Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོན་ངོ་མར་སུས་ཁྲིམས་འགལ་བྱས་འདུག

Posted on 2018-09-052018-09-05 By ཁ་བརྡ 11 Comments on དོན་ངོ་མར་སུས་ཁྲིམས་འགལ་བྱས་འདུག

བེ་རི་རིག་པའི་རྡོ་རྗེ།

 

ཆོས་རྒྱུད་བྱེ་བྲག་པ་ཞིག་དང་། སྐུ་དྲག་ལམ་ལུགས་ཀྱིས་དབང་བསྒྱུར་བའི་སྤྱི་ཚོགས་ཤིག་གི་ནང་དུ། ཡང་དག་པའི་དམངས་གཙོ་ལྟ་ཅི། ཐ་ན་སྤྱིར་བཏང་གི་དམངས་གཙོ་ཙམ་ཡང་ཡོང་ཐབས་མེད། དེར་བརྟེན་རང་རེའི་སྤྱི་ཚོགས་འདི་དུས་རབས་བཅུ་བདུན་པའི་ནང་ནས་བཟུང་ད་བར་ཆོས་རྒྱུད་བྱེ་བྲག་པ་ཞིག་གི་དབང་སྒྱུར་ལ་ཨ་འཐས་གོ་འཐས་སུ་གྱུར་བའི་ཉེན་ལེན་གྱིས། སྤྱི་ཚོགས་ཧྲིལ་བོ་རུལ་སུངས་སུ་གྱུར་ཏེ། ཆོས་ལུགས་དབྱེ་འབྱེད་དང་ཆོལ་ཁའི་འཐེན་ཁྱེར་གྱི་གཡུལ་ས་ཞིག་ཏུ་གྱུར་ཡོད།

འགྱུར་བ་ཅུང་ཐེབས་པ་ནི། ཕྱི་ལོ་ ༡༩༩༡ ཟླ་ ༦ ཚེས་ ༢༨ ཉིན་བཙན་བྱོལ་བོད་གཞུང་འདི་གཞི་རྩའི་ཁྲིམས་ཡིག་ཡོད་པའི་དེང་རབས་དམངས་གཙོའི་འགྲོ་ལུགས་དང་མཐུན་པ་ཞིག་ཏུ་བསྐྱོད་རྒྱུའི་ཉིན་མོའི་རྨི་ལམ་ལ་སྟ་གོན་བྱས་ཤིང་། དམངས་གཙོའི་རྒྱལ་ཁབ་འགའ་རེའི་རྩ་ཁྲིམས་ངོ་བཤུས་བྱས་ཏེ། བཅའ་ཁྲིམས་གཏན་ལ་ཕབ་ཡོད། ཡིན་ན་ཡང་བཅའ་ཁྲིམས་ཀྱི་ནང་དུ་རུལ་སུངས་ཀྱི་དྲི་ངན་སྔར་ལྟར་འཐུལ་བཞིན་ཡོད།

དཔེར་ན་དེའི་དོན་ཚན་སོ་བདུན་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ཞེས་པར། “བོད་ཀྱི་ས་ཁུལ་ཆོལ་ཁ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་ཕོ་མོ་ཁྱད་མེད་བཅུ་རེ།
ཁ༾ རྙིང་མ་དང༌། བཀའ་བརྒྱུད། ས་སྐྱ། དགེ་ལུགས། གཡུང་དྲུང་བོན་བཅས་ལྔ་པོ་རེ་རེ་ནས་འོས་བསྡུ་བྱས་པའི་སྤྱི་འཐུས་གཉིས་རེ།” ཞེས་གཏན་ལ་ཕབ་སྟེ། བོད་ཀྱི་ཆོས་རྒྱུད་ཆེན་པོ་དཔལ་མཆོག་དུས་ཀྱི་འཁོར་ལོའི་བཀའ་བབ་རྒྱལ་བ་ཇོ་ནང་པ་རྣམས་ལ་གདམས་བྱ་འདེམས་བྱེད་ཀྱི་ཐོབ་ཐང་མེད་པ་བྱས་ཏེ། སྐྱུག་བྲོ་བའི་ཆོས་རྒྱུད་དབྱེ་འབྱེད་ཀྱི་སྤྱོད་ངན་དམར་དམར་ལྗེན་ལྗེན་དུ་བསྟན་ཡོད།

དེ་ཙམ་མ་ཟད། དོན་ཚན་འདིས་བཅའ་ཁྲིམས་ཧྲིལ་བོ་ནང་འགལ་གྱི་ཕུང་བོར་བསྒྱུར་ཡོད། དཔེར་ན། བཅའ་ཁྲིམས་དོན་ཚན་དགུ་བར། “བོད་ཀྱི་ཡུལ་མི་ཚང་མ་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན། ཕོ་མོ་དང༌། རིགས་རུས། སྐད་ཡིག ཆོས་ལུགས། སེར་སྐྱ། དབུལ་ཕྱུག སྐྱེས་ཡུལ། སྤྱི་ཚོགས་ཀྱི་འབྱུང་ཁུངས། གོ་གནས། གནས་སྟངས་གཞན་དག་བཅས་ཀྱི་ཐོག་ནས་དབྱེ་འབྱེད་མེད་པར་ལེའུ་འདིར་འཁོད་ཀྱི་ཐོབ་ཐང་ཁག་ལ་ལོངས་སུ་སྤྱོད་ཆོག་པ་ཡིན།” ཞེས་དང་།
དོན་ཚན་བཅུ་བར། “ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན།” ཞེས་བོད་ཡུལ་མི་དང་ཆོས་ལུགས་ཡོངས་རྫོགས་ཁྲིམས་ཀྱི་མདུན་སར་འདྲ་མཉམ་ཡིན་ཞེས་ཁ་གཡང་སྒྲོག་བཞིན། དོན་ཚན་སོ་བདུན་པར་བོད་ཀྱི་ཡུལ་མི་ལ་གྲལ་རིམ་དང་། ཆོས་ལུགས་དབྱེ་འབྱེད་ཚད་ལས་བརྒལ་བ་བྱས་ཏེ། བཅའ་ཁྲིམས་ཉོག་པོར་བཏང་ནས་རང་གིས་བཟོས་པའི་བཅའ་ཁྲིམས་རང་གིས་བཤིག་སྟེ་གླང་རྒན་ས་མཆོད་རང་གཉར་གཏོར་ཡོད། འདི་ཁྲིམས་འགལ་རེད།

ད་དུང་དོན་ཚན་གཉིས་པ། ཁྱབ་ཚད་ཅེས་པར། “བཅའ་ཁྲིམས་འདིས་བོད་མིའི་སྒྲིག་འཛུགས་ཀྱི་མངའ་ཁོངས་སུ་གཏོགས་པའི་བོད་མི་ཡོངས་ལ་ཁྱབ་པ་ཡིན།” ཞེས་བཤད་ཡོད་མོད། བཙན་བྱོལ་ཁྲོད་ཀྱི་ཇོ་ནང་པ་རྣམས་ལ་བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཀྱིས་ཁྱབ་ཡོད་མེད་ནམ་ལངས་ཉི་ཤར་ཡིན།

མཚམས་འདི་ནས་བཙན་བྱོལ་གཞུང་གིས་ཆོས་ལུགས་དབྱེ་འབྱེད་ཇི་ལྟར་བྱས་ཚུལ་ཕྱོགས་ཙམ་ངོ་སྤྲོད་བྱེད་རྒྱུ་ཡིན།
གཅིག བཅའ་ཁྲིམས་དོན་ཚན་སོ་བདུན་པར་གསལ་བ་ལྟར་ཡིན་ལ། འདི་ཁྲིམས་ཐོག་ནས་ཆོས་ལུགས་དབྱེ་འབྱེད་བྱས་ཚུལ་རེད།

གཉིས། ཕྱི་ལོ་ ༢༠༠༩ ལོར་གཏན་ལ་ཕབ་པའི་བཙན་བྱོལ་བོད་མིའི་ཆོས་དོན་ལྷན་ཚོགས་ཀྱི་ཁྲིམས་ཡིག དོན་ཚན་གསུམ་པ། ཁྲིམས་ཡིག་གི་ཁྱབ་ཚད་ཅེས་པར། “བོད་མིའི་སྒྲིག་འཛུགས་ཀྱི་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་གཡུང་དྲུང་བོན་བཅས་ལ་ཁྱབ་པ་ཡིན།” ཞེས་ཇོ་ནང་པ་ཆོས་རིག་ལས་ཁུངས་ཀྱི་ཁྱབ་ཁུངས་སུ་ཡང་མེད་པ་བྱས་ཡོད། འདི་ཁྲིམས་ཐོག་ནས་ཇོ་ནང་པར་ལྟ་ཚུལ་རེད།

གསུམ། ཤེས་རིག་ལས་ཁུངས་ནས་དཔར་བསྐྲུན་བྱས་པའི་སློབ་དེབ་ཁག་ཏུ་བོད་ཀྱི་ཆོས་རྒྱུད་ཁག་གི་བྱུང་རབ་ངོ་སྤྲོད་སྐབས། ཆོས་རྒྱུད་བཞི་བོན་དང་ལྔ་ལས་ཇོ་ནང་གི་སྐོར་བཙལ་ན་རྙེད་རྒྱུ་མེད་པ་བྱས་ཡོད། འདི་སློབ་གསོའི་ཕྱོགས་ནས་ཇོ་ནང་ཆོས་རྒྱུད་ནག་གསུབ་གཏོང་རྒྱུའི་ངན་སེམས་རེད།

བཞི། བོད་གཞུང་དྲ་ཚིགས་ཐོག ཆོས་རིག་ལས་ཁུངས་ངོ་སྤྲོད་སྐབས། “ཆོས་རིག་ལས་ཁུངས་ཀྱི་ལས་དོན་དང་མཐུན་འགྱུར་གལ་ཆེན་འགའ་ཞིག བོད་ཀྱི་ཆོས་བརྒྱུད་ཆེན་པོ་བཞི་དང་། གཡུང་དྲུང་བོན་བཅས་ཀྱི་དབུ་ཁྲིད་བླ་ཆེན་དང་སྐུ་ཚབ་རྣམས་འཛོམས་པའི་ཆོས་ཚོགས། ཆོས་རིག་ལས་ཁུངས་ཀྱིས་གོ་སྒྲིག་གནང་ཞིང་ལོ་གཉིས་རེའི་མཚམས་སུ་འཚོགས་པའི་ཚོགས་འདུ་རྒྱས་འཛོམས་” ཞེས་ཇོ་ནང་པ་དེ་ལྟའི་ཆོས་ཚོགས་གང་དུ་ཡང་མཉམ་ཞུགས་བྱེད་མི་ཆོག་པ་བྱས་ཡོད། འདི་དེང་རབས་དྲ་བའི་འཇིག་རྟེན་གྱི་ཐོག་ནས་ཇོ་ནང་པ་རྒྱང་འབུད་གཏོང་རྒྱུའི་རྨི་ལམ་རེད།

ལྔ། སྲིད་སྐྱོང་སློབ་སངས་ཀྱིས་ལོ་སར་འཚམས་འདྲི་སོགས་ཀྱི་སྐབས། རྒྱུན་ལྡན་དུ་བོད་ཀྱི་ཆོས་རྒྱུད་ཆེན་པོ་བཞི་བོན་དང་ལྔ་ཞེས་ཆོས་ལུགས་དབྱེ་འབྱེད་ཀྱི་ཐ་སྙད་དངོས་སུ་སྒྲོག་བཞིན་ཡོད། འདི་སྲིད་སྐྱོང་གི་གོར་ཐིག་གསུམ་གྱི་ནང་གི་གཅིག་རེད།

དྲུག སྤྱི་འཐུས་ལྷན་འཚོགས་ཀྱི་དྲ་ཐོག་ཏུ། སྐབས་སོ་སོའི་སྤྱི་འཐུས་རིམ་བྱོན་ཞེས་པའི་ཁ་བྱང་འོག ཆོས་རྒྱུད་རེ་རེའི་སྤྱི་འཐུས་གཉིས་རེའི་མཚན་དང་པར་བཅས་བཀོད་ཡོད་མོད། ཇོ་ནང་པ་རྣམས་ལ་སྤྱི་འཐུས་འོས་འདེམས་བྱེད་རྒྱུའི་ཐོབ་ཐང་མེད་སྟབས། ཇོ་ནང་ཆོས་རྒྱུད་ཀྱི་སྤྱི་འཐུས་གཅིག་ཀྱང་མེད། འདིས་ཇོ་ནང་པ་རྣམས་ལ་བོད་ཀྱི་ཡུལ་མི་སྤྱི་མཚུངས་ཀྱི་གཞི་རྩའི་ཐོབ་ཐང་ཙམ་ཡང་མེད་པ་གསལ་སྟོན་བྱས་ཡོད། འདི་དག་འཛུབ་མོས་རི་སྟོན་ཙམ་བྱས་པ་ཡིན།

དེ་ལྟར་དུས་རབས་ནས་དུས་རབས། མི་རབས་ནས་མི་རབས་སུ་རང་གཞུང་གིས་ཆོས་ལུགས་དབྱེ་འབྱེད་བྱས་སྟབས། ༧སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཕྱི་ལོ་ ༡༩༩༧ ལོར་སྐྱབས་མགོན་རྗེ་བཙུན་པ་སྐུ་ཕྲེང་དགུ་བ་ཆེན་པོ་མཆོག ཇོ་ནང་བསྟན་པ་ཡོངས་རྫོགས་ཀྱི་བདག་པོར་བསྐོ་བཞག་མཛད་ཅིང་། བརྟན་གཞི་དགོན་པ་རྟེན་བརྟེན་པ་བཅས་གསོལ་བསྩལ་བཀའ་དྲིན་མཛད་ཐོག ཇོ་ནང་རྗེ་བཙུན་དམ་པའི་མཚན་གནས་ཉམས་གསོ་མཛད་ཡོད།

དེ་ནས་བཟུང་སྐྱབས་མགོན་རྗེ་བཙུན་དམ་པ་མཆོག བོད་ཀྱི་ཡུལ་མི་དང་ཇོ་ནང་པའི་གཞི་རྩའི་ཐོབ་ཐང་གི་ཆེད་དུ་ཡར་བཞེངས་ནས། བསྟུད་མར་བཙན་བྱོལ་གཞུང་ལ་དེ་ལུགས་ཀྱི་སྙན་ཞུ་ཐེངས་དུ་མར་ཕུལ་ཡོད་མོད། བཙན་བྱོལ་གཞུང་གིས་མཐོང་ཆུང་དང་སྣང་མེད་བྱས་སྟབས་གྲུབ་འབྲས་གང་ཡང་སྨིན་མེད། འོན་ཀྱང་༧གོང་ས་ཐམས་ཅད་མཁྱེན་པའི་གཟིགས་སྐྱོང་འོག སྐྱབས་མགོན་རྗེ་བཙུན་དམ་པའི་མཚན་གནས་སྔར་བཞིན་བོད་སོག་གཉིས་སུ་ཉི་ཟླ་ལྟར་གྲགས་ཡོད།

ང་ཚོའི་འདས་པའི་ལོ་རྒྱུས་དང་། ད་ལྟའི་གནས་བབ་ལ་ཟུར་ཙམ་བལྟས་ན། ཇོ་ནང་པའི་ལོ་རྒྱུས་ནི་དྲང་བདེན་དང་འདྲ་མཉམ་མ་ཡིན་པའི་བྱུང་རབས་ཤིག་དང་། དྲག་གནོན་དང་མནར་གཅོད་ཀྱི་གཡུལ་སར་ལྷུང་བའི་སྐྱོ་གར་ཞིག་ཆགས་རེད། ཆོས་རྒྱུད་བྱེ་བྲག་པ་ཞིག་གིས་དབང་བསྒྱུར་བའི་སྤྱི་ཚོགས་ཁྲོད། དུས་རབས་བཅུ་བདུན་པའི་ཡ་ང་བའི་གྲུབ་མཐའ་བཙན་བསྒྱུར་གྱི་དྲག་བརྡུང་དང་དམར་གསོད་ཆེན་མོའི་དུས་སྐབས་ནས་བཟུང་། ཇོ་ནང་པ་རྣམས་འཇིག་རྟེན་ཁམས་ན་ཡོད་ཀྱང་། གྲངས་ཀྱི་ནང་ན་མེད་པ་ལྟ་བུར་གྱུར་བ་མ་ཟད། ཐ་ན་ཇོ་ནང་པའི་གསུང་རབ་ཁག་ལ་ཡང་ནག་ཉེས་ཕོག་སྟེ། བཙོན་འཇུག་ཁྲིམས་ཆད་ཕོག་ཡོད། འོན་ཀྱང་ལོ་རྒྱུས་ཁྲོད་ཇོ་ནང་པ་རྣམས་ཀྱིས་འདག་ཐབས་མེད་པའི་ནག་ཉེས་གང་ཡང་བསག་མེད།

བཙན་བྱོལ་སྤྱི་ཚོགས་ཁྲོད་བོད་ཀྱི་ཡུལ་མི་རྣམས་ཀྱིས་ལོ་ལྔ་རེའི་མཚམས་སུ་དམངས་གཙོའི་འགྲོ་ལུགས་ལྟར། ཆོས་ལུགས་ཆོས་རྒྱུད་ཀྱི་སྤྱི་འཐུས་ལ་འོས་ཤོག་འཕེན་སྐབས། ཇོ་ནང་པ་རྣམས་ཀྱིས་མགོ་བོ་སྒུར། སེམས་ཁུང་དུ་ཆུད་ནས་སྡོད་པ་ལས་རང་གི་ཆོས་རྒྱུད་སྤྱི་འཐུས་འདེམས་རྒྱུའི་ཐོབ་ཐང་མེད།

ད་དུང་ཇོ་ནང་པ་ཚོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་དང་། བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཞིར་བཟུང་དམངས་གཙོའི་ལུགས་སྲོལ་དང་མཐུན་པར་སྤྱི་འབངས་ཀྱི་ཐོབ་ཐང་གནང་རོགས་ཞེས་ཞུ་འབོད་ཙམ་བྱས་ན་ཡང་། “གཞུང་ལ་ངོ་རྒོལ་བྱས་སོང་། ཁྲིམས་འགལ་རེད་”ཅེས་ཉེས་མིང་བཏག་ནས་ས་གནས་བདེ་སྲུང་ལས་ཁུངས་ཚུན་ཆད་དུ་ལྐོག་བརྡ་སྤྲད་ཡོད་ལ། སྤྱི་འཐུས་ཚོགས་གཙོའི་དྲུང་དུ་དངོས་སུ་བཅར་ནས་སྙན་ཞུ་འབུལ་སྐབས། “ཡང་ཡང་སུན་པོ་བཟོ་མ་ཡོང་། དེ་ལྟར་བྱས་ན་ཁག་པོ་རེད་”ཅེས་འཇིགས་བསྐུལ་དང་། ཨ་རིར་ཡོད་པའི་ཇོ་ནང་པ་རྣམས་ཀྱིས་ཨ་རིའི་སྤྱི་འཐུས་རྣམ་གཉིས་ལ་སྙན་ཞུ་ཅི་ཙམ་ཕུལ་ཡང་། གྲོས་ཚོགས་སུ་སྙན་སེང་ཙམ་ཡང་ཞུས་མེད། འདི་བཙན་བྱོལ་སྤྱི་འཐུས་རྣམ་པའི་ཀུན་སྤྱོད་རེད། དོན་ངོ་མའི་ཁྲིམས་འགལ་ཡང་འདི་རེད། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ཟུར་སྣོན་ཡིག་ཆ་ཨང༌། ༢ སྤྱི་འཐུས་ལས་འཁུར་དམ་བཅའ་/ཁས་ལེན་ཞེས་པར།“བདག   ཞེས་བགྱི་བ། སྐབས་  བོད་མི་མང་སྤྱི་འཐུས་ལྷན་ཚོགས་སུ་སྤྱི་འཐུས་འོས་འདེམས་བྱུང་བ་ལགས་ན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་ཡིད་ཆེས་བློ་གཏད་ཀྱི་ཐོག་ནས། སྤྱི་འཐུས་ཀྱི་ལས་འཁུར་ཞུ་སྒོ་མཐའ་དག བཅའ་ཁྲིམས་ཀྱི་དགོངས་དོན་འགལ་མེད་ཐོག རང་དོན་ཕྱོགས་ལྷུང་དང༌། འཇིགས་ཞུམ་ཆགས་སྡང་མེད་པར། དྲང་བདེན་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་རང་ནུས་གང་ཐེག་ཞུ་རྒྱུའི། མཆོག་གསུམ་དཔང་བཙུགས་ཀྱིས་དམ་བཅའ་བརྟན་པོ་ཞུ་རྒྱུ་ཡིན།” ཞེས་དམ་བཅའ་བཞག་ཡོད། ཁྲིམས་དང་དམ་བཅར་འགལ་ཡང་ཁྲིམས་འགལ་མིན་ན། ཁྲིམས་འགལ་ཟེར་བའི་མགོ་ན་རྭ་ཅོ་དགུ་དང་། ཞབས་ན་རྐང་པ་བཅོ་བརྒྱད་ཅན་ཞིག་ཡོང་རྒྱུ་མེད།

མདོར་བསྡུས་ན། དེ་རིང་ངས་འདི་ནས་གསལ་བོར་ཞུ་འདོད་པ་ནི། ད་ཐེངས་སྐབས་ ༡༦ སྤྱི་འཐུས་འཚོགས་དུས་ ༦ ཐོག ངེས་པར་དུ་བོད་ཀྱི་ཡུལ་མི་ཇོ་ནང་པ་རྣམས་ལ་བོད་མི་སྤྱི་མཚུངས་ཀྱི་གཞི་རྩའི་ཐོབ་ཐང་ཡོངས་རྫོགས་གནང་རྒྱུའི་ཐག་གཅོད་གནང་དགོས། གལ་ཏེ་དེ་ལྟར་མ་བྱུང་བ་ཡིན་ན། སྔར་ཡང་བཤད་ཟིན་པ་ལྟར། ཁྲིམས་འགལ་གྱི་གྱོད་གཞི་ཁྲིམས་ལ་གཏུག་རྒྱུ་ཁྲིམས་མཐུན་ཡིན་པས། སྲིད་སྐྱོང་དང་ཚོགས་གཙོ་རྣམ་གཉིས་ལ་ཁྲིམས་ཁང་དུ་མཇལ་འཛོམས་ཀྱི་དུས་བཅད་བཟོ་རྒྱུ་ལས་འདེམས་ཁ་གཞན་མེད་པ་ཤེས་པར་བྱོས་ཞེས་མཇུག་བསྡུ་རྒྱུ་ཡིན།

ཕྱི་ལོ་ ༢༠༡༨ ཟླ་ ༩ ཚེས་ ༥ ཉིན།  བེ་རི་རིག་པའི་རྡོ་རྗེས་མགྱོགས་བྲིས་བྱས།

བསམ་ཚུལ།

Post navigation

Previous Post: མདོ་ལུང་འགའི་དོགས་དཔྱོད།
Next Post: ༸རྗེའི་དྲང་ངེས་ལེགས་བཤད་སྙིང་པོའི་དཀའ་གནད་ལ་ཆོས་བརྒྱུད་དང་སེར་སྐྱ་ཕོ་མོ་རིས་མེད་ཀྱི༌མཁས་པའི་བགྲོ་གླེང་གསལ་བསྒྲགས།

Comments (11) on “དོན་ངོ་མར་སུས་ཁྲིམས་འགལ་བྱས་འདུག”

  1. རིག་འཛིན་ says:
    2018-09-05 at 1:43 am

    ཁྱེད་ཀྱི་གསུང་པ་ཡག་པོ་འདུག་ཀྱང་དེ་ལས་ཡག་པ་ནི་བོད་པའི་ཆོས་རྒྱུད་སྤྱི་འཐུས་ཟེར་བ་དེ་མེད་ན་དགའ་བ་དང་ཆོས་ཁའི་སྤྱི་འཐུས་ཀྱང་འོས་ཤོག་ཀྱང་དཔལ་རྒྱལ་བ་ཀརྨ་པའི་ཉེས་ཆར་གསར་འགོད་པའི་བཅར་འདྲི་སྐབས་གསུང་པ་ལྟར་བྱེད་ན་ད་ལྟའི་ཆོལ་ཁའི་ནད་གཡམས་ཆེན་པོ་དེ་མེད་པ་ཡོང་བའི་རེ་བ་འདུག།

  2. སྐལ་བཟང says:
    2018-09-05 at 3:04 am

    ཆོས་རྒྱུད་སྤྱུ་འཐུས་མེད་པར་བཟོ་འོས། ཆོས་རྒྱུད་སྤྱུ་འཐུས་ནང་བོད་པའི་གྲ་བ་ཡིན་ཟེར་བའི་སྐྱ་མིན་སེར་མིན་ཁ་ཤས་ཡོང་སྟེ་བོད་པའི་སྤྱུ་ཚོགས་ཕུ་དཀྲུག་མདའ་དཀྲུག་བྱས་སོང་།

  3. ཨ་ཁུ་འབྲོག་པ། says:
    2018-09-05 at 8:20 am

    ཡག་ཤོས་ཆོལ་ཁ་དང་ཆོས་བརྒྱུད་སྤྱི་འཐུས་མེད་པ་བཟོ་རྒྱུ་དེ་ཡིན་ཀྱང་། བཟོ་ཐུབ་ཀྱི་མ་རེད། དེ་ཁམས་པའི་མར་རྩ་རེད། དེ་ལས་ཁྲིམས་གཏུག་བྱ་རྒྱུ་དེ་མགྱོགས་ཙམ་བྱོས། འགག་རྩ་དེ་ག་བར་ཐུག་ཧ་གོ་ཡི་རེད།

  4. བསམ་ཤེས། says:
    2018-09-05 at 5:25 pm

    བེ་རི་རིག་པའི་རྡོ་རྗེ་ལགས།

    ཇོ་ནང་ལ་ཆོས་རྒྱུད་ཀྱི་རྐུབ་བསྟེགས་མ་ཐོབ་པ་དེ་གཙོ་བོ་སྤྱི་འཐུས་ནང་ལ་ས་སྐྱའི་སྤྱི་འཐུས་དང་། རྙིང་མའི་སྤྱི་འཐུས། བཀའ་བརྒྱུད་ཀྱི་སྤྱི་འཐུས། དེ་བཞིན་ཁམས་ཀྱི་ཆོལ་ཁ་ནས་ཡིན་པའི་དགེ་ལུགས་ཀྱི་སྤྱིའཐུས་རྣམ་པས་མཐའ་གཅིག་ཏུ་ངོ་རྒོལ་གནང་བཞིན་པ་རེད།

    རྒྱུ་མཚན་ནི་ཇོ་ནང་སྤྱི་འཐུས་ཡོང་ན་མང་ཆེ་བ་མདོ་སྨད་ཀྱི་མི་ཡིན་པས་དེས་ཁམས་པའི་སྤྱི་འཐུས་ཀྱི་ནུས་པར་ཤུགས་རྐྱེན་ཡོང་བར་སྐྲག་ནས་དེ་ལྟར་སྲིད་འཇུས་འཛིན་བཞིན་འདུག

    བྱས་ཙང་ཁྱེད་ཀྱིས་ནག་ཁུང་ནང་ལ་མདའ་མ་འཕེན་པར། རྨ་ཐོག་ལ་བཙག་འཁེལ་པ་བྱེད་དགོོས། དོན་མེད་བོད་གཞུང་ལ་རྙོག་ཁྲ་བཤད་ན། ཇོ་ནང་སྤྱི་འཐུས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་མཁན་གྱི་དབུས་གཙང་བ་དང་། སྟོད་པ། དེ་བཞིན་དབུས་གཙང་ནས་ཕེབས་པའི་དགེ་ལྡན་པའི་སྤྱི་འཐུས་ཚོར་དོ་ཕོག་ཡོང་གི་རེད། ད་ལྟ་དབུས་གཙང་ཚོས་ཇོ་ནང་སྤྱི་འཐུས་ཡོང་ན་བསམས་ནས་དེ་ལྟར་ཡོང་བར་འབད་པ་བྱེད་བཞིན་འདུག དོན་མེད་དེ་ཚོར་དོ་ཕོག་མེད་པ་གྱིས།

  5. སྤར་ཤད། says:
    2018-09-06 at 12:21 am

    འདྲ་མཉམ་དང་རིས་མེད་ཅེས་པའི་ཚིག་འདི་སྟེགས་བུ་མཐོ་དམའ་བར་གསུམ་དུ་བཙན་བྱོལ་སྤྱི་ཚོགས་ཀྱི་ལས་ཀྱི་སྣེ་མོ་བ་ཀུན་གྱིས་ཁ་ལ་སྦྱར་སྦྱར་བར་ཡོད་པའི་ཚིག་ཅིག་ཡིན། ཐ་ན་གྲོས་ཚོགས་སུ་འཚང་བའི་གླང་གོག་དམར་པོ་དག་གིས་ཀྱང་འདྲ་མཉམ་དང་དང་རིས་མེད། མཐུན་སྒྲིལ་ཞེས་བསྒྲགས་དང་སྒྲོག་བཞིན་ཡོད་མོད། དོན་ངོ་མར། བཙན་བྱོལ་མི་མང་གིས་རེ་བའི་མིག་ཟུང་ཅེར་བའི་གྲོས་ཚོགས་ར་བ་ན་གླང་གོག་དམར་པོ་འདི་དག་གིས་ཆོས་བརྒྱུད་དང་ལུང་ཚན་དཀྲུག་ནས་བཙན་བྱོལ་གཞུང་མུན་པའི་གཡང་སར་དེད་ཚར་རེད། མདོར་དེད་ན། གྲོས་ཚོགས་ན་ཞུགས་པའི་གླང་གོག་དམར་པོ་དེ་དག་ལ་སྟོན་པ་ཐུགས་རྗེ་ཅན་གྱིས་བསྟན་པའི་ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་ཕར་ཟད། འཇིག་རྟེན་མི་ཆོས་ཀྱི་རྩ་བ་ཡ་རབས་དང་བཟང་སྤྱོད་ཀྱི་དྲི་ཙམ་ཡང་མེད་ངེས་ན། འདི་དག་ལ་རྗེས་གྲུབ་ཀྱི་མིང་ཞིག་གདགས་དགོས་ན་ངས་ནི་གླང་གོག་དམར་པོ་ཞེས་པ་འདི་ལས་འཚམ་ཞིག་ཁྱོན་ནས་རག་མ་སོང་།

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-09-06 at 4:15 am

    མང་གཙོ་རེད་དམ་དམངས་གཙོ་རེད་།
    བཅའ་ཁྲིམས་རེད་དམ་རྩ་ཁྲིམས་རེད་།
    འདས་པ་རྗེས་འདེད་བྱེད་པ་བྱིས་པའི་བློ་།
    མ་འོངས་མདུན་བསུ་བྱེད་པ་རྒན་ཁོག་བློ་།
    ད་ལྟ་ལག་ལེན་ལྟར་བ་མཁས་པའི་བློ་།
    དུས་གསུམ་མཉམ་བསྲེས་བྱེད་པ་རྩིས་མཁན་བློ་།

  7. ནོར་བུ says:
    2018-09-06 at 2:48 pm

    དེང་སྐབས་སུ་ ་ ་ ་ཤམྦྷ་ལ་དང་ ་ ་རིགས་ལྡན་དྲག་དམག་ལ་སོགས ཕྱི་ནང་གང་ཡིན་མི་མཁྱེན་མཁན ་ ་མང་མང་མང་མང་མང་མང་མང་ངོ །།

  8. སྲིན་པོ་རྫ་རྒན says:
    2018-09-06 at 8:08 pm

    ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཀྱི་ལམ་སྲོལ་འདི་བསྒྱུར་ནས། ཆོས་ལུགས་སྤྱི་འཐུས་ཏེ། སྟོན་པ་ཤཱཀྱ་ཐུབ་པའི་རྗེས་ཞུགས་པའི་སྤྱི་འཐུས་གཅིག སྟོན་པ་གཤེན་རབ་ཀྱི་རྗེས་ཞུགས་པའི་སྤྱི་འཐུས་གཅིག སྟོན་པ་མ་ཧ་མེ་ཐའི་རྗེས་ཞུགས་པའི་སྤྱི་འཐུས་གཅིག སྟོན་པ་ཡེ་ཤུའི་རྗེས་ཞུགས་པའི་སྤྱི་འཐུས་གཅིག་བཅས་སུ་འགྱུར་བ་གཏོང་ཐུབ་པ་ཡིན་ན། དགེ་མཚན་ཅུང་ཡོད་ངེས། དེ་མིན་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་དང་ཁོང་ཚོའི་འཐབ་འཛིང་དེ་ཚོ་མཚམས་བཞག་ན་ལེགས།

  9. ཇོ་སྲས་ངག་དབང་། says:
    2018-09-07 at 2:02 am

    #8 སྲིན་པོ་རྫ་རྒན ་ལགས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ།། མཆོད་དོ་སྐྱབས་སུ་མཆིའོ།།

  10. ལ་དྭགས་འཇམ་དཔལ།། says:
    2018-09-09 at 9:11 am

    ཨ་མདོ་པ་དགེ་ཆོས་ཀྱིས་ལ་དྭགས་ཐུར་པའི་ཁ་སྐད་དང། ཆོས་སྐད་དང་བསྟུན་ཏེ། གསུང་རྩོམ་དང་པོ་ཤོག་༢༨༢་ན།་བོད་ཀྱི་རྩོམ་དངོས་མ་ནི་འདི་ཚོ་ཡིན་འདུག་ཅེས་བྲིས་སོ།

  11. བཀྲ་ཡེ་ཚང་། says:
    2018-09-11 at 3:48 pm

    གྲ་སྒྲིག་སྡུག་ས་ནས་བྱོས་་་རེ་བ་བཟང་ས་ནས་རྒྱོབ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme