Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོན་དངོས་ཀྱི་དགྲ་དགའ་གཉེན་སྡུག

Posted on 2016-03-142016-03-15 By རབ་འབྱོར་ 10 Comments on དོན་དངོས་ཀྱི་དགྲ་དགའ་གཉེན་སྡུག

རབ་འབྱོར་ནས།

 
དགྲ་དགའ་གཉེན་སྡུག་ཟེར་བ་འདི་ང་ཚོས་སྐྱབས་བཅོལ་བའི་སྤྱི་ཚོགས་ནང་དུ་རྒྱུན་དུ་ཐོས་པའི་གཏམ་དཔེ་ཞིག་ཡིན།   བཙན་བྱོལ་བོད་གཞུང་དང་སྤྱི་ཚོགས་ཀྱི་ནང་མཚང་ཞིག་དང་།  ནང་འགལ་ཞིག་ལ་ཕྱི་ལ་མངོན་དུས་གཏམ་དཔེ་འདི་ལན་མང་དུ་ཐོས།  འདིའི་མཚོན་དོན་ནི།  རང་ཕྱོགས་ཀྱི་ནང་འགལ་ལམ་ནང་སྐྱོན་ཞིག་གཞན་ལ་ཤེས་ཚོར་གྱི་གོ་སྐབས་མེད་པའི་སྒོ་ནས་སེལ་ཐུབ་ན་ལོས་བཟང་སྟེ།  སེལ་མ་ཐུབ་ན་ཡང་དེ་དག་ཕྱི་ལ་མི་མངོན་པར།  ཅི་ཡང་མེད་པའི་ཟོལ་གྱིས་སྡོད་དགོས་པ་དེ་ཡིན།

ང་ཚོས་དགྲ་དགའ་གཉེན་སྡུག་ཟེར་ནས་མི་གང་རུང་ཞིག་གིས་དགའ་སྡུག་བརྗོད་པ་ལ་ཚོད་འཛིན་བྱེད་ཅིང་། ཐ་ན་འགོག་པར་བྱེད། དེ་བས་ངས་གཏམ་དཔེ་འདི་ནི་ང་ཚོ་བོད་པའི་རུས་རྐང་ནང་ན་ཡོད་པའི་དམངས་གཙོ་ཡི་སྨྲ་བརྗོད་ཀྱི་ཁེ་དབང་འགོག་བྱེད་ཅིག་ལ་ངོས་འཛིན་བྱེད་ཀྱི་ཡོད། དགྲ་དགའ་གཉེན་སྡུག་གི་མཐར་ཐུག་གི་གོ་དོན་ནི་རང་སྐྱོན་སྦས་དགོས་པ་སྟེ། གཞུང་གི་ལས་སྣེ་ལྟ་བུ་ཞིག་གིས་ནོར་འཁྲུལ་ཇི་འདྲ་ཞིག་བྱུང་ན་ཡང་།  དགྲ་མི་དགའ་ཞིང་གཉེན་མི་སྡུག་པའི་ཆེད་དུ་ནོར་འཁྲུལ་དེ་མ་གླེང་ཟེར་གྱི་ཡོད་པ་རེད། སྐབས་འདིར་དམངས་གཙོ་ཡི་ཁྱད་ནོར་གཉིས་ཏེ། སྨྲ་བརྗོད་ཀྱི་རང་དབང་དང་། ཕྱི་གསལ་ནང་གསལ་ཟེར་བ་དེ་གཉིས་ཀ་རྩིས་མེད་དུ་གཏོང་གི་ཡོད། ང་ཚོས་ཕྱོགས་གཅིག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ང་ཚོའི་སྤྱི་ཚོགས་ལ་དམངས་གཙོ་གསོལ་རས་གནང་སོང་ཟེར་ནས་སྤོབས་པའི་ངང་ནས་བརྗོད་བཞིན་ཡོད་ལ།  ཡང་ཕྱོགས་གཞན་ཞིག་ནས་དགྲ་དགའ་གཉེན་སྡུག་ཟེར་ནས་དམངས་གཙོ་ཁྱད་ནོར་ལ་གཡོ་ཟོལ་བྱེད་ཀྱི་ཡོད།

ད་རེས་ཡང་སྐྱབས་བཅོལ་གཞུང་གི་ཕྱི་དྲིལ་བཀའ་བློན་གྱི་དགོངས་ཞུ་ལ་མི་ཁ་ཤས་ནས་དགྲ་དགའ་གཉེན་སྡུག་ཟེར་བའི་གཏམ་དཔེ་དེ་བཀོལ་ནས་ཁོང་མོའི་དམངས་གཙོའི་ཁེ་དབང་ལ་རྡོག་རྫིས་གཏོང་གི་ཡོད། བདེ་སྐྱིད་ཆོས་དབྱངས་ལགས་ཀྱི་དགོངས་ཞུས་ཀྱིས་དབང་ཆ་སྒེར་སྡེམ་གྱི་རྒྱ་ནག་དམར་གཞུང་དགའ་ཡང་སྲིད། ཡིན་ན་ཡང་གང་ཟག་སྒེར་པའི་མོས་མདུན་དང་སྨྲ་བརྗོད་རང་དབང་རྩ་ཆེན་དུ་བརྩི་བའི་གཞུང་དམངས་ཤིག་ཡིན་ཕྱིན་འདི་ལ་ཧང་སངས་དོན་ཅི་ཡང་མེད། རྒྱུ་མཚན་གང་ཞིག་བརྟེན་ནས་ང་བཀའ་བློན་ལ་བསྡད་ན་མི་འདོད་ཅེས་ནས་ཕྱི་ལ་ཐོན་པ་ཙམ་རེད། དེས་སྤྱི་ཚོགས་ལ་མགོ་སྐོར་བཏང་ཡོད་པ་མ་རེད། དེ་ནི་དམངས་གཙོའི་ཁེ་དབང་རེད། དེ་ལ་དགྲ་ཕྱོགས་དགའ་ན་ཡང་འདྲ། གཉེན་ཕྱོགས་སྡུག་ན་ཡང་འདྲ། དེ་ནི་དགྲ་དགའ་གཉེན་སྡུག་ཉི་ཚེ་བ་རེད།

དགྲ་དགའ་གཉེན་སྡུག་ངོ་མ་ནི་སྤྱི་ཚོགས་གང་ཞིག་གི་གནད་ཡོད་མི་སྣ་ཞིག་གིས་ཧམ་བཤད་དང་རྫུན་སྒྲིག་གིས་སྤྱི་ཚོགས་གང་ཞིག་ལ་མགོ་སྐོར་བཏང་ན་གཞི་ནས་ཡོང་གི་རེད། དེ་དུས་ང་ཚོའི་སྤྱི་ཚོགས་འདི་མགོ་སྐོར་བཏང་ཆོག་ཆོག་ཡོད་པ་ཞིག་ཏུ་མངོན་གྱི་ཡོད། སྤྱི་ཚོགས་དེའི་དྲང་བདེན་མཐོང་བའི་མིག་ཤེས་མི་གསལ་བ་མངོན་པ་དང་།  སྤྱི་ཚོགས་དེ་ལ་བདེན་རྫུན་གྱི་དབྱེ་བ་འབྱེད་པའི་རྣམ་དཔྱོད་མེད་པ་དེ་མངོན་པ་རེད།  ང་ཚོའི་སྤྱི་ཚོགས་འདིའི་སྤུས་ཀ་ཧ་ཅང་དམའ་བོ་ཞིག་ཏུ་མངོན་པ་ཡིན་སྟབས། དེ་དུས་དགྲ་དགའ་གཉེན་སྡུག་ངོ་མ་དེ་ཡོང་གི་རེད།

གལ་སྲིད་ད་རེས་ཀྱི་སྲིད་སྐྱོང་འོས་འདེམས་འདིའི་འབྲས་བུར་ཡང་སྐྱར་བློ་བཟང་སེང་གེ་ལགས་ལ་སྲིད་སྐྱོང་ཐོབ་པ་ཡིན་ན། འདི་ལྟ་བུའི་དགྲ་དགའ་གཉེན་སྡུག་ངོ་མ་དེ་འབྱུང་བའི་གོ་སྐབས་ཆེན་པོ་ཡོད། ཁོང་ནི་རང་ཉིད་ཀྱི་ཆེ་ངོམ་གཙོ་བོ་འཛིན་པ་ལས་བོ་སྐྱབས་བཅོལ་གཞུང་དམངས་ཀྱི་ཁེ་ཕན་གཙོ་བོར་བརྩི་མཁན་ཞིག་མིན་པ་གསལ་པོར་མངོན་ཡོད། རང་གི་ཆེ་ངོམ་གྱི་ཆེད་དུ་ཁོང་གིས་ཐ་ན་ཁོང་གི་བྱས་རྗེས་སུ་གཏན་ནས་འགྲོ་ཐབས་མེད་པའི་༧རྒྱལ་བ་རིན་པོ་ཆེའི་མཛད་རྗེས་ཀྱང་གཡོ་འཕྲོག་བྱེད་བཞིན་ཡོད། 
དཔེར་ན་ཆོས་ཕྱོགས་ཀྱི་དགེ་བཤེས་མའི་ལམ་སྲོལ་གསར་བཏོད་བྱུང་བ་ལ་མཚོན་ན། ༧རྒྱལ་བ་རིན་པོ་ཆེ་ལྟ་བུ་ཞིག་གིས་མ་གཏོགས་རྩ་བ་ནས་གནང་ཐབས་མེད་པའི་ཆོས་ཕྱོགས་ཀྱི་མཛད་པ་གཙང་མ་ཞིག་རེད། དེ་ཡང་ཁོང་གི་བྱས་རྗེས་སུ་རྗོད་བཞིན་ཡོད། དེ་བཞིན་ད་ལྟ་ང་ཚོར་ཡོད་པའི་སྐྱབས་བཅོལ་བོད་ཀྱི་གཞུང་དམངས་རྨང་གཞི་་འདི་འདས་པའི་ལོ་ལྔ་བཅུ་ལྷག་གི་རིང་ལ་བཙན་བྱོལ་བོད་གཞུང་དམངས་གཉིས་ནས་འབད་བརྩོན་བྱས་ནས་གྲུབ་པ་ཡིན། དེ་ཡང་ཁོང་རང་གི་བྱས་རྗེས་ཡིན་ཟེར་གྱི་ཡོད། 

ཉེ་ཆར་རྡ་རམ་ས་ལའི་གཞུང་ལམ་ཡར་རྒྱས་སུ་བཏང་བ་ནི་རྒྱ་གར་འབྲེལ་ཡོད་ལས་ཁུངས་ནས་༧གོང་ས་སྐྱབས་མགོན་རིན་པོ་ཆེ་ཡི་ཕེབས་སྐྱོད་བདེ་བོ་ཡོང་བ་གཙོ་བོར་དམིགས་ནས་བསྒྲུབས་པ་ཞིག་ཡིན། དེ་ཡང་ཁོང་རང་གི་བྱས་རྗེས་ཡིན་ཟེར་གྱི་ཡོད། དེ་མ་ཟད་ད་དུང་སྒྲུང་ཞིག་རྫུན་སྒྲིག་བྱས་ནས་མི་དམངས་མགོ་སྐོར་གཏོང་རྩིས་བྱས་ཡོད་། གལ་སྲིད་ད་རེས་བློ་བཟང་སེང་གེ་ལགས་ལ་ཡང་སྐྱར་ཐོབ་ན། ང་ཚོའི་སྤྱི་ཚོགས་འདི་དགྲ་གྲོགས་གཉིས་ཀྱི་མིག་ལམ་དུ་གཡོ་འཕྲུལ་གྱིས་མགོ་སྐོར་གཏོང་ཆོག་ཆོག་ཡོད་པ་དང་། བདེན་རྫུན་གྱི་དབྱེ་བ་འབྱེད་པའི་ནུས་པ་མེད་པའི་རྨོངས་རྟུལ་གྱི་སྤྱི་ཚོགས་ཤིག་ཏུ་མངོན་པ་རེད། འདི་ནི་དགྲ་དགའ་གཉེན་སྡུག་ངོ་མ་དེ་རེད།

སྤྱིར་བཏང་དམངས་གཙོའི་ཡན་ལག་ཚང་བའི་རྒྱལ་ཁབ་དང་སྤྱི་ཚོགས་ཤིག་ཡིན་ན། བློ་བཟང་སེང་གེ་ལགས་ནས་༧རྒྱལ་བ་རིན་པོ་ཆེ་དང་རྒྱ་གར་གཞུང་གི་སྐུ་དྲིན་ཡང་མངོན་སུམ་འཛེམ་མེད་ཀྱིས་ཧམ་འཕྲོག་བྱས་ནས་མི་དམངས་མགོ་སྐོར་གཏོང་ཐབས་བྱེད་པ་འདི་ལྟ་བུ་ནི་ཁྲིམས་ལ་གཏུགས་དགོས་པ་ཞིག་ཡིན། དེ་ལྟར་མ་བྱུང་ན་ཡང་། གནས་སྐབས་ཁོང་སྲིད་སྐྱོང་གི་འོས་འགྲན་ལ་ཞུགས་པ་མཚམས་བཞག་ནས། ༧རྒྱལ་བ་རིན་པོ་ཆེ་དང་རྒྱ་གར་གཞུང་ལ་ཁོང་ཚོའི་སྐུ་དྲིན་ཧམ་འཕྲོག་བྱས་པ་དང་། མི་དམངས་ལ་ཁོང་ཚོ་མགོ་སྐོར་གཏོང་ཐབས་བྱས་པ་བཅས་ལ་ཐུགས་བདེན་དགོངས་དག་ཞུ་དགོས་པ་མ་ཟད། མ་འོངས་པར་དེ་ལྟར་མི་བྱེད་པའི་དམ་བཅའ་ཕུལ་ནས་ཡང་སྐྱར་འོས་འགྲན་ལ་ཞུགས་དགོས་པ་ཡིན།

བློ་སེང་ལགས་ཀྱིས་དེ་ལྟར་བྱེད་པ་ཕར་ཞོག    ཁོང་གིས་ད་དུང་རྫུན་རྐུབ་རྙིང་པ་རྡོལ་གྱིན་རྡོལ་གྱིན་རྫུན་གསར་པ་སྒྲིག་གིན་སྒྲིག་གིན་འགྲོ་གི་ཡོད། བློ་སེང་གིས་རྫུན་སྒྲིག་བྱེད་པ་ནི་རྫུན་སྒྲིག་ཙམ་མིན། དེའི་ཕུགས་ན་མི་དམངས་ལ་མཐོང་ཆུང་ཡོད། མི་དམངས་ཀྱི་ཤེས་ཚད་ལ་མཐོང་འཇོག་ཧ་ཅང་དམའ་བའི་རྟགས་ཤིག་ཡོད། ཁོང་གིས་རང་གི་འདོད་མོས་ལྟར་མི་དམངས་ལ་མགོ་སྐོར་བཏང་ཆོག་ཡོད་བསམ་གྱི་ཡོད། དེ་མིན་ན་༧དགེ་བཤེས་མའི་ལམ་སྲོལ་དེ་ཁོང་རང་གི་སྟེང་ལ་ཇི་ལྟར་སྦྱོར་རམ། རྡ་རམ་ས་ལའི་གཞུང་ལམ་གྱི་རྫུན་སྒྲུང་དེ་ཇི་ལྟར་བསྒྲིགས་སམ།

ང་ཚོས་སྲིད་སྐྱོང་འདེམས་བསྐོ་བྱེད་པ་ནི་སྲིད་སྐྱོང་འདེམས་བསྐོ་བྱེད་པ་གཅིག་པོ་མིན། ང་ཚོས་གོ་སྐབས་འདི་བཟུང་ནས་ང་ཚོ་ནི་མགོ་སྐོར་བཏང་ཆོག་ཆོག་མིན་པའི་སྤྱི་ཚོགས་ཤིག་ཡིན་པ་རང་གཞན་གཉིས་ཀར་སྟོན་དགོས། དེ་ལས་གལ་ཆེ་བ་ཞིག་ནི་ང་ཚོས་༧གོང་ས་མཆོག་ལ་ཐུགས་བདེ་གསོལ་བའི་གོ་སྐབས་རྩ་ཆེན་ཞིག་ཡིན།  ༧གོང་ས་མཆོག་ནས་ལོ་ངོ་ལྔ་བཅུ་ལྷག་གི་རིང་ལ་བཙན་བྱོལ་གཞུང་དམངས་འདི་གཉོར་སྐྱོང་གནང་ནས་ཡོང་། ང་ཚོ་ལ་སེམས་གསོ་གནང་ནས་ཡོང་། ང་ཚོའི་ཆེད་དུ་ཐུགས་ཁྲལ་གནང་ནས་ཡོང་། ད་དགུང་ལོ་བརྒྱད་ཅུར་ཕེབས་ཡོད། དུས་ཚོད་འདི་ནི་ང་ཚོས་༧གོང་ས་མཆོག་གི་ཐུགས་ཁྲལ་ཇེ་ཡང་དུ་གཏོང་བའི་དུས་ཡིན། ང་ཚོས་ཕར་༧གོང་ས་མཆོག་ལ་ཐུགས་གསོ་གནང་བའི་དུས་ཡིན། ཐུགས་གསོ་བྱེད་པའི་ཐབས་ལམ་མཆོག་ཏུ་གྱུར་བ་ཞིག་ནི་བཙན་བྱོལ་གཞུང་དམངས་འདི་གཡོ་འཕྲུལ་དང་ཧམ་རྫུན་གྱིས་མགོ་སྐོར་གཏོང་ཆོག་ཆོག་ཅིག་མིན་ཅིང་། རྣམ་དཔྱོད་དང་ལྡན་པའི་སྒོ་ནས་རང་གི་འགོ་ཁྲིད་འདེམས་ཐུབ་པའི་ནུས་པ་སྟོན་རྒྱུ་དེ་ཡིན།

ང་ཚོས་འདི་ལྟར་འགོ་ཁྲིད་ཅིག་འདེམས་ཐུབ་པའི་ཉིན་མོ་དེ་ནི་གཞིས་ལུས་མི་དམངས་ལ་སེམས་གསོ་ཆེན་པོ་ཞིག་དང་། རྒྱ་གར་གཞུང་དམངས་ཀྱིས་གཙོས་པའི་བོད་ཀྱི་རྩ་དོན་ལ་སྐུ་དྲིན་ཅན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་ལ་དྲིན་གཟོ་ཆེན་པོ་ཞིག ༧གོང་ས་མཆོག་ལ་རྒྱལ་བ་དགྱེས་པའི་མཆོད་སྤྲིན་བླ་ན་མེད་པ་ཞིག་ཕུལ་བའི་ཉིན་མོ་དང་།  དགྲ་དགའ་གཉེན་སྡུག་དེ་དགྲ་སྡུག་གཉེན་དགར་གྱུར་བའི་ཉིན་མོ་ཡིན།

 

 

བསམ་ཚུལ།

Post navigation

Previous Post: བཙན་བྱོལ་བའི་འོས་བསྡུ་ཆེན་མོ་དང་དམངས་གཙོ།
Next Post: ཚོགས་གཙོ་སྤེན་པ་ཚེ་རིང་སྐབས་བཅོ་ལྔ་བའི་སྲིད་སྐྱོང་ཆགས་རྒྱུ་རེད།

Comments (10) on “དོན་དངོས་ཀྱི་དགྲ་དགའ་གཉེན་སྡུག”

  1. ནག་ཆུ་ཀུན་དགའ says:
    2016-03-14 at 10:23 am

    རེད་ད། མི་མཚན་ཉིད་ཚང་བ་ཞིག་གི་སྐད་ཆ་རེད། ཧ་གོ་འདུག། རྒྱབ་སྐྱོར་ཡོད་ད།

  2. ལྷ་སའི་བུ་ says:
    2016-03-14 at 11:32 am

    སྐད་ཆ་གཅིག་བཤད་འདོད་ཡོད་པ་ནི། ལོ་བཞི་དང་ཕྱེད་ཀའི་རིང་སྐྱོན་བརྗོད་ཀྱི་སྐད་ཆ་ཚིག་གཅིག་མེད་པར་ད་རེས་འོས་བསྡུ་འགྲོ་བཞིན་པའི་སྐབས་འདིར་ལས་གནས་ནས་དགོངས་ཞུ་ཕུལ་སྟངས་དེ་ཆབ་སྲིད་བཙོག་པའི་ཁྲབ་སྟོན་མིན་ན་ག་ར་རེད་དམ།། དེས་ང་ཚོའི་སྤྱི་དོན་ལ་གནོད་འགལ་མ་གཏོགས་ལེགས་སྐྱེས་གང་ཡང་ཕུལ་མེད།།

  3. སྲིན་པོ་རྫ་རྒན་ says:
    2016-03-14 at 11:46 am

    རབ་འབྱོར་ལགས་ཀྱིས་ང་ཚོས་ངེས་པར་དུ་མཐོང་དགོས་ངེས་ཀྱི་གནད་འགག་དེ་གླེང་འདུག ཐུགས་རྗེ་ཆེ།

  4. བོད་ཀྱི་བུ། says:
    2016-03-14 at 2:21 pm

    ཀླུ་གན་རྐྱལ་དགོན་པའི་གྲྭ་ལོག་རབ་འབྱོར་གྱིས་དེང་སང་སྐད་འཕྲིན་ཚོགས་པ་བཙུགས་ཡ་དང་ཚག་པར་སོགས་ལ་འབྲི་བ་སོགས་གང་ཐད་ནས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་མདོག་གིས། སྲིད་སྐྱོང་བློ་སེང་ལགས་ལ་ཚད་ལས་འདས་པའི་རྨ་འབེབས་དང་སྐྱོན་བརྗོད་བྱེད་ཀྱི་འདུག་པས་ཚང་མས་གཟབ་གཟབ་གནང་རོགས།

  5. ང་རོ། says:
    2016-03-14 at 3:32 pm

    རྒན་རབ་འབྱོར་ལགས་ཀྱིས་གནད་ལ་འཁེལ་བ་ཞིག་བྲིས་འདུག བཀའ་དྲིན་ཆེ།

  6. རྣམ་རྒྱལ། says:
    2016-03-14 at 4:09 pm

    རབ་འབྱོར་ཟེར་བ་འདིས་བློ་སེང་གིས་གསལ་བཤད་བཟོ་ཚར་པའི་སྐད་ཆ་རྙིང་པ་རྐྱང་རྐྱང་བཤད་འདུག

  7. འཇིགས་མེད་ says:
    2016-03-14 at 5:00 pm

    རཔ་འབྱོར་ཕོ་རྒོད་ངོ་མ་རེད་

  8. བྱང་ཆུབ་ལོ་མ། says:
    2016-03-14 at 8:00 pm

    བློ་བཟང་སེང་གེས་རྫུན་དང་ཧམ་པ་ཁོ་ན་བཤད་ནས་རང་ཉིད་བརླག་སོང་། ཐ་ན་ཁང་པ་ཉོས་པའི་རིམ་དངུལ་ཡོང་ཁུངས་ཀྱི་གླེང་རྙོག་ལ་ཁྲིམས་ཐོག་ནས་རྗེས་འདེད་ཙམ་གྱི་སྤོབས་པའང་མེད་སོང་བ་དེས་མང་ཚོགས་ཀྱི་མིག་མདུན་ནས་ཚོས་གཞི་ལོག་སོང་།

    ལོ་ལྔ་ལ་ཉེ་བའི་རིང་ལས་ཀ་འདི་བྱས་དང་གྲུབ་འབྲས་འདི་ཐོན་མེད་པ་ཆགས་ནས། ད་ནི་ག་ཚད་ཀྱིས་གཏམ་བཤད་བྱས་པ་དེ་ཚོད་ཀྱིས་གྲུབ འབྲས་དེ་ཚོས་རང་ཚུགས་མི་ཐུབ་པ་ཆགས་ནས། རང་ཉིད་ལ་ཡིད་ཆེས་དང་གདེང་ཚོད་ཙམ་ཡང་མེད་པ་ཆགས་ཚར་འདུག

    སྤེན་པ་ཚེ་རིང་གིས་མི་འགྱངས་པར་རྫུན་ཕུང་རྩད་ནས་གཅོད་པའི་གཏམ་བཤད་སྐད་གྲགས་ཅན་ཞིག་གནང་རྒྱུ་རེད་ཅེས་ད་ཆ་འོས་བསྡུའི་ལས་རིམ་ནང་ལ་ཚ་ཚ་འུར་འུར་རེད། དེ་ཡང་བློ་བཟང་སེང་གེ་ལ་མཚོན་ན། ཟློག་ཐབས་མེད་པའི་ས་ཡོམ་ཅིག་ཆགས་རྒྱུ་རེད།

  9. ཨ་པ་ཤཀྱ says:
    2016-03-14 at 10:17 pm

    བློ་སེང་ནི་སྟོང་བཤད་གཅིག་བདེན་རེད། བགྲོ་གླེང་སྐབས་སུ་ནང་དོན་ཅན་ཅི་ཡང་བཤད་རྒྱུ་མེད་གི སྤེན་ཚེ་ཡིས་ཤེས་བ་ཚང་མ་གཅིག་གཅིག་གཉིས་གཉིས་ཀྱིས་བཤད་ཐུབ་གི གང་ལྟར་ཁོང་གཉིས་ལ་བརྩི་མཐོང་ཡོད། གལ་ཏེ་བློ་སེང་ལ་ཡང་བསྐྱར་འོས་ཐོབ་པ་ཡིན་ན། རྗེས་ཕྱོགས་རང་ཉིད་ལས་བོད་དོན་གཙོ་བོར་འཛིན་རྒྱུ་ནི་གལ། རབ་འབྱོར་གྱིས་གསུངས་བ་ལ་རྗེས་སུ་ཡི་རངས་ཡོད་དོ།

  10. བསྟན་འཛིན། says:
    2016-03-14 at 11:06 pm

    དགྲ་དགའ་གནས་སྡུག་གི་གོ་དོན་ལ་ཡང་ལོག་འགྲེལ་རྒྱབ་ཀྱི་འདུག། དགྲ་དགའ་གནས་སྡུག་གི་ལས་ནི་གནས་ལ་ཕན་རྒྱུ་མེད་ཁར་དགྲ་ལ་མཐུན་རྐྱེན་སྐྲུན་པའམ་དགྲ་ཡིས་སྐྱོན་འཛུགས་ལ་མཐུན་འགྱུར་དང་གནས་ཀྱི་ནུས་སྟོབས་ཉམས་རྐྱེན་དང་དགྲ་ལ་ཁ་གཏོད་ཀྱི་ནུས་པ་བཅས་ལ་དགྲ་བོས་ཤེས་སུ་བཅུག་པ་དེ་དག་ལ་ཟེར་ནི་རེད། བདེ་ཆོས་ཀྱིས་དང་སྤེན་ཚེ་ཅན་གྱིས་གོང་ཞུ་དེ་དག་ཨ་ན་མ་ན་བྱས་པ་རེད། དེས་ན་དགྲ་དགའ་གནས་སྡུག་ཞེས་པའི་སྐད་ཆ་དེ་ཚོ་ཡོང་བ་རེད། བློ་སེང་གི་རྫུན་གཏམ་བཤད་ནས་བཙན་བྱོལ་བོད་པ་ལ་གནོད་རྐྱེན་སོང་བའི་སྡུར་ཙམ་ཡོད་ནི་མ་རེད། ཚིག་འགོ་མཐོར་དམན་གྱི་སྐད་ཆ་རེ་འགའ་བྱུང་ཡོད་ན་ཡང་ཆོག། དེས་མི་སྐྱོན། སྤེན་པ་ཚེ་རིང་གིས་གོང་ས་མཆོག་དང་མདོ་སྟོད་མི་དམངས་དབར་ན་འགལ་ཟླ་བཟོ་ཡོང་གི་འདུག། གོང་ས་མཆོག་གིས་ཡོངས་གྲགས་ཀྱི་གསུངས་ལ་ཡང་ལོག་འགྲེལ་གྱིས་ཆོལ་ཁའི་འགལ་ཟླ་བཟོ་ཡོང་གི་འདུག། སྔ་ཕྱིར་མི་མཐུན་པའི་ནང་འགལ་གྱི་ཕུང་པོ་སྤུང་ཡོང་གི་འདུག། ཁོ་རང་སྲིད་སྐྱོང་མི་ཐོབ་པ་ཤེས་ནས་ཡ་མེད་ཀྱིས་ལོག་བཤད་དང་སྐྱོན་འཛུགས་བྱེད་ཡོང་གི་འདུག། ཁོ་རང་སྲིད་སྐྱོང་མི་ཐོབ་པ་ཤེས་ནས་ངོ་ཚ་མེད་པའི་བྱ་སྤྱོད་སྤེལ་ཡོང་གི་འདུག། དེ་ཚོ་ནི་བཙན་བྱོལ་བ་རྣམས་གཏོར་རྐྱེན་བཟོ་རྒྱུའི་ཆ་རྐྱེན་བླ་ན་མེད་པ་དག་རེད། ཁོ་པ་ལ་མ་འོངས་བོད་ཀྱི་ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན་དང་སྤྱི་ཚོགས་བདེ་དོན་སོགས་ལ་ཁ་ཕྱོགས་དང་ལམ་ཕྱོགས་གསར་པ་གང་ཡང་གླེང་རྒྱུ་དང་བཤད་རྒྱུ་མི་འདུག། རྒྱ་བོད་ཞི་འགྲིག་སྐོར་གོང་ས་མཆོག་དང་བཀའ་སློབ་དགོངས་སྐོར་ཞུ་རྒྱུ་ཡིན་ཟེར་བ་དེ་རེད། ཧཧཧཧ། ༧༩ ལོ་ནས་ད་ལྟའི་བར་དུ་ལམ་ཁ་དེར་གནས་ཡོད་པ་ཤེས་པ་གྱིས། རྒྱ་བོད་འབྲེལ་མཐུད་པ་དམིགས་འཛུག་དགོས་གལ་ཆེ་ཚུལ་དེ་གཅིག་རེད། ཧཧཧཧཧ། བུ་ནམ་སྐྱེ་མི་ཤེས་མིང་ཟླ་བ་གྲགས་པ། ཟེར་བའི་དཔེར་ལྟར་མ་རེད་དམ། རྒྱ་ནག་ཚང་གིས་ངེད་བཙན་བྱོལ་ཚང་ལ་སྔོན་འགྲོའི་ཆ་རྐྱེན་འགའ་སྔ་རྗེས་རིམ་པའི་བཙན་བྱོལ་ཚང་གི་ལྕོག་རྩེ་སྟེང་བཞག་ཡོད། དེ་དག་ལ་མོས་མཐུན་ནམ་བྱུང་ན་རྒྱ་ནག་དང་བཙན་བྱོལ་བ་དབར་གྲོས་མོལ་བྱེད་རྒྱུ་ལས་གཞན་བཤད་རྒྱུ་གླེང་རྒྱུ་གང་ཡང་མེད། ཟེར་ནས་མཐའ་སྡོམ་དེར་འགྱུར་བ་མེད་པར་གནས་བསྡོད་ཡོད་པས་རྒྱ་ནག་གིས་བཤད་པའི་ཆ་རྐྱེན་རྣམས་ངེས་ལེན་ཡོད་པའི་ཐོག་ནས་རྒྱ་བོད་འབྲེལ་མཐུད་པ་འཛུག་རྒྱུ་ཡིན་ནམ་དེ་དག་ངེས་ལེན་མེད་པའི་ཐོག་ནས་འབྲེལ་མཐུད་པ་འཛུག་རྒྱུ་ཡིན། ལར་ནི་རྒྱ་ནག་གིས་འགུལ་ཅོག་དང་གསལ་ཁ་ཟུར་ཙམ་མེད་པའི་གནས་སྐབས་དེར་འབྲེལ་མཐུད་པ་འཛུག་གི་ཡིན་ཟེར། འོ་ན་འབྲེལ་མཐུད་པ་དེ་དག་གིས་ཕ་ཕྱོགས་སུ་འབྲེལ་བ་བྱེད་སའི་ལས་གནས་དང་མི་སྣ། གནས་བབ་དང་རྒྱུད་རིམ། ལོ་ཟླ་དང་ཚེས་གྲངས། ས་གནས་དང་འཁོ་ཡུག། ཅི་ཞིག་གི་ཐོག་ཏུ་འབྲེལ་མཐུད་བྱེད་རྒྱུ་ཡིན་ནམ། ད་ལྟའི་ཆར་རྒྱ་བོད་ཞི་མོལ་གྱི་ལྷན་འཚོག་ནི་རི་བུའི་རྭ་དང་མོ་ཤམ་གྱི་བུ་བཞིན་རེད། དེས་ན་འབྲེལ་མཐུད་པའི་ལས་དོན་ཡང་ནམ་མཁའི་མེ་ཏོག་རེད་དོ། མིང་ཙམ་ཡོད་པས་ཕན་ནི་མ་རེད། ལས་དོན་ཐོག་ལ་གོམ་པ་རྒྱབ་ཐུབ་ཡ་ལ་ལྟ་དགོས། བཙན་བྱོལ་སྒྲིག་འཛུག་ནང་དུ་ཕྱིར་དྲིལ་དང་ནང་སྲིད་སོགས་བཀའ་ཤག་གི་སྡེ་ཚན་དང་ལྷག་པར་དུ་རྒྱ་ཡིག་གི་སྡེ་ཚན་བཅས་དམིགས་གསལ་གྱི་ཆེད་འཛུགས་བྱས་པ་དེ་དག་གིས་རྒྱ་བོད་དབར་གྱི་དཀའ་རྙོག་དང་རྒྱ་བོད་འབྲེལ་བ་སྐོར་དམིགས་གསལ་ཕྱག་ལས་གནང་ཐུབ་ཀྱི་མེད་ན་དེ་དག་ཆེད་འཛུགས་ཀྱི་དགོས་དམིགས་སྟོང་སོང་བ་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme