Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དྲ་ཐོག་ནས་མི་ཚེ་སྐྱེལ་ན། ལམ་ཁ་བཅུ་འདི་སེམས་ལ་ཉེ་བར་ཞོག

Posted on 2013-06-272013-06-27 By རིག་འབྱུང་དོན་གྲུབ་བཀྲ་ཤིས་ 13 Comments on དྲ་ཐོག་ནས་མི་ཚེ་སྐྱེལ་ན། ལམ་ཁ་བཅུ་འདི་སེམས་ལ་ཉེ་བར་ཞོག


འཇིགས་མེད་ནུབ་པ།

ཉེ་ཆར། ངས་གཞུང་གི་ལས་ཀ་བྱེད་མཁན་དང་ཚོགས་པ་སྒེར་བ་ལ་ལས་ཀ་བྱེད་མཁན། གསར་འགོད་པའི་ལས་རིགས་གཉེར་མཁན་ཁག་ཅིག་ལ་ཉིན་རེར་དྲ་ཐོག་ཏུ་དུས་ཚོད་ཇི་ཙམ་གཏོང་གི་ཡོད་མེད་སྐོར་ལ་དྲི་བ་བཏང་བ་ཡིན། ང་ལ་རག་པའི་ལན་ནི། ཆ་སྙོམས་བྱས་ན་མི་རེས་ཉིན་རེར་དྲ་ཐོག་ཏུ་དུས་ཚོད་བཅུ་གཉིས་ལྷག་གཏོང་གི་ཡོད་པ་དེ་རེད།
འདིས་ཅི་ཞིག་སྟོན་ནམ་ཞེ་ན། བོད་རིགས་ཚོའི་ཁྲོད་དུ་ཡང་དྲ་ཐོག་ཏུ་མི་ཚེ་སྐྱེལ་མཁན་ཇེ་མང་ནས་ཇེ་མང་ལ་འགྲོ་བཞིན་ཡོད་པ་དེ་རེད། ཉིན་རེའི་དུས་ཚོད་མང་པོ་ཞིག་དྲ་ཐོག་ཏུ་གཏོང་བ་འདིས་མི་ཚེའི་ལས་དོན་མང་པོ་ཞིག་དྲ་ཐོག་ཏུ་སྒྲུབ་བཞིན་པ་སྟོན། ཇི་ཙམ་དྲ་ཐོག་ཏུ་ལས་ཀ་མང་བ་བྱས་ན། དེ་ཙམ་དྲ་ཐོག་ནི་མི་ཚེའི་གྲུབ་ཆ་ཞིག་ཆགས་བཞིན་པ་དེ་རེད། འོ་ན། དྲ་ཐོག་ནས་མི་ཚེའི་ལས་དོན་མང་པོ་ཞིག་བསྒྲུབ་པ་ལ། དྲ་ཐོག་ནས་བདེ་འཇགས་དང་ཉེན་སྲུང་གལ་མི་ཆེའམ། ངེད་ཀྱི་བསམ་པར། དྲ་ཐོག་ནས་མི་ཚེ་སྐྱེལ་གི་ཡིན་ན། གཤམ་གྱི་ལས་ཁ་བཅུ་འདི་སེམས་ལ་ཉེ་བར་འཇོག་རྒྱུ་གལ་ཆེ་བར་འདོད།

༡) ནང་དང་ལས་ཀ་གཉིས་ཀར། ཁྱེད་ཀྱི་བེ་ཧྥེ་དྲ་ལམ་དེ་ཉེན་སྲུང་ཡོད་པ་བྱོས།

སྐུད་མེད་དྲ་ལམ་གྱི་ཆེད་དུ་ཉེན་སྲུང་གི་ལྡེ་མིག་བརྟན་པོ་བཟོ་རྒྱུ་མ་བརྗེད། གང་ཡིན་ཞེ་ན། དེ་ནི་སྐུད་ཡོད་དྲ་ལམ་དང་མི་འདྲ་པར། བ་ཧྥེ་(Wifi)ཡིས་རླུང་འཕྲིན་གྱི་འོད་རླབས་བེད་སྤྱོད་གཏོང་གི་ཡོད་རྐྱེན། དེ་ཡི་བརྡ་རྟགས་དེ་ཁྱེད་ཀྱི་ཁྱིམ་དང་ལས་ཁུངས་གི་རྒྱ་ཁྱོན་ནས་བརྒལ་ཏེ་འགྲོ་ཐུབ། གལ་སྲིད་ཁྱེད་ཀྱི་སྐུད་ལམ་གྱི་དྲ་ལམ་དེ་བདེ་འཇགས་མིན་ཚེ། གཞན་གྱིས་ཁྱེད་ཀྱི་བ་ཧྥེ་ཡི་བརྡ་རྟགས་ཡོད་ས་གང་རུང་ནས་ཁྱེད་ཀྱིས་དྲ་ཐོག་ཏུ་ཅི་ཞིག་ལས་བཞིན་པར་ལྐོག་ལྟ་བྱེད་ཐུབ་པ་མ་ཟད་ད་དུང་ཁྱེད་ཀྱི་གློག་ཀླད་ནས་གནས་ཚུལ་ཡང་བརྐུ་ཐུབ། ཉེན་སྲུང་མེད་པའི་སྐུད་མེད་དྲ་ལམ་སྒོ་འབྱེད་པ་ནི། ཁྱེད་ཀྱིས་རང་གི་ཁང་པའི་སྒེ་ཕྱེས་ནས་གཞན་ལ་ནང་གི་ཅ་ལག་བརྐུ་བཅུག་པ་གཅིག་མཚུངས་ཡིན། དེར་བརྟེན། སྐུད་མེད་དྲ་ལམ་ལ་གསང་ཚིག་བརྟན་པོ་བཟོ་རྒྱུ་ཧ་ཅང་གལ་ཆེ།

༢) གློག་ཀླད་ཀྱི་མ་ལག་གཙང་ཉར་དང་གློག་ཀླད་དུས་ནས་དུས་སུ་གཙང་བཟོ་བྱོས།

གལ་སྲིད་ཁྱེད་ཀྱི་གློག་ཀླད་ལ་དྲ་འབུའི་གཏོར་རྒོལ་ཐེབས་ཡོད་ཚེ། དྲ་ཐོག་གི་ཉེན་སྲུང་གི་ཆེད་དུ་ཁྱེད་ཀྱིས་གྲ་སྒྲིག་དང་གཟབ་ནན་བྱས་བ་ཚང་མ་འཕྲོ་བརླག་ལྟ་བུ་རེད། དེར་བརྟེན། བདུན་གཅིག་གི་ནང་ལ་ཉུང་མཐར་ཡང་ཐེངས་རེར་སོ་སོའི་གློག་ཀླད་གཙང་བཟོ་བྱེད་རྒྱུ་གལ་ཆེ། ཁྱོད་ཀྱིས་བེད་སྤྱོད་གཏོང་བཞིན་པའི་དྲ་འབུ་གཙང་བཟོའི་མཉེན་ཆས་རིགས་ལ་ཡང་དྲ་འབུས་གཏོར་སྐྱོན་ཐེབས་སྲིད། གང་ཡིན་ཞེ་ན། ང་ཚོར་རག་པའི་དྲ་འབུ་མང་པོ་ཞིག་ནི་ཆེད་དུ་ང་ཚོ་གཏོར་བཅོམ་གཏོང་བར་དམིགས་ནས་བཟོས་བ་ཤ་སྟག་རེད། དེར་བརྟེན། དྲ་འབུ་ཚང་མར་དྲ་འབུ་གཙང་བཟོའི་མཉེན་ཆས་ཡོད་ན་ཡང་གཙང་བཟོ་བྱེད་ཁག་པོ་རེད། གལ་སྲིད། ཁྱེད་ནས་སོ་སོའི་གློག་ཀླད་ལ་ནམ་རྒྱུན་དང་མི་འདྲ་བའི་རྟགས་མཚན་མངོན་པའམ་ཡང་ན་དྲ་འབུ་སླེབས་ཡོད་པ་ཤེས་ཚེ། དེ་གཙང་བཟོ་བྱེད་པའི་ཐབས་ལམ་ཡག་ཤོས་དང་མགྱོགས་ཤོས་ནི། གློག་ཀླད་ཀྱི་བཀོལ་སྤྱོད་མ་ལག་(Operating system) བསྐྱར་འཇུག་བྱེད་རྒྱུ་དེ་ཡིན།

༣) གསང་ཚིག་བརྟན་པོ་བཟོས།

ང་ཚོ་མང་པོ་ཞིག་གིས་སོ་སོའི་དྲ་ཐོག་གི་གློག་འཕྲིན་ཁ་བྱང་སོགས་ཀྱི་སླད་དུ། གསང་ཚིག་མགོ་རྙོག་པོ་དང་བརྟན་པོ་བཟོ་བར་ལེ་ལོ་བྱེད་ཀྱི་ཡོད་ཅིང་། ལྷག་པར་དུ། གསང་ཚིག་ཧ་ཅང་ལས་སླ་བོ་དང་སེམས་ལ་དྲན་ཆོག་ཆོག་དེ་འདྲ་བཟོ་གི་ཡོད། གསང་ཚིག་ལས་སླ་བོ་དང་དྲན་ཆོག་ཆོག་དེ་འདྲ་བཟོས་ན། དེ་མི་གཞན་གྱིས་ཀྱང་ཚོད་དཔག་བྱེད་སླ་བ་ཡོད། ལྷག་པར་དུ། ང་ཚོས་གསང་ཚིག་དེ་བོད་དང་བོད་པའི་འཐབ་རྩོད་ལ་འབྲེལ་བའི་ལོ་དང་ཟླ་བ། དུས་དྲན་སོགས་ཀྱི་མིང་བཀོལ་ནས་བཟོ་གིཡོད་པ་མ་ཟད་། ད་དུང་། སོ་སོའི་སྐྱེས་ཡུལ་དང་སྐྱེས་ཚེས། ཕ་མའི་མིང་། དགོན་པ་དང་སློབ་གྲྭ་སོགས་ཀྱི་མིང་བེད་སྤྱོད་བྱས་ཡོད། འདིས་ཅི་ཞིག་སྟོན་གྱི་ཡོད་ཅེ་ན། ང་ཚོས་དྲ་ཐོག་གི་སོ་སོའི་བདེ་འཇགས་ལ་དོ་གལ་བྱེད་ཀྱི་མེད་པ་དེ་སྟོན།
ད་ནི་སྔོན་ཆད་དང་འདྲ་གི་མ་རེད། གནས་སྟངས་མང་པོ་ལ་འགྱུར་བ་ཕྱིན་ཡོད་པ་རེད། ཇི་ཙམ་ང་ཚོས་ཉེན་སྲུང་མེད་པར་དྲ་ཐོག་གི་གློག་འཕྲིན་དང་འཕྲིན་ཐུང་གླེང་མོལ།(དཔེར་ན། གནམ་ཀླད་(Skype)དང་ཁེ་ཁེ(QQ)།སོགས) སྤྱི་ཚོགས་འབྲེལ་མཐུད་དྲ་བ།(དཔེར་ན། ངོ་དེབ་(Facebook)དང་རིན་རིན་(Renren)ཟེར་བ་སོགས) ཟིན་བྲིས་(འཕྲུལ་སྒྲ་དང་བེས་པོ་ལ་སོགས) སོགས་བརྒྱུད་ནས་འབྲེལ་བ་བྱས་ན། དེ་ཙམ་གྱིས་རང་ཉིད་གཅིག་པོ་མ་ཡིན་པར་སྤྱི་ཚོགས་ཧྲིལ་བོ་ཉེན་ཁའི་གཡང་ལ་འདེད་ཀྱི་ཡོད། ང་ཚོས་ཤེས་གསལ་བཞིན། མི་མང་པོའི་གློག་འཕྲིན་ལ་གཞན་གྱིས་ལྐོག་ལྟ་དང་ཡིག་ཆ་རྐུ་འཁྱེར། གསང་བ་ཕྱི་འཁྱེར་སོགས་ཀྱི་གནས་ཚུལ་འབྱུང་གིན་ཡོད་ཅིང་། འདི་དག་ཀུན་གྱི་འབྱུང་རྩ་ནི་གསང་ཚིག་བརྟན་པོ་མེད་པ་ལ་བརྟེན་ནས་ཡིན། གསང་ཚིག་མགོ་རྙོག་པོ་བཟོ་རྒྱུ་ནི་དཀའ་མོ་མིན།
འདི་རུ་ང་ཚོས་ཁྱོད་ལ་གསང་ཚིག་བརྟན་པོ་དང་མགོ་རྙོག་པོ། རིང་པོ་བཅས་བཟོ་བའི་ཐབས་ལམ་ཞིག་སྤྲོད། འདི་ནི་དཔེ་མཚོན་ཙམ་ཡིན། གསང་ཚིག་དེའི་ཚིག་གྲུབ་ལྟེ་བ་ནི་I am such a fool that I keep forgetting my book at the Library! འདི་ཡིན། ཚིག་གྲུབ་འདི་ཁྱེད་ཀྱི་བློ་ལ་ངེས་ཡང་སླ། ཁྱེད་ཀྱིས་ཚིག་གྲུབ་འདིའི་མིང་ཚིག་རེ་རེའི་ཚིག་འགོ་མ་རྣམས་ཕྱོགས་གཅིག་ཏུ་བསྡུས་ཤིང་དེ་ཡང་འགའ་རེ་ཡིག་ཆེན་བཟོས་ནས་ད་གཟོད་གསང་ཚིག་ཡག་པོ་ཞིག་བཟོས། གསང་ཚིག་དེ་ནི་IasaftIkfmb@tLཡིན། གསང་ཚིག་འདི་ནི་གཞན་ལ་མཚོན་ལ་ཧ་ཅང་མགོ་རྙོག་པོ་དང་རིང་པོ་བཅས་ཡིན་པ་མ་ཟད་ལས་སླ་བོར་རྐུ་འཁྱེར་བྱེད་ཧ་ཅང་དཀའ། ལྷག་པར་དུ། བརྗོད་རྒྱུ་ཞིག་ལ་གསང་ཚིག་དེ་སུ་གང་ལ་ཡང་མ་སྟོན། ཁྱེད་ཀྱི་གསང་ཚིག་དེ་ཁྱེད་རང་གཅིག་པོའི་ཆེད་དུ་མིན་པར། དེ་ཁྱེད་དང་དྲ་ཐོག་ནས་འབྲེལ་བ་ཡོད་པའི་མི་མང་པོའི་བདེ་འཇགས་དང་ཡང་འབྲེལ་བ་ཡོད།

༤) བཤེར་ཆས་ཉེན་སྲུང་བྱོས།(HTTPS) ཁྱེད་ཀྱི་དྲ་ཐོག་ལོ་རྒྱུས་གཙང་བཟོ་བྱོས།

ཁྱེད་ནས་བཤེར་ཆས་ཁ་ཕྱེས་ཐེངས་རེར། ངེས་པར་དུ་དྲ་འབྲེལ་གྱི་འགོར་https://དེ་སྣོན་རོགས། དྲ་ཚིགས་གྲགས་ཅན་རྗེ་མེལ་དང་ངོ་དེབ་སོགས་ཀྱིས་HTTPSདེ་བེད་སྤྱོད་གཏོང་གི་ཡོད་ན་ཡང་། གཞན་གྱི་འཇབ་རྒོལ་མ་ཡོང་བའི་སླད་དུ། རྗེ་མེལ་ལྟ་བུ་སྒོ་འབྱེད་པའི་སྐབས་སུ་ཡང་ gmail.com ལྟ་བུ་མ་བཏགས་པར་ https://gmail.com ཧྲིལ་བོ་བཏགས་ན་ཉེན་སྲུང་གི་ནུས་བ་ཆེ། HTTPS ཡིས་ཁྱོད་ཀྱིས་ཉུལ་སའི་དྲ་ཚིགས་དང་དྲ་ཐོག་གི་ལས་ཀ། ད་དུང་ཁྱེད་རང་ནང་འཛུལ་བྱེད་སའི་གློག་འཕྲིན་སོགས་ཚང་མ་གསང་སྡོམ་བྱེད་ཀྱི་ཡོད། དེའི་གོ་དོན་ནི། གཞན་གྱིས་ཁྱེད་ཀྱིས་དྲ་ཚིགས་གང་བསྔོགས་གི་ཡོད་པ་དང་གློག་འཕྲིན་ཁ་བྱང་གང་ལ་འཛུལ་གི་ཡོད་པ་སོགས་བལྟ་མི་ཐུབ།

སེམས་ལ་ཉར་རྒྱུ་ཞིག་ལ། ཁྱེད་ནས་སྒེར་གྱི་གློག་ཀླད་དང་སྤྱི་སྤྱོད་གློག་ཀླད་སོགས་གང་ཞིག་བེད་སྤྱོད་བཏང་རུང་དེའི་རྟག་དུ་ཁྱེད་རང་གི་བཤེར་ཆས་ཀྱི་ལོ་རྒྱུས་དེ་གསུབ། གལ་སྲིད་ཁྱེད་ཀྱིས་གྷོ་རྒལ་ཁི་རོམ་(Google Chrome)གི་བཤེར་ཆས་བེད་སྤྱོད་གཏོང་གི་ཡོད་ཚེ། ཁྱེད་ཀྱིས་ Incognito window ཟེར་བ་དེ་བེད་སྤྱོད་བཏང་ཆོག ཁྱེད་ཀྱིས་བཤེར་ཆས་ཁ་བརྒྱབ་པའི་རྗེས་སུ་ Incognito window ཡིས་ཁྱེད་ཀྱི་བཤེར་ཆས་ཀྱི་འཚོལ་ཞིབ་ལོ་རྒྱུས་དེ་དྲ་ཐོག་ལ་མི་ཉར། ལྦ་མེ་(Fire Fox)བཤེར་ཆས་ལ་གདམ་ཀ་ཡོད་ཅིང་དེ་ལ་ Private Browsingཟེར། ཡིན་ན་ཡང་། སེམས་ལ་ཉར་་དགོས་བ་ཞིག་ལ། བཤེར་ཆས་འདི་ཡིས་ཁྱེད་ཀྱི་དྲ་ཚིགས་གང་ལ་ཉུལ་དང་མ་ལག་གང་ཞིག་བེད་སྤྱོད་བཏང་མིན་སོགས་ཀྱི་རྐང་རྗེས་མི་འཇོག་ན་ཡང་། ཁྱེད་ལ་དྲ་རྒྱའི་མཐུན་རྐྱེན་སྤྲོད་མཁན་དང་གསང་བའི་ལས་ཁུངས་། ཁྱོད་ལ་ལྐོག་ལྟ་བྱེད་མཁན་ཚོས་ཁྱེད་ཀྱིས་དྲ་ཚིགས་གང་ལ་ཉུལ་གི་ཡོད་པ་ཤེས་གི་རེད།
ད་དུང་། ཁྱེད་ཀྱིས་ཤེས་དགོས་རྒྱུ་ཞིག་ལ། གལ་སྲིད་ཁྱེད་ཀྱི་གློག་ཀླད་དུ་དྲ་འབུ་འཛུལ་ཡོད་ཚེ། ཁྱེད་ཀྱིས་མཐེབ་གཞོང་ཐོག་ཅི་ཞིག་བྲིས་བ་དང་ཐ་ན་ཁྱེད་ཀྱི་མིང་དང་གསང་ཚིག་བཅས་ཀྱང་བརྐུ་ལ་ཤོར་སྲིད། དེར་བརྟེན། ནམ་རྒྱུན་ཁྱེད་ཀྱི་གསང་ཚིག་དེ་བཤེར་ཆས་ཁོངས་སུ་ཉར་ཚགས་མ་བྱེད། ལྷག་པར་དུ། གློག་འཕྲིན་སོགས་ལ་ནང་འཛུལ་བྱེད་དུས་གསང་ཚིག་དྲན་པའི་གདམ་ཀ་དེ་ལ་གཡོལ་རོགས།

༥) ར་སྤྲོད་རིམ་པ་གཉིས།

དྲ་ཐོག་ཏུ་སྒེར་གྱི་བདེ་འཇགས་དང་ཉེན་སྲུང་གལ་ཆེན་པའི་བགྲོ་གླེང་མང་ནས་མང་དུ་འགྲོ་བ་དང་ལྷན་དུ། ཚོང་ལས་ཁང་དང་དངུལ་ཁང་སོགས་ལ་དྲ་ཐོག་ནས་འཇབ་རྒོལ་མང་པོ་བྱུང་བའི་རྗེས་འབྲས་ལྟ་བུར། དྲ་ཐོག་གི་ཞབས་ཞུའི་རིགས་མང་པོ་ཞིག་ལ་ར་སྤྲོད་རིམ་པ་གཉིས་(2-Step Verification)བརྒྱུད་དགོས་བའི་བྱེད་ལས་དེ་བྱུང་། གྷོ་རྒལ་(Google)ནི་ར་སྤྲོད་རིམ་པ་གཉིས་ཀྱི་བྱེད་ཐབས་དེ་འགོ་འཛུགས་མཁན་ཐོག་མའི་གྲས་ཡིན་ལ་ཁོང་ཚོས་ང་ཚོའི་གསང་ཚིག་གི་སྒང་ལ་ར་སྤྲོད་རིམ་པ་གཉིས་ཀྱི་བདེ་འཇགས་ཀྱི་མཐུན་རྐྱེན་སྦྱོར་གི་ཡོད། ར་སྤྲོད་རིམ་པ་གཉིས་དེ་ནི། ཁྱེད་ཀྱིས་སོ་སོའི་གློག་འཕྲིན་ཁ་ཕྱེས་ཐེངས་རེར། ཁྱེད་ཀྱི་ལག་འཁྱེར་ཁ་པར་ཐོག་ཨང་ཚབ་ཞིག་འབྱོར་གི་རེད།
དེ་ཡང་། ལྷག་པར་དུ་ཁྱེད་ཀྱིས་རྒྱུན་སྤྱོད་བྱེད་ཀྱི་མེད་པའི་གློག་ཀླད་གཞན་པའི་སྟེང་ནས་གློག་འཕྲིན་ཁ་ཕྱེས་ཚེ་དེ་ལྟར་འབྱུང་གི་རེད། གལ་སྲིད། མི་ཞིག་གིས་ཁྱེད་ཀྱི་གསང་ཚིག་ལ་གཏོར་བཅོམ་བཏང་ནས་ཁྱེད་ཀྱི་གློག་འཕྲིན་ཁོངས་སུ་སིམ་འཛུལ་བྱེད་པར་བརྩམ་ཚེ། ཁྱེད་ཀྱི་ལག་འཁྱེར་ཁ་པར་སྟེང་ལ་ཨང་ཚབ་དེ་འབྱོར་གི་རེད་ལ། ཨང་ཚབ་དེ་མེད་པར་གཞན་སུ་གང་གིས་ཀྱང་ཁྱེད་ཀྱི་གློག་འཕྲིན་ཁ་ཕྱེས་ཐུབ་གི་མ་རེད། གློག་འཕྲིན་ཞབས་ཞུ་གྲགས་ཆེ་བའི་རིགས་སྟེ་རྗེ་མེལ་(Gmail)དང་ཡ་ཧོའོ(Yahoo)། ཧོ་ཁྲི་མེལ།(Hotmail) སྒྲི་རོབ་སྤོ་ཁུ་སུ(dropbox)་སོགས་ཀྱིས་བྱེད་ཐབས་འདི་བེད་སྤྱོད་གཏོང་གི་ཡོད།

༦) སྤྱི་ཚོགས་འབྲེལ་མཐུད་དྲ་བ་ཉེན་སྲུང་ཡོད་པ་བྱོས།

ཉེ་བའི་ལོ་འགའི་སྔོན་ནས། འཛམ་གླིང་ཡུལ་གྲུ་གང་སར་འཐོར་བའི་བོད་མི་ཚོས་ཀྱང་སྤྱི་ཚོགས་འབྲེལ་མཐུད་དྲ་བ་དང་ཟིན་བྲིས་སོགས་བེད་སྤྱོད་གཏོང་འགོ་ཚུགས་ཡོད། སྔོན་ཆད་དང་མི་འདྲ་བར། ང་ཚོས་རང་གི་ནང་མི་དང་གྲོགས་པོ་གཅིག་པོ་མ་ཡིན་པར། སྔོན་ཆད་ངོ་མི་ཤེས་བའི་བོད་མི་མང་པོར་སྤྱི་ཚོགས་འབྲེལ་མཐུད་དྲ་བ་བརྒྱུད་ནས་གྲོགས་སྒྲིག་ཐུབ་གི་ཡོད། སྡིངས་ཆ་འདི་ཡིས་ང་ཚོའི་སྤྱི་ཚོགས་ཁྲོད་དུ་བགྲོ་གླེང་དང་རྩོད་པ་བཅས་ཀྱི་གླེང་སྟེགས་བསྐྲུན་ཡོད་པ་མ་ཟད་སོ་སོའི་ཉེ་འཁོར་ལ་འབྱུང་བཞིན་པའི་གནས་ཚུལ་མང་པོ་ཤེས་རྟོགས་ཀྱང་ལས་སླ་རུ་བཏང་ཡོད། འབྲེལ་མཐུད་དྲ་བ་འདི་དག་ང་ཚོ་སྐྱེ་བོ་སྒེར་བ་ཙམ་མ་ཡིན་པར་སྤྱི་ཚོགས་ཁྱོན་ཡོངས་ལ་གལ་ཆེ་བ་ཆགས་པ་དང་དུས་མཉམ་དུ། དེས་ང་ཚོ་དང་ང་ཚོའི་སྤྱི་ཚོགས་ལ་འཁྱེར་ཡོང་བའི་ཉེན་ཁ་ཡང་ཚད་མཐོ་རུ་འགྲོ་གི་ཡོད།
དེར་བརྟེན། སྤྱི་ཚོགས་འབྲེལ་མཐུད་དྲ་བའི་རིགས་སྟེ་ངོ་དེབ་ལྟ་བུ་བེད་སྤྱོད་གཏོང་ན། དུས་རྟག་པར་བདེ་སྲུང་(Security)དང་སྒེར་སྲུང་གི་གདམ་ཀ་(Privacy options)དེ་དག་ངེས་པར་དུ་བེད་སྤྱོད་ཐོངས། ལྷག་པར་དུ། སོ་སོར་ཆ་རྒྱུས་མེད་པའི་ཉེར་སྤྱོད་རིགས་ངོ་དེབ་སྟེང་ལ་ནང་འཇུག་མ་བྱེད། སེམས་ལ་དྲན་རྒྱུ་ཞིག་ལ། ངོ་དེབ་སྟེང་ལ་ཡང་ར་སྤྲོད་རིམ་པ་གཉིས་ཅན་གྱིས་བྱེད་ཐབས་དེ་བེད་སྤྱོད་བཏང་ཆོག་གི་རེད།

༧) སོ་སོ་ཉེན་སྲུང་བྱེད་ཐུབ་མཁན་གྱི་གློག་འཕྲིན་ཁ་བྱང་ཡག་པོ་དེ་འདྲ་འདེམས།

དྲ་ཐོག་ཏུ་གློག་འཕྲིན་ཞབས་ཞུ་མང་པོ་ཡོད་ཙང་། ང་ཚོར་ཡག་ཤོས་དེ་གདམས་པའི་གོ་སྐབས་ཡོད་པ་རེད། ང་ཚོས་གློག་འཕྲིན་ཁ་བྱང་འཚོལ་བའི་སྐབས་སུ། ང་ཚོས་བལྟ་ས་གཙོ་བོ་ཞིག་གིས་གློག་འཕྲིན་ཁ་བྱང་དེ་ཡིས་སྤྲོད་པའི་ཉེན་སྲུང་གི་ནུས་བ་དེ་ཡིན། དེར་བརྟེན། གློག་འཕྲིན་ཁ་བྱང་གདེམས་དུས་སེམས་ལ་ངེས་དགོས་བའི་གནད་དོན་གཉིས་ནི། དང་པོ། གློག་འཕྲིན་ཁ་བྱང་དེས་HTTPS མཁོ་སྤྲོད་བྱེད་གི་ཡོད་མེད་བལྟོས། གཉིས་པ། གློག་འཕྲིན་ཁ་བྱང་དེ་ལ་རིམ་པ་གཉིས་ཅན་གྱི་ར་སྤྲོད་ཀྱི་བྱེད་ཐབས་དེ་ཡོད་མེད་བལྟོས། གནད་དོན་འདི་གཉིས་སེམས་ལ་ངེས་རྒྱུ་ཧ་ཅང་གལ་ཆེ།

༨) ཟུར་སྣོན་དང་ཁ་བྲལ།

ང་ཚོས་སྤྱིར་བཏང་གི་གློག་འཕྲིན་སྐོར་ལ་ཅུང་ཟད་གླེང་ཚར་བ་རེད། ད་ནི། ང་ཚོས་ནམ་རྒྱུན་གློག་འཕྲིན་བརྒྱུད་ཡིག་ཆ་བགོ་འགྲེམས་བྱེད་སྟངས་སྐོར་ལ་རོབ་ཙམ་གླེང། ང་ཚོས་ཟླ་བ་མང་པོའི་སྔོན་ལ། ཟུར་སྣོན་དང་ཁ་བྲལ་ཟེར་བ་ཞིག་གོ་མྱོང་མི་འདུག་གམ། གང་ཞིག་སྟབས་བདེ་བྱེད་པ་དེས་མཚམས་རེར་ང་ཚོ་ཉེན་ཁའི་གནས་སུ་སྐྱེལ་གི་ཡོད། མི་སྒེར་དང་ཚོང་ལས་ཁང་། སྲིད་གཞུང་བཅས་ཀྱིས་དྲ་འབུ་ཡོད་པའི་གློག་འཕྲིན་བརྒྱུད་ཁྱེད་ཀྱི་གནས་ཚུལ་རྐུ་འཁྱེར་བྱེད་པ་དང་གཞན་ལ་བཙོང་བ་བཅས་བྱེད་པ་མ་ཟད་། བྱེད་སྟངས་དེས་ཁྱེད་རང་གཅིག་པོ་མ་ཡིན་པར་ཁྱེད་དང་དྲ་འབྲེལ་ཡོད་མཁན་ཚང་མ་ཡང་བརྡབ་གསིག་ཆེན་པོ་གཏོང་གི་རེད། དྲ་འབུ་ཡོད་པའི་ཟུར་སྣོན་རིགས་ཁ་འབྱེད་པ་དང་དེ་ལ་བལྟ་བ་དེས་ཁྱོད་ལ་དཀའ་ངལ་མང་པོ་འཁྱེར་ནས་ཡོང་སྲིད་།
༡) དེ་ཡིས་ཁྱེད་ཀྱི་མིང་དང་གསང་ཚིག་སོགས་ཁྱེད་ཀྱིས་གློག་ཀླད་སྟེང་བྲིས་བ་ཚང་མ་རྐུན་འཁྱེར་ཐུབ།
༢) དེ་ཁྱེད་ཀྱི་པར་ཆས་དང་སྐུད་མེད་ཁ་པར་གྱི་ཁོངས་སུ་འཛུལ་ནས་རྒྱབ་ནས་ཁྱོད་ལ་ལྐོག་ལྟ་དང་ལྐོག་ཉན་བྱེད་ཐུབ།
༣) དེ་ལྐོག་ནས་ཁྱེད་ཀྱི་གློག་ཀླད་དུ་འཛུལ་ནས་ཁྱེད་ཀྱི་ཡིག་ཆ་ཁག་བསྣོག་ཐུབ། གང་ལྟར། ཇི་སྲིད་ང་ཚོས་ཡིག་ཆ་བགོ་བའི་གོམས་གཤིས་སྡུག་པོ་དེ་བརྗེ་བོ་མ་བརྒྱབ་པར་དུ། ང་ཚོར་རྟག་ཏུ་དཀའ་ངལ་འཕྲད་སྲིད་པ་མ་ཟད་མི་ཚེ་གང་བོར་འགྱོད་པ་སྐྱེས་བའི་གནད་དོན་ཡང་འབྱུང་སྲིད་། རྒྱུ་མཚན། དེ་རིང་སང་ཉིན་གྱི་ང་ཚོའི་མི་ཚེའི་ཆ་ཤས་མང་པོ་ཞིག་དྲ་ཐོག་ལ་བརྟེན་ནས་ཡོད།

ཟུར་སྣོན་བརྒྱུད་ཡིག་ཆ་བགོ་བཤའ་བྱེད་པ་མ་ཡིན་པར་ང་ཚོས་ཉེན་སྲུང་ལྡན་པའི་ལམ་ཁ་གཞན་པ་ཡོད་པ་རེད། དེ་ཡང། གལ་སྲིད་ཁྱོད་ཀྱིས་རྗེ་མེལ་གློག་འཕྲིན་ཁ་བྱང་བེད་སྤྱོད་གཏོང་གི་ཡོད་ཚེ། རྗེ་མེལ་ལ་ Drive (སྔོན་ཆད་འདིའི་མིང་ལ GoogleDocཟེར) ཟེར་བའི་པར་གཞི་ཞིག་ཡོད་པ་རེད། དེ་བེད་སྤྱོད་གཏོང་རོགས། གཞན་www.dropbox.comདང www.ge.tt སོགས་བེད་སྤྱོད་བཏང་ནས་ཡིག་ཆ་བགོ་བཤའ་བྱས་ནས་ཧ་ཅང་བདེ་འཇགས་དང་ཉེན་སྲུང་ཡག་པོ་ཡོད་པ་རེད། དེར་བརྟེན། འདི་དག་བེད་སྤྱོད་གཏོང་རྒྱུ་འགོ་ཚུགས།

༩) མ་བསྣུན་སྔོན་ལ་བསམ་བློ་ཐོངས།

ང་ཚོར་ཡོད་པའི་གོམས་གཤིས་ངན་པ་གཞན་ཞིག་ནི། སོ་སོའི་གློག་འཕྲིན་ཡིག་ཟམ་ལ་འབྱོར་བའི་འབྲེལ་ཐག་ཡོད་ཚད་ལ་བསྣུན་པ་དེ་རེད། འབྲེལ་ཐག་ཤེས་མ་ཤེས་གཉིས་ལ་བསྣུན་པ་ལ་བརྟེ་ནས་གཞན་གྱིས་ལས་སླ་བོའི་སྒོ་ནས་ང་ཚོའི་གནས་ཚུལ་མང་པོ་བརྐུ་འཁྱེར་བྱེད་ཀྱི་ཡོད། གལ་སྲིད་ཁྱོད་ནས་གཞན་ལ་འབྲེལ་ཐག་ཞིག་ངེས་པར་དུ་གཏོང་དགོས་ཚེ། འབྲེལ་ཐག་དེ་ཁ་གཏོར་ནས་གཏོང་རོགས། ( དཔེར་ན https: //youku. com/ འདི་ལྟར) གལ་སྲིད་ཁྱོད་ལ་འབྲེལ་ཐག་ཞིག་འབྱོར་ཚེ། འབྲེལ་ཐག་དེ་གཏོང་མཁན་ངོ་ཤེས་དེ་འདྲ་ཡིན་རུང་། དེར་བསྣུན་རྐྱང་མ་བྱས་པར་འབྲེལ་ཐག་དེ་དངོས་མ་ཡིན་མིན་ལ་བརྟག་དཔྱད་གཏོང་རྒྱུ་ཧ་ཅང་གལ་ཆེ།

བརྟག་དཔྱད་གཏོང་སྟངས་ཡག་ཤོས་ནི། འབྲེལ་ཐག་དེའི་སྟེང་ལ་མ་བསྣུན་པར། ཁྱོད་ཀྱི་གློག་ཀླད་ཀྱི་ཙི་ཙིའི་མདའ་རྩེ་དེ་ག་ལེར་འབྲེལ་ཐག་དེའི་སྟེང་ལ་ཞོག་དང་། བཤེར་ཆས་ཀྱི་གཤམ་ངོས་སུ་འབྲེལ་ཐག་དེ་བསྐྱར་དུ་ཤར་གི་རེད། གལ་སྲིད་དངོས་མ་ཡིན་ན། འབྲེལ་ཐག་གཅིག་པ་གཅིག་རྐྱང་ཤར་གི་རེད། གཞན། དྲ་འབུ་ཡོད་པའི་འབྲེལ་ཐག་སྒོ་འབྱེད་པ་ནི་ཟུར་སྣོན་ཁ་ཕྱེས་བ་དང་གཅིག་མཚུངས་རེད། དྲ་འབུ་ཅན་གྱི་འབྲེལ་ཐག་དེ་འདྲས་ཁྱེད་རང་དྲ་ངོས་གསར་བ་ཞིག་ཏུ་འཁྲིད་སྲིད་པ་མ་ཟད་ཁྱེད་ཀྱི་གསང་ཚིག་སོགས་ནང་འཇུག་ཡང་བྱེད་འཇུག་སྲིད། བྱེད་ཐབས་འདི་བཀོལ་ནས་མི་མང་པོའི་གསང་ཚིག་སོགས་རྐུན་མར་ཤོར་གྱི་ཡོད།
ད་དུང་། དྲ་འབུ་ཅན་གྱི་འབྲེལ་ཐག་སྒང་ན་བསྣུན་པ་དེས་ཁྱེད་ཀྱི་གློག་ཀླད་སྟེང་ལ་དྲ་འབུ་འབོར་ཆེན་འཁྱེར་ཡོང་སྲིད་པ་མ་ཟད་དེ་ཡིས་ཁྱོད་ཀྱི་བྱེད་ལས་ཚང་མ་ལྐོག་ལྟ་བྱེད་གི་རེད། ཟུར་སྣོན་ནང་བཞིན། འབྲེལ་ཐག་གང་བྱུང་ལ་མི་བསྣུན་པ་དང་འབྲེལ་ཐག་གང་བྱུང་གཞན་ལ་མི་གཏོང་བའི་གོམས་གཤིས་དེ་འཇགས་པར་བྱེད་པ་ལ། འབྲེལ་ཐག་གཏོང་དུས་འབྲེལ་ཐག་ཁ་གཏོར་ནས་གཏོང་རོགས། འབྲེལ་ཐག་འབྱོར་ན་དེ་ལ་ངེས་པར་དུ་བརྟག་དཔྱད་གཏོང་རོགས།

༡༠) ཡིད་རྟོན་འཕེར་བའི་དྲ་བ་ནས་མཉེན་ཆས་ཕབ་ལེན་བྱོས། དུས་རྟག་དུ་མཉེན་ཆས་རིགས་གསར་སྣོན་བྱོས།

ང་ཚོས་སོ་སོའི་ལས་ཀའི་ཆེད་དུའམ་ཡང་ན་སོ་སོ་སྐྱིད་པའི་སླད་དུ། ང་ཚོས་དྲ་ཐོག་ནས་བེད་སྤྱོད་ཡག་པོ་ཡོད་པར་མཐོང་བ་མང་པོ་ཞིག་ཕབ་ལེན་བྱེད་ཀྱི་ཡོད་ལ། ང་ཚོས་མཉེན་ཆས་ཤིག་ཡིན་ན་དེ་གང་ནས་ཕབ་ལེན་བྱེད་དང་དེ་བརྟན་པོ་ཅི་ཙམ་ཡོད་མེད་སོགས་ཀྱི་སྐོར་ལ་བསམ་བློ་དེ་ཙམ་གཏོང་གི་མེད། དྲ་འབུ་ཡོད་པའི་མཉེན་ཆས་རིགས་ཀྱིསང་ཚོའི་གློག་ཀླད་ཀྱི་མ་ལག་ཧྲིལ་བོར་དལ་བར་གཏོང་སྲིད་ལ་ང་ཚོའི་ཡིག་ཆ་ཁག་བརྐུ་འཁྱེར་ཡང་བྱེད་སྲིད།
འདི་ཡིས་མཚམས་རེར། འཇབ་རྒོལ་བྱེད་མཁན་རྣམས་ལ་ང་ཚོའི་གློག་ཀླད་བརྒྱུད་གཞན་གྱི་གནས་ཚུལ་བརྐུ་བའི་ཟམ་པ་ལྟ་བུའི་མཐུན་རྐྱེན་ཡང་བསྐྲུན་སྲིད། དེར་བརྟེན། མཉེན་ཆས་ངོ་ཤེས་མི་ཤེས་གཉིས་ཀ་ཕབ་ལེན་བྱེད་རྒྱུ་མཚམས་འཇོག་དགོས་བ་མ་ཟད། གལ་སྲིད་ངེས་པར་དུ་ཕབ་ལེན་བྱེད་དགོས་ཚེ། མཉེན་ཆས་དེའི་ཁུངས་ཨ་མའམ་དྲ་ཚིགས་ངོ་མ་དེ་ནས་ཕབ་ལེན་བྱེད་དགོས། ལྷག་པར་དུ། ཁྱེད་ཀྱིས་ཕབ་ལེན་ཟིན་པའི་མཉེན་ཆས་ཡག་པོའི་རིགས་དེ་ཚོ་ཡང་དུས་ནས་དུས་སུ་གསར་སྣོན་བྱེད་རྒྱུ་ཧ་ཅང་གལ་ཆེ།

གོང་དུ་གླེང་ཟིན་པའི་དོན་ཚན་བཅུ་པོ་འདི་ནི། ད་བར་དུ་ངེད་ཀྱིས་བྲིས་བའི་རྩོམ་ཡིག་འགའ་ཡི་ནང་དོན་སྙིང་བསྡུས་ལྟ་བུ་ཞིག་ཡིན། ཁྱེད་ཅག་གིས་མུ་མཐུད་དུ་ཀློགས་དང་། ངེད་ཀྱིས་ཁྱེད་ཅག་གི་མདུན་ལ་མུ་མཐུད་དུ་བརྫངས་ངེས།

ངའི་གློག་འཕྲིན་ཁ་བྱང་། jigmeynubpa@gmail.com

(འཇིགས་མེད་ནུབ་པ་ནི། ཡིག་སྒྱུར་དང་རྩོམ་འབྲི། རྩོམ་སྒྲིག་བཅས་ཀྱི་ཕྱག་ལས་གནང་མཁན་བོད་རིགས་གཞོན་སྐྱེས་ཤིག་ཡིན)

གློག་ཀླད་ཤེས་བྱ།

Post navigation

Previous Post: སྙན་ངག་ས་ཞིང་གི་ཕྲན་དཔྱད།
Next Post: ལ་ཁའི་ཆིག་ལབ། ༼སྒྲུང་གཏམ༽

Comments (13) on “དྲ་ཐོག་ནས་མི་ཚེ་སྐྱེལ་ན། ལམ་ཁ་བཅུ་འདི་སེམས་ལ་ཉེ་བར་ཞོག”

  1. ཀླུ་སྨྱོན། says:
    2013-06-27 at 1:16 am

    ང་ལ་ཁ་པར་སྐོར་གྱི་དྲི་བ་ཞིག་འདུག ཟླ་ཤས་སྔོན་ང་དང་བོད་པ་ཞིག་གི་བར་ཁ་པར་ཨང་གྲངས་བརྒྱུད་ནས་འཕྲིན་ཐུང་བསྐུར་རེས་བྱས། ཉེ་ཆར་མིང་གཅིག་ཡིན་པ་ལ་ཨ་པར་ཨང་གྲངས་གཞན་པ་ཞིག་ཀྱང་ངའི་ཁ་པར་ནང་འཛུལ་འདུག ངས་ཐོག་མར་དེའི་ཁ་པར་ཨང་གྲངས་ལ་མ་བལྟས་པར་སྔོན་མའི་གྲོགས་པོ་དེ་ཡིན་ཤག་གིས་པར་དང་ཡིག་ཐུང་དེ་འདྲ་བསྐུར་བར། མི་དེས་ངས་ཁྱེད་ངོ་ཤེས་ཀི་མེད། ཁྱེད་སུ་ཡིན་སོགས་ཚུར་དྲི་བ་དྲིས་སོང་། ང་མགོ་འཐོམས་ནས་བསྡད། མཐར་ཁ་པར་གྲངས་མི་གཅིག་པ་དེ་མཐོང་ནས་མི་དེའི་ཨང་གྲངས་དེ་བསུབས་བཞག་པ་ཡིན། མི་དེའི་ཨང་གྲངས་སྔོན་མའི་མི་དེའི་འཕྲིན་ཐུང་གི་འཕྲོས་སུ་ཇི་ལྟར་བྱས་ནས་བསླེབས་པ་རེད།

  2. རྒྱང་མིག says:
    2013-06-27 at 11:46 am

    འཇིགས་མེད་ནུབ་པ་ལགས་ཀྱིས་གློག་ཀླད་ཤེས་བྱ་དང་འབྲེལ་ཡོད་སྐོར་ནས་གནད་འགག་ཅན་རྣམས་མཚམས་སྦྱོར་གནང་བར་དགའ་བསུ་ཡོད། མཚམས་སྦྱོར་དེས་ཕན་ཐོགས་དང་བློ་བསྐྱེད་ཆེན་པོ་འབྱུང་གི་འདུག རྗེས་མར་ཡང་འདི་འདྲའི་རིགས་མུ་མཐུད་གསུང་རོགས་ཞུ།

  3. འཇིགས་མེད་ནུབ་པ་ says:
    2013-06-27 at 1:37 pm

    དོན་རྐྱེན་འདིའི་རིགས་རྒྱུ་རྐྱེན་འགའ་ཤས་ལ་བརྟེན་ནས་འབྱུང་བཞིན་ཡོད།

    གཅིག
    ཁྱེད་ཀྱིས་ངོ་མི་ཤེས་བའི་མི་ཞིག་དང་ཁོང་གི་ཨང་གྲངས་གཉིས་ཀ་ཁྱོད་ཀྱི་ལག་འཁྱེར་ཁ་པར་སྟེང་དུ་སླེབས་ཡོད་ན། གཅིག་བྱས་ན་ཁྱོད་ཀྱི་ལག་འཁྱེར་ཁ་པར་དེ་ལ་གཞན་གྱིས་སིམ་འཛུལ་བྱས་ཡོད་སྲིད། གལ་སྲིད་སིམ་འཛུལ་བྱས་ཡོད་ཚེ། ཁྱོད་ཀྱིས་གང་མགྱོགས་སོ་སོའི་ལག་འཁྱེར་ཁ་པར་གཙང་བཟོ་བྱེད་དགོས། ད་དུང་། ལག་འཁྱེར་ཁ་པར་གྱི་བཀོལ་སྤྱོད་མ་ལག་(Operating system)དེ་གསར་སྣོན་(Update)བྱེད་དགོས། ཉེར་སྤྱོད་མ་ལག(Apps)་ངོ་མི་ཤེས་པའི་རིགས་ངོས་ལེན་བྱེད་མི་ཉན།

    གཉིས།
    རྒྱུ་རྐྱེན་གཞན་ཞིག་ནི། གལ་སྲིད་ཁྱོད་ཀྱི་ཁ་འཁྱེར་ཁ་པར་དེ་གནམ་ཀླད་(Skype)དང་སྐད་འཕྲིན(Wechat)། ངོ་དེབ(Facebook)། སོགས་ལ་མཐུད་ནས་ཡོད་ཚེ། དེ་ཚོ་གང་རུང་གི་སྟེང་དུ་ཡོད་པའི་ཉེར་སྤྱོད་མ་ལག་(Apps)དེ་འདྲས་ཁྱོད་ཀྱི་ལག་འཁྱེར་ཁ་པར་ངོས་སུ་དེ་ཚོའི་སྟེང་དུ་ཡོད་པའི་མི་རྣམས་དང་ཁོང་ཚོའི་ཁ་པར་ཨང་གྲངས་སོགས་ཀྱང་ཤར་བཅུག་གི་རེད། འདི་གཙོ་བོ་ཁྱོད་ཀྱི་ལག་འཁྱེར་ཁ་པར་གྱི་སྒྲིག་བཟོའི་(Setting)ཁོངས་ནས་བཅོས་དགོས།

  4. བློ་བཟང་། says:
    2013-06-27 at 7:54 pm

    ཤིན་ཏུ་ནས་ཐུགས་རྗེ་ཆེ་ཞུ། བོད་ཡིག་དངོས་གཙང་སྤྱོད་བཞིན་པ་ནས་རིག་གནས་གསར་པ་འགྲེལ་བཤད་བྱས་པར་བློ་བ་དགའ།

  5. གནམ says:
    2013-06-27 at 9:41 pm

    བོད་པ་ཞིག་ཡིན་ཕྱིན། གསང་ཚིག་མགོ་རྙོག་པོ་ཞིག་བཟོ་བ་ལ་དཀའ་ངལ་མེད། ཡིན་ཡང་། བཟོས་ཚར་བའི་གསང་ཚིག་མགོ་རྙོག་པོ་དེ་ཚོ་ཡིད་ལ་འཛིན་པར་དཀའ་ངལ་ཡོད་པས། དེ་ལ་ཐབས་ཤེས་ག་རེ་ཡོད་པ་རེད། སོ་སོའི་ཡིག་འཕྲུན་གྱི་གསང་ཚིག་རྐུན་མ་ཞིག་གིས་ག་པ་ག་པ། སོ་སོས་ཡང་མ་ཤེས་པར་ལྷག་སོང་བ་གྲངས་མེད་ཡིན། ད་ག་རེ་བྱེད།

  6. གནམ says:
    2013-06-27 at 9:43 pm

    འཕྲུན་དེ་འཕྲིན་ལ་བཅོས།

  7. འཇིགས་མེད་ནུབ་པ་ says:
    2013-06-27 at 9:57 pm

    ཁྱེད་ཅག་ལ་དྲི་བ་ཡོད་ཚེ། ངའི་གློག་འཕྲིན་སྒང་ལ་བསྐུར་ན་ཡང་འགྲིག ངེད་ཀྱིས་མ་ཤེས་བ་ཡོད་ཚེ། ངེད་ཀྱིས་ཆེད་ལས་མཁས་པར་སྐད་ཆ་དྲིས་ནས་ལན་སྤྲོད་ཐུབ། དྲ་བའི་རིག་གནས་འདི་བོད་ཕྱི་ནང་གི་བོད་རིགས་སྤུན་ཟླ་ཚང་མར་ཧ་ཅང་གལ་ཆེན་ཡིན།

    འཇིགས་མེད་ནུབ་པས།

  8. བསྟན་འཛིན། says:
    2013-06-27 at 11:13 pm

    ཐུགས་རྗེ་ཆེ།
    དྲི་བ་ཞིག་ལ། ཀུ་ཤུ་ཁ་པར་སོགས་སུ་དྲ་འབུ་འཛུལ་ཐུབ་ཀྱི་རེད་དམ། གལ་སྲིད་འཛུལ་ན་ག་འདྲ་བྱས་ནས་གཙང་མ་བཟོ་དགོས་པ་རེད།

  9. མྱི་རྐྱང་སྨྱོན་པ། says:
    2013-06-28 at 4:04 am

    གྲོགས་པོ་ལགས། ཉིད་ཀྱིས་བྲིས་རྩོམ་མང་བོ་ཞིག་གིས་བདག་ལ་ཕན་ཐོགས་ཀྱང་བྱུང་སོང་ན་བཀའ་དྲིན་ཆེ་ཞུ། འདྲི་རྒྱུ་ཞིག་ལ། ༡༽ རྩིས་འཕྲུལ་ལས་དྲྭ་ཚིགས་གང་རུང་ཞིག་བརྔོགས་རྗེས་དེའི་དྲྭ་བྱང་དེ་ཉར་ཚག་བྱེད་འགྲོ་བཞིན་འདུག དཔེར་ན་བོད་ཀྱི་དུས་བབ་ལྟ་བུ་ཞིག་བསྔོགས་ན་ཐེངས་གཅིག་བསྔོགས་རྗེས་རང་འགུལ་གྱིས་དེའི་དྲྭ་བྱང་www.tibettimes.netསྔོག་ཆས་གང་དེར་ཉར་འདུག་པས་ཐེངས་རྗེས་མ་tལྟ་བུ་ཞིག་གཏག་ན་དྲྭ་བྱང་ཚང་མ་འཆར་ཡོང་བས་དྲྭ་བྱང་དེ་དག་གཙང་བཟོ་བྱེད་ཐབས་འདྲ་མཆིས་སམ།
    ༢༽ རྩིས་འཕྲུལ་ནང་གི་ཡིག་ཆ་དང་པར་རིས་སོགས་མི་དགོས་རིགས་གསུབ་ན་ཐོག་མར་སྙིགས་ཟོམ་དུ་ལྷུང་འགྲོ་ཞིང་། སྙིགས་ཟོམ་ནས་ཀྱང་གཙང་བསུབ་བྱས་ཟིན་ནའང་རྩིས་འཕྲུལ་ཞིབ་བསྔོག་བྱས་ན་བསྐྱར་གསོ་བྱེད་པའི་ཐབས་ལམ་ཡོད་ཅེས་ཟེར། དེ་ལྟ་ན་ཡིག་ཆ་དང་པར་རིས་སོགས་རྩིས་འཕྲུལ་ལས་གཏན་དུ་གཙང་བསུབ་བྱེད་པའི་ཐབས་ལམ་འདྲ་བདོག་གམ། འདི་ནི་ཧ་ཅང་དགོས་གལ་ཆེ་བས་བཀའ་ལན་གསལ་ཙམ་ཡོང་བར་ཞུ། མྱི་རྐྱང་སྨྱོན་པས།
    ཡིག་ཐོག་ནས་བཀའ་ལན་ཕུལ་བར་དཀའ་ལས་ཆེ་ན་བདག་གི་སྐད་འཕྲིན་འདི་ནང་འཇུག་བྱེད་རོགས་ཞུ། crazyman58

  10. འཇིགས་མེད་ནུབ་པ་ says:
    2013-06-28 at 2:16 pm

    སྒང་གི་དྲི་བ་དེ་ལ་ལན་གཤམ་གྱི་འདི་དག་ཡིན།

    དང་པོ།
    དྲ་ཚིགས་གང་ཞིག་བསྔོགས་རྗེས། དེའི་དྲ་བྱང་དེ་བཤེར་ཆས་(Browser)ཀྱིས་ཉར་འདུག་པ་དེ་གཙང་བཟོ་བྱེད་ཐུབ་ཡོད་པ་རེད། ཁྱེད་ཀྱིས་བཤེར་ཆས་གང་ཞིག་བེད་སྤྱོད་བཏང་རུང་། དྲ་བྱང་ཤར་ས་དེའི་སྒང་ན(History)དྲ་བྱང་ལོ་རྒྱུས་ཟེར་བ་ཞིག་ཡོད་པ་རེད། ཁྱེད་ཀྱིས་དྲ་ཚིགས་གང་དང་གང་བསྔོགས་པ་ཚང་མ་འདི་རུ་ཉར་ནས་ཡོད་པ་རེད། དེར་བརྟེན། དྲ་བྱང་ཉར་ཚགས་དང་བསྐྱར་ཤར་མ་ཡོང་བ་བྱེད་པ་ལ། གཤམ་གྱི་རིམ་པ་འདི་དག་ལག་བསྟར་བྱོས།
    ༡) History ཟེར་བ་དེའི་སྒང་ལ་བསྣུན།
    2) དེའི་རྗེས་ལ། Show Full History ཟེར་བ་དེའི་སྒང་ལ་བསྣུན།
    3) དེ་ནས། Clear browsing data ཟེར་བ་དེའི་སྒང་ལ་བསྣུན།
    4) མཐའ་མ་དེར་བསྐྱར་དུ་ Clear browsing data ཡི་སྒང་ལ་བསྣུན་དང་ཚང་མ་གཙང་བཟོ་བྱེད་གི་རེད།
    འདི་ལྟར་བྱེད་ཐུབ་ན་འདིས་ཁྱོད་ཀྱི་བདེ་འཇགས་ལ་ཡང་ཕན། གཞན་གྱིས་ལས་སླ་བོར་ཁྱོད་ཀྱིས་དྲ་ཚིགས་གང་དང་གང་བསྔོགས་མིན་དང་གློག་འཕྲིན་ཁ་བྱང་གང་དང་གང་གི་ཁོངས་སུ་འཛུལ་མིན་མི་ཤེས།

    ད་དུང་། ཁྱེད་ཀྱིས་བཤེར་ཆས་(Google Chrome)ཟེར་བ་དེ་བེད་སྤྱོད་གཏོང་གི་ཡོད་ཚེ། New Incognito Windowཟེར་བ་ཞིག་ཡོད་པ་རེད། དེ་བེད་སྤྱོད་བཏང་ན། ཁྱེད་ཀྱིས་དྲ་ཚིགས་སོགས་གང་ཞིག་བསྔོགས་རུང་། དེ་དག་གི་རྐང་རྗེས་(History)དྲ་བྱང་ལོ་རྒྱུས་ཀྱི་ཁོངས་སུ་ཤར་གི་མ་རེད་ལ། ཁྱེད་ཀྱིས་གློག་འཕྲིན་ཁ་བྱང་རྗེ་མེལ་ལྟ་བུའི་ཁ་བྱང་མི་འདྲ་བ་གསུམ་བཞི་མཉམ་དུ་སྒོ་འབྱེད་ཐུབ་གི་རེད། (འདིའི་སྐོར་གྱི་རྩོམ་ཡིག་ཞིག་བྲིས་ཚར་གྲབས་ཡོད།)

    གཉིས།
    གློག་ཀླད་དང་སྙུགས་ཟོམ་གཙང་བཟོའི་སྐོར་གྱི་རྩོམ་ཞིག་ངེད་ཀྱིས་ཁ་སྔོན་བྲིས་ནས་བོད་ཡིག་གི་དྲ་རྒྱ་མང་པོར་བཀོད་ཡོད། དེའི་སྐོར་ལ་རྒྱས་བ་ཞིག་ཀྱང་ཚར་གྲབས་ཡོད། ཁ་སྔོན་གྱི་རྩོམ་དེ་ཀློགས་དང་དེས་ཁྱོད་ལ་ལན་སྤྲོད་ངེས།
    འབྲེལ་ཐག http://karkhung.com/archives/1801#more-1801

    འཇིགས་མེད་ནུབ་པས།

  11. འཇིགས་མེད་ནུབ་པ་ says:
    2013-06-28 at 2:31 pm

    ཀུ་ཤུ་རྟགས་ཅན་གྱི་ལག་འཁྱེར་ཁ་པར་གཞན་དག་ལས་ཉེན་སྲུང་བརྟན་པ་ཡོད་པ་རེད། འོན་ཀྱང་། དྲ་འབུ་འཛུལ་ཐུབ་གི་རེད་དམ་ཞེ་ན། ཐུབ་གི་རེད། འོ་ན། དེ་ལ་ཐབས་ཤེས་ཡོད་དམ་ཞེ་ན། ཐབས་ཤེས་ཀྱང་ཡོད་པ་རེད། ལག་འཁྱེར་ཁ་པར་གྱི་རིགས་ཕལ་ཆེ་བ་གཙང་བཟོ་བྱེད་སྟངས་གཅིག་པ་ལྟ་བུ་རེད། ཀུ་ཤུ་རྟགས་ཅན་ལ་ཡང་དེ་མཚུངས་རེད། གནད་དོན་འདིའི་སྐོར་གྱི་རྩོམ་ཞིག་ཁ་སྔོན་ངེད་ཀྱིས་སྤེལ་ཚར་ཡོད། གནས་ཚུལ་ཞིབ་ཕྲ་དེ་རུ་ཡོད། རྩོམ་དེ་ཀློགས་རོགས།
    འབྲེལ་ཐག http://karkhung.com/archives/2010#more-2010

  12. བསྟན་འཛིན། says:
    2013-06-29 at 1:39 am

    འཇིགས་མེད་ནུབ་པ་ལགས། སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ཉིད་ཀྱི་རྩོམ་ཡིག་སྔ་ཕྱི་དེ་དག་གིས་བདག་ལ་ཧ་ཅང་ཕན་ཐོགས་བྱུང་། མུ་མཐུད་དུ་དེ་དང་དེ་འདྲ་བའི་རྩོམ་ཡིག་སྤེལ་བར་རེ་ཞིང་སྒུག་ནས་ཡོད། དེ་ཡང་ཡོངས་གྲགས་ཀྱི་དྲ་ཚིགས་ཏེ་བོད་ཀྱི་དུས་བབ་དང་ཁ་བརྡ་ལྟ་བུའི་ཁྱབ་ཆེ་བའི་དྲ་ཚིགས་དག་ཏུ་སྤེལ་རོགས། དྲ་ཚིགས་གཞན་དག་མང་བོར་ལྟ་ལོང་དེ་ཙམ་མེད་སྟབས་ང་ལྟ་བུར་མཚོན་ན་བསྒོ་སྐལ་དུ་མི་རག་པའི་དཀའ་ངལ་འདུག
    ད་དུང་རེ་སྐུལ་གཞན་ཞིག་ཞུ་རྒྱུ་ཞིག་ལ། སྐུ་ཉིད་ཀྱིས་གློག་ཀླད་སོགས་ཀྱི་ཉེན་ཆས་ཀྱི་རིགས་ངོ་སྤྲོད་གནང་སྐབས་དེ་དག་གི་པར་རིས་རེ་ཀྱང་མཉམ་དུ་སྤེལ་ན་ཡག་པོ་འདུག དེ་མིན་ཉེན་ཆས་གང་ཞིག་གི་མིང་བྲིས་ཏེ་འཚོལ་སྐབས་དེ་དང་མིང་གཅིག་པའི་ཉེན་ཆས་མང་བོ་ཤར་ཡོང་གི་འདུག་པས་བསལ་གསེས་མི་ཐུབ་པའི་དཀའ་ངལ་འདུག ཐུགས་རྗེ་ཆེ།

  13. བསྟན་འཛིན། says:
    2013-06-30 at 1:06 pm

    འཇིགས་མེད་ནུབ་པ་ལགས། བཀའ་འདྲི་ཞུ་རྒྱུ་ཞིག་ལ། བདག་གིས་སྐུ་ཉིད་ཀྱི་ལམ་སྟོན་བཞིན་དཀར་ཁུངས་དྲ་བར་ཀུ་ཤུ་ཁ་པར་གཙང་གཟོ་བྱེད་སྟངས་ཀྱི་རྩོམ་ཡིག་དེ་བཙལ་བ་ཡིན། འོན་ཀྱང་ང་ལ་མཁོ་བའི་ལན་དེ་རག་མ་བྱུང་། ད་དུང་ཀུ་ཤུའི་ནང་དུ་Operating system ཡང་མི་འདུག ད་ལྟ་ང་ལ་དཀའ་ངལ་འཕྲད་བཞིན་ཡོད། ཆེས་ཚབས་ཆེ་བ་ནི་ཟིན་བྲིས་འབྲི་དེབ་notes ཁ་འབྱེད་མི་ཐུབ་པར་གྱུར་སོང་། དེའི་ནང་བདག་གི་རྩ་ཆེ་བའི་ཡིག་ཚགས་མང་བོ་ཉར་ཡོད། ཁ་པར་སྒྲིག་སྦྱོར་གསར་དུ་བྱས་པ་སོགས་ཐབས་ཤེས་སྣ་མང་འཐེན་མོད་གྲུབ་འབྲས་ཅི་ཡང་མི་འདུག ལམ་སྟོན་དང་རོགས་རམ་རེ་གནང་བའི་རེ་བ་ཡོད། གལ་སྲིད་དྲ་འབུའི་རྐྱེན་ཡིན་ཚེ་ཇི་ལྟར་གཙང་བཟོ་བྱེད་དགོས་མིན་ལ་རོགས་རམ་ཞིག་གནང་རོགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme