག་མཚམས་གལ་ཆེན་ཞིག་སྟེ། ད་དུང་ཡང་འཐེན་འཁྱེར་གྱི་བཤད་སྒྲོས་བན་བུན་རེས་སྣེ་ལ་ཁེན་པའི་སྐྱེས་བུ་ཚོས་གསང་བ་འདིའི་མཐིལ་ཤེས་རྟོགས་ཐུབ་པ་ཡིན་ན། ད་གཟོད་ཁོང་ཚོའི་ཀུན་བཏགས་ཀྱི་ལྟ་ཚུལ་འཇིགས་སུ་རུང་བ་མང་པོ་ཞིག་རང་བཞིན་གྱིས་ཡལ་འགྲོ་བར་ང་ལ་ཡིད་ཆེས་ཟབ་མོ་ཡོད། དེས་ན་ཆོས་ལུགས་པ་དང་། ཆོས་ལུགས་པའི་བར་གྱི་འགལ་འདུ་མང་པོ་ཞིག་གནད་དོན་འདི་དང་ཧ་ཅང་ཐག་ཉེ་བོར་གྱུར་ཡོད།

བུ་ཆེན་ཚོའི་ཉིན་ཐོ་ལྟར་བྲིས་པའི་རྣམ་ཐར་དེའི་ནང་། མཁན་ཆེན་མཆོག་རྡ་སའི་ཕོ་བྲང་ནས་༧གོང་ས་མཆོག་ལ་ཞལ་མཇལ་ཐོག་མར་ཐོབ་སྐབས་ཡེ་དབྱིངས་ནས་བརྡོལ་བའི་གློ་བུར་གྱི་སྐུ་བསྟོད་ཡ་མཚན་པ་དེ་འདྲ་ཤར་མར་གསུངས་པ་དྲུང་ཡིག་པས་ཟིན་ཐོར་བཀོད་ཡོད་ནའང་། ད་ལྟ་དེའི་ཚིག་ཇི་བཞིན་དྲན་མ་སོང་། ༧གོང་ས་མཆོག་གིས་ཀྱང་། ཁྱེད་ལྟ་བུའི་འཁོར་འདས་རོ་མཉམ་གྱི་རྟོག་པ་ཀློང་དུ་བརྡོལ་བའི་རིགས་འཛིན་ཆེན་པོ་འདི་འདྲ་ཞིག་སྙིགས་དུས་འདིར་དགེ་སློང་ངུར་སྨྲིག་འཛིན་པའི་རྣམ་པར་བཞེངས་པར་བཀའ་དྲིན་ཆེ་ཚུལ་གྱི་བཀའ་མཆིད་དམར་མོ་དེ་འདྲ་གསུངས་ཡོད་པ་ད་ལྟ་ཡང་དྲན་གྱི་འདུག མདོར་ན། མཁན་ཆེན་མཆོག་ནི། ས་སྐྱའི་བཅོ་བརྒྱད་ཁྲི་ཆེན་རིན་པོ་ཆེ་དང་། མཁན་སངས་རྒྱས་བསྟན་འཛིན། མཁན་རིན་ཆེན། མཁན་ཀུན་དགའ་དབང་ཕྱུག་སོགས་དང་། སྔ་འགྱུར་པའི་དིལ་མགོ་མཁྱེན་བརྩེ་དང་། འཁྲུལ་ཞིག་རིན་པོ་ཆེ། དགེ་ལྡན་པའི་ཡོངས་འཛིན་གླིང་རིན་པོ་ཆེ་སོགས་ཀྱིས་གཙོས་པའི་དགེ་བའི་བཤེས་གཉེན་ཆེན་པོ་དེ་དག་འདྲ་བར་༧གོང་ས་མཆོག་དང་ཕན་ཚུན་བླ་སློབ་ཏུ་གྱུར་པའི་རླབས་པོ་ཆེའི་སྐྱེས་བུ་ཞིག་སྟེ། འདི་དག་གི་ངོ་མཚར་བའི་གསང་བ་དག་ཤེས་པར་གྱུར་ན་ནི། ད་གཟོད་ཆོས་ལུགས་ཕན་ཚུན་བར་གཟུགས་མེད་ཀྱི་སྡང་ཟུག་དེ་ཡོང་བའི་གཞི་གཏན་ནས་མེད་པར་འགྱུར་ཏེ། འུ་ཚོའི་བླ་མ་དག་ནི། གཅིག་གིས་གཅིག་ལ་དད་གུས་ཀྱི་ནམ་ལང་བས་བྱིན་རླབས་ཀྱི་ཉི་མ་རང་ཤར་དུ་འདུག་པ་ཤ་སྟག་ཏུ་ངེས་པས་སོ།
ཁོ་བོ་མི་ཆུང་ཆུང་ཞིག་གིས་སྐད་ཆ་སྤོམ་པོ་འདི་དག་ཁུར་དུ་བླངས་ཏེ་འཆད་དོན་ཡང་གཙོ་བོ་༧གོང་ས་མཆོག་གི་བླ་ན་མེད་པའི་བཞེད་དགོངས་འོག་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་བསྟན་པ་རྣམས་དག་སྣང་གི་ཁོར་ཡུག་གཅིག་ལ་མཉམ་གནས་ཐུབ་པ་དང་། དུས་རབས་འདིར་ཅིས་ཀྱང་ལང་ཕྱོགས་དེ་འདྲ་དགོས་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་ཙམ་ཡིན་པ་ཡང་ཞལ་ལ་ངེས་པར་མཛོད་ཅིག

 

བཞི་པ། ཞབས་རྗེས་དང་། ཞལ་ཆེམས།

ང་ཚོས་མཁན་ཆེན་ཁོང་གི་སྐུ་ཚེ་ཧྲིལ་པོའི་རྣམ་ཐར་ལ་ཕྱོགས་ཡོངས་ནས་མཇུག་བསྡོམས་ཤིག་བྱས་ན། དེ་ནི་དོན་ཚན་ལྔ་རུ་བགོ་ཆོག་སྟེ། རིས་མེད་ལ་ཐོས་བསམ་མཛད་པ་དང་། རིས་མེད་ཀྱི་སློབ་ཚོགས་བསྐྱངས་པ། བསྟན་པའི་གཏད་རབས་སྤུས་ཚད་ལྡན་པ་བཅས་ཡིན་པ་ཁོ་བོས་རྒྱུན་དུ་དྲན་བཞིན་ཡོད། འདི་དག་ནི་བླ་ན་མེད་པའི་ཞབས་རྗེས་ཤིག་སྟེ། དམ་པའི་སྐྱེས་བུ་གང་ཞིག་མི་ཡུལ་དུ་བྱོན་པའི་དགོས་དོན་མཐར་ཐུག་པ་ནི་ལུང་གི་བསྟན་པ་རིན་པོ་ཆེར་དཔྱིས་ཕྱིན་པའི་སློབ་གཉེར་སྔོན་དུ་སོང་ནས་གཞན་ལ་འཆད་པ་དང་། རང་གིས་དེ་དོན་བསྒོམས་པའི་འབྲས་བུ་དམ་པའི་ཚིག་ལྡན་པའི་བུ་སློབ་ཚད་དང་ལྡན་པ་དག་ལ་སྐྱེས་སུ་འབུལ་རྒྱུ་ཁོ་ན་ཡིན་དགོས་ཏེ། དེ་ཉིད་ཁོ་ན་བསྟན་པ་རྒྱས་ཤིང་འགྲོ་བ་བདེ་བའི་བགྱི་བ་ཉག་ཅིག་ཡིན་པས་སོ།

གང་ལྟར་ངས་གླེང་བཞིན་པའི་སྐྱེས་བུ་ཁོང་ད་ལྟ་འུ་ཅག་དང་བྲལ་ནས་ཡུན་རིང་སོང་ནའང་། དམ་པ་ཁོང་གི་བླ་ན་མེད་པའི་མི་རིགས་ལ་བཅངས་པའི་ཐུགས་སེམས་དཀར་པོའི་མཛད་སྤྱོད་དང་། རང་ཉིད་ཆོས་ལུགས་པ་ཞིག་ཡིན་པའི་ངོས་ཐད་ནས་བྱམས་བརྩེ་དང་ཤེས་རབ་བསྣོལ་མའི་རྒྱུན་གྱི་ཉམས་བཞེས་དེས་ང་ཚོའི་སེམས་པར་ནམ་ཡང་གཟིམས་རྒྱུ་མེད་པའི་སྒྲོན་མེ་ཞིག་སྤར་ཡོད། དེ་བས་ཀྱང་། ཁོང་རིན་པོ་ཆེའི་འདར་ཁར་བུ་སློབ་ཚོ་གཙོ་བྱས་པའི་རང་རེ་གངས་ཅན་པ་རྣམས་ལ། རང་ཚུགས་མ་ཤོར། གཞན་སེམས་མ་དཀྲུགས། ཅེས་པའི་དུས་དང་འཚམས་པའི་ལུགས་གཉིས་ཀྱི་བསླབ་བྱ་རིན་ཐང་ཅན་འདི་འདྲ་གནང་བ་ནི། ཕྱི་ནང་སྣོད་བཅུད་གང་ཐད་ནས་ཧ་ཅང་ཉག་ཕྲ་བའི་རང་རེ་གངས་ཅན་པ་དག་ལ་མི་རེའི་ཐོད་ན་ནམ་ཡང་ལོང་མི་སྲིད་པའི་མིག་རེ་གནང་བ་ལས་ཀྱང་རླབས་ཆེ་བའི་མཛད་པར་མཐོང་ངོ་། །

དྲན་ཐོ།

Post navigation

Previous Post: གྲོས་ཚོགས་ཚོགས་དུས་གཉིས་པ་ཕྱོགས་བསྡོམས་གནང་བ།
Next Post: སེམས་གཏམ།

Comments (9) on “དྲང་སྲོང་ཞིག་སླར་ཡང་དྲན་པ།”

  1. ཨ་འབར་འཇིགས་དབང། says:
    2016-10-18 at 11:15 pm

    ༅༅། ཨ་འདུས་སྐལ་བཟང་རྒྱ་མཚོ་ལགས་ནས་་དྲང་སོྲོང་ཞིག་སླར་ཡང་དྲན་པ་་་་ཞེས་པའི་རྩོམ་བྲིས་དེ་
    ཧ་ཅང་ཡག་པོ་དང་གནད་ལ་ཕིགས་པ་ཞིག བྲིས་གནང་འདུག་པ་ཐུགས་རྗེ་ཆེ་།་བཀྲིས་བདེ་ལེགས་ཡོད།
    མཁན་ཆེན་འཇིགས་མེད་ཕུན་ཚོགས་མཆོག་གི་ལོ་རྒྱུས་གང་མཚམས་ཤེས་ཀྱི་ཡོད།
    ཁོང་སྐུ་གཤེགས་རྗེས་བོད་པ་ས་གནས་གང་སར་རྗེས་དྲན་དང་དགེ་སྒྲུབ་མཆོད་འབུལ་ཞུས་པ་རེད།
    སྔོན་དུ་ཁོང་༧གོང་ས་མཆོག་དང་ཞལ་མཇལ་ཞུས་པའི་སྐུ་པར་མཇལ་བྱུང།
    སྐྱོ་དང་མི་སྐྱོ་སོང་། སེམས་པའི་གཏིང་ནས་སྐྱོ་སོང།
    ང་ཚོ་བོད་པའི་ལས་འདི་། ནམ་ཞིག་སེལ་ལམ་ཀྱེ་མ།
    རིས་མེད་བླ་ཆེན་མཁན་ཆེན་རིམ་བཞིན་གཤེགས་པ་སྐྱོ་སོང།

  2. ཀརྡོ་རབ་འབྱམས་པ་ says:
    2016-10-18 at 11:37 pm

    ་་་་་་་་་་ ཁོ་བོ་མི་ཆུང་ཆུང་ཞིག་གིས་སྐད་ཆ་སྤོམ་པོ་འདི་དག་ཁུར་དུ་བླངས་ཏེ་འཆད་དོན་ཡང་གཙོ་བོ་༧གོང་ས་མཆོག་གི་བླ་ན་མེད་པའི་བཞེད་དགོངས་འོག་ཆོས་བརྒྱུད་ཆེན་པོ་བཞི་གཡུང་དྲུང་བོན་དང་བཅས་པའི་བསྟན་པ་རྣམས་དག་སྣང་གི་ཁོར་ཡུག་གཅིག་ལ་མཉམ་གནས་ཐུབ་པ་དང་། དུས་རབས་འདིར་ཅིས་ཀྱང་ལང་ཕྱོགས་དེ་འདྲ་དགོས་པའི་གལ་ཆེའི་རང་བཞིན་ནན་བཤད་བྱས་པ་ཙམ་ཡིན་པ་ཡང་ཞལ་ལ་ངེས་པར་མཛོད་ཅིག ་་་་་་་་

  3. གཡག་རྒོད། says:
    2016-10-19 at 5:36 am

    མཁན་ཆེན་མཆོག་གི་གསུང་རྩོམ་ཞིག་ཏུ”ངེད་རང་རྒྱལ་ཁབ་འདྲ་མིན་ལ་འགྲོ་དུས་རྒྱ་ལམ་ཡ་མཚན་པ་དང་ཁང་བརྩེགས་ཡིད་དུ་འོང་བ་དེ་འདྲ་མཐོང་ཐེངས་རེར་ང་ཚོའི་བོད་པར་ཡང་འདི་འདྲ་རེ་ཡོད་ན་ཅི་མ་རུང་ཨང་སྙམ་གྱི་་འདུག”ཞེས་བཀོད་ཡོད་པ་ཞིག་ད་ལྟ་དྲན་ལམ་ན་འདུག ཚིག་ཅི་བཞིན་མིན། དོན་དག་དེ་ག་རང་རེད། རྩོམ་དེའི་ཁ་བྱང་ཡང་ད་ལྟ་རྦད་དེ་བརྗེད་འདུག གང་ལྟར་ལོ་བཅུ་གྲངས་ཤིག་གི་སྔོན་དུ་ངས་རྩོམ་འདི་བཀླགས་ནས་ང་བླ་མ་འདི་ལ་ཧ་ཅང་ཡིད་འཕྲོག་སོང་། དགའ་སོང་། སྐབས་དེར་ངས་ཞོགས་དུང་སོགས་ཀྱི་བདག་དཔེ་ཚོགས་ཀློག་བཞིན་པའི་སྒང་ཡིན་སྟབས་གྲྭ་བ་དང་བླ་མ་ལ་དེ་ཙམ་དགའ་བོ་མེད་པའི་དུས་ཚོད་ཅིག་ཡིན་མོད། མཁན་ཆེན་མཆོག་དང་གུང་ཐང་བསྟན་པའི་དབང་ཕྱུག་སོགས་སྐབས་དེར་ལོག་ལྟ་གཏན་ནས་སྐྱེས་མ་མྱོང་།

  4. ཐུབ་བསྟན་ཟླ་བ། says:
    2016-10-19 at 6:46 am

    ནི་ཟོག་མཁན་པོ་འཇིགས་མེད་ཕུན་ཚོགས་ལ་བཟང་ཆ་མང་པོ་དང་། དེ་དང་མཉམ་དུ་སྐྱོན་ཆ་མང་པོ་རེད། གསེར་རྟའི་གནས་རི་ཞིག་ནང་རླངས་འཁོར་གྱི་ལམ་བཟོས་ཏེ། རི་གསེང་ནས་ཡར་བདེ་བ་ཅན་ལ་འགྲོ་ལམ་བཟོ་ཐུབ་ཅེས་མནའ་བསྐྱལ་བ་དང་། ལབ་བརྒྱབས་རབས་མང་ནི་རེད། གསེར་རྟའི་དཔོན་པོ་དབལ་ཤུལ་ལི་གུ་ཟེར་བ་དེ་དང་པོ་མགོན་པོ་ཕྱག་དྲུག་པའི་སྤྲུལ་བ་རེད། ཅེས་མགོན་པོ་ཕྱག་དྲུག་པའི་སྤྲུལ་སྐུ་ཡིན་པར་ཐུགས་ཐག་བཅད། དེ་ནས་ལོ་གཉིས་གསུམ་རྗེས་ལ་དབལ་ཤུལ་ལི་གུ་བདུད་ཀྱི་སྤྲུལ་བ་རེད་འདུག་ཅེས་ཁྱབ་བསྒྲགས་བྱས་པ་སོགས་ཚང་མས་ཤེས་ནི་རེད། ཞིབ་འཇུག་བྱས་ན་ཕྱོགས་ཡོངས་ལ་ཞིབ་འཇུག་དགོས་པ་དང་། སྐད་ཆ་བཤད་ན་ཕྱོགས་གཅིག་ཁོ་ན་མི་བཤད་པ་གལ་ཆེན་རེད།

  5. རྣམ་རྒྱལ།. says:
    2016-10-19 at 6:46 am

    ཧ་ཅང་གནད་ལ་ཁེལ་བའི་སེམས་ཁུར་ཅན་གྱི་སྐད་ཆ་ཡག་མོ་གདའ་བཀའ་དྲིན་ཆེ།

  6. རྔ་རྒོད says:
    2016-10-19 at 6:32 pm

    འདི་འབྲི་མཁན་དང་ང་སྐྱེ་ས་སྡེ་བ་ཕན་ཚུན་རེད། འོན་ཀྱང་ཟོག་བླ་མ་ཞེས་འབོད་མཁན་ཞིག་ངས་གོ་མ་མྱོང་། ཡི་གེ་དག་ཆ་མ་བརྟགས་ཀྱང་་་ནུས་ཟོག་མཁན་པོའམ་ནུས་བཟང་བླ་མ་ཞེས་འབོད་་མཁན་ཡོངས་གྲགས་རེད།

  7. བསོད་ནམས་བཀྲ་ཤིས། says:
    2016-10-20 at 11:14 am

    ཐུབ་བསྟན་ཟླ་བ་ལགས་ཀྱིས་དངོས་གནས་བྲིས་འདུག།
    ((ནི་ཟོག་མཁན་པོ་འཇིགས་མེད་ཕུན་ཚོགས་ལ་བཟང་ཆ་མང་པོ་དང་། དེ་དང་མཉམ་དུ་སྐྱོན་ཆ་མང་པོ་རེད། གསེར་རྟའི་གནས་རི་ཞིག་ནང་རླངས་འཁོར་གྱི་ལམ་བཟོས་ཏེ། རི་གསེང་ནས་ཡར་བདེ་བ་ཅན་ལ་འགྲོ་ལམ་བཟོ་ཐུབ་ཅེས་མནའ་བསྐྱལ་བ་དང་། ལབ་བརྒྱབས་རབས་མང་ནི་རེད། གསེར་རྟའི་དཔོན་པོ་དབལ་ཤུལ་ལི་གུ་ཟེར་བ་དེ་དང་པོ་མགོན་པོ་ཕྱག་དྲུག་པའི་སྤྲུལ་བ་རེད། ཅེས་མགོན་པོ་ཕྱག་དྲུག་པའི་སྤྲུལ་སྐུ་ཡིན་པར་ཐུགས་ཐག་བཅད། དེ་ནས་ལོ་གཉིས་གསུམ་རྗེས་ལ་དབལ་ཤུལ་ལི་གུ་བདུད་ཀྱི་སྤྲུལ་བ་རེད་འདུག་ཅེས་ཁྱབ་བསྒྲགས་བྱས་པ་སོགས་ཚང་མས་ཤེས་ནི་རེད། ཞིབ་འཇུག་བྱས་ན་ཕྱོགས་ཡོངས་ལ་ཞིབ་འཇུག་དགོས་པ་དང་། སྐད་ཆ་བཤད་ན་ཕྱོགས་གཅིག་ཁོ་ན་མི་བཤད་པ་གལ་ཆེན་རེད།))
    སྐད་ཆ་འདི་བདེན་པ་ཡིན་པ་ངས་ཀྱང་ཤེས། བོད་ཀྱི་བླ་རྒན་ཚོས་ཆོས་ལུགས་ཀྱི་འབག་གྱོན་ཏེ། ད་བར་བོད་མི་དམངས་ལ་གཉའ་གནོན་འདི་ལྟར་བྱས་པ་རེད། ད་དུང་ཡང་མུ་མཐུད་ནས་ཆོས་འབགས་གྱོན་ནས་དབང་ཆ་འདི་ལྟར་བེད་སྤྱོད་བྱས་ན་ང་ཚོས་ག་རེ་བྱེད་དམ། ཧུ་ཧུ་ཧུ་ཧུ་ཧུ་ཧུ།

  8. ཉག་རོང་དོན་གྲུབ། says:
    2016-10-23 at 12:44 pm

    ནི་ཟོག་དང་ནུས་ཟོག་ནུས་བཟང་སོགས་མ་རེད། གནུབས་ཟུར་རེད་ལགས། མཁན་པོ་ཚང་གནུབས་ཟུར་དགོན་པ་ནས་རེད། དེའི་ཕྱིར་ཁོང་ལ་ཁ་ཤས་ཀྱིས་གནུབས་ཟུར་མཁན་པོ་འབོད་ཀྱི་འདུག དེ་ཕྱོགས་ཀྱི་ཡུལ་མིའི་སྐད་ཀྱི་སྒྲ་གདངས་ལ་ཉན་ན་ཎི་ཟོག་འདྲ་བོ་ཞིག་ཐོན་ཡོང་གི་འདུག དོན་གྱིས་གནུབས་ཟུར་རེད་འདུག

  9. ཨ་འདུས་སྐལ་བཟང་རྒྱ་མཚོ། says:
    2016-10-24 at 2:42 am

    གྲོགས་རྔ་རྒོད་ལས་ཀྱས་དོགས་སློང་གནང་བ་དང་། ཉག་རོང་དོན་གྲུབ་ལགས་ཀྱིས་གསལ་བཤད་གནང་བར་བཀའ་དྲིན་ཆེ། གང་ལྟར་མཁན་པོ་ཚང་གི་མཚན་ཟུར་དེ་གནུབས་ཡིན་པ་ཤེས་སོང་བས་ངོ་མ་དགའ་བོ་བྱུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme