Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དོགས་འདྲི་ཞིག

Posted on 2012-10-072012-10-07 By ཁ་བརྡ་ 22 Comments on དོགས་འདྲི་ཞིག

ཚུལ་ཁྲིམས་ཟླ་བ།

བསམ་མེད་བྱིས་པ་སྣབས་ལུག་ཅིག་གིས། །
སྐྱེ་བ་སྔ་མའི་ཁྱིམ་གཞིས་དྲན་ན། །
སྐྱེ་བ་སྔ་ཕྱི་མེད་པར་འདོད་པའི། །
ཚན་རིག་རྒན་པོས་ཇི་ལྟར་སྨྲ་འམ། །

རལ་ཅན་སྔགས་པའི་ཕུ་ཚག་གཅིག་གིས། །
རྨ་ཁའི་ཟུག་གཟེར་རྨང་ནས་བཅོམ་ན། །
རྩིས་འཕྲུལ་ལེབ་མོར་དཔྱད་པ་རྒོད་པའི། །
ཚན་རིག་རྒན་པོས་ཇི་ལྟར་སྨྲ་འམ། །

རྫོགས་ཆེན་སྒོམ་པའི་རྣལ་འབྱོར་ཞིག་གིས། །
བེམ་རིག་གོག་པོ་འོད་དུ་ཡལ་ན། །
ཕྲ་ཞིབ་རྡུལ་ལ་དཔྱད་པར་མཁས་པའི། །
ཚན་རིག་རྒན་པོས་ཇི་ལྟར་སྨྲ་འམ། །

ཁྱོད་ལ་སྣང་བའི་འཐུང་ཆུ་དེ་ཉིད། །
གཞན་པ་ཞིག་ལ་ལྷ་རུ་སྣང་ན། །
མངོན་སུམ་གཙོ་བའི་རིག་པ་སྨྲ་བ། །
ཚན་རིག་རྒན་པོས་ཇི་ལྟར་སྨྲ་འམ། །

མགོ་སྟོད་ཀླད་རྩའི་རྒྱུ་བ་མེད་ཚེ། །
ཅི་བསམ་འདི་དྲན་མེད་པར་སྨྲ་ན། །
མགོ་མེད་མི་ཡི་ལག་བརྡ་དེ་ལ། །
ཚན་རིག་རྒན་པོས་ཇི་ལྟར་སྨྲ་འམ། །

ས་རྡུལ་འཐས་པའི་རྒྱུ་མཚན་གང་ལགས། །
ཆུ་རྡུལ་གཤེར་བའི་རྒྱུ་མཚན་གང་ལགས།་།
མེ་རྡུལ་ཚ་བའི་རྒྱུ་མཚན་གང་ལགས། །
རླུང་རྡུལ་གཡོ་བའི་རྒྱུ་མཚན་གང་ལངས། །

འབྱུང་བཞིའི་རྡུལ་གྱི་བྱ་བ་དེ་དག །
རང་བཞིན་ཕྱིས་བྱུང་གང་ཞིག་རེད་ལགས། །
རང་བཞིན་ཡིིན་ན་ཡིན་སྟངས་གསུང་རོགས། །
ཕྱིས་བྱུང་ཡིན་ན་རྒྱུ་རྐྱེན་ཅི་དགོས། །

གོ་ལ་འཁོར་བའི་རྒྱུ་མཚན་ཅི་ཞིག །
གཅིག་ལྟར་འཁོར་བའི་ཁྲིམས་དེ་སུས་བཟོས། །
བླུན་རྨོངས་ཁོ་བོའི་དྲི་བ་དག་ལ། །
ཚན་རིག་མཁས་པས་ལན་ཞིག་གནང་རོགས། །

སྤྱི་ལོ ༢༠༡༢ ཟླ་ ༢ ཚེས་ ༡༨ ཉིན་བྲིས།

སྣ་ཚོགས།

Post navigation

Previous Post: ལོ་ངོ་དྲུག་ཅུའི་ཕྱིར་མིག་དང་བདག་གི་བླ་མ།
Next Post: གདུང་གླུ

Comments (22) on “དོགས་འདྲི་ཞིག”

  1. རང་དབང་། says:
    2012-10-07 at 9:10 pm

    བསམ་མེད་བྱིས་པས་སྐྱེ་བ་དྲན་པ། །
    ཕ་མ་མགོ་བདེ་དེ་ཚོས་བཟོས་རེད། །
    མིན་ན་ཁྱེད་ཀྱིས་སྐྱེ་བ་མ་དྲན། །
    ཀླད་པ་ནང་ལ་སྐྲན་རྡོག་ཡོད་དམ། །
    སྔགས་པའི་ཕུ་ཡིས་ཟུག་གཟེར་བཅོམ་པ། །
    རྫོགས་ཆེན་སྒོམ་པའི་འཇའ་ལུས་གྲུབ་པ། །
    ཁྱོད་ཀྱི་འཐུང་ཆུ་གཞན་གྱིས་ལྷར་སྣང་། །
    མགོ་མེད་ལག་པས་ལག་བརྡ་བྱེད་པ། །
    དེ་ཚོ་ཚང་མ་རྫུན་མ་རྫུན་རྐྱང་། །
    ཡོད་ཚད་འཚོལ་བའི་ཚན་རིག་པ་ཚོས། །
    མ་མཐོང་བ་ཞིག་ཁྱོད་ཀྱིས་ག་ནས། །
    གོ་ལ་འཁོར་བ་ཚན་རིག་པས་བཤད། །
    དེ་ལ་ཡིད་ཆེས་སྐྱེ་དོན་གང་ཡིན། །
    དེ་མིན་མདོ་རྒྱུད་གང་ན་བཤད་འདུག །

  2. ཚུལ་ཁྲིམས་ཟླ་བ་ནས། says:
    2012-10-08 at 1:57 am

    རང་འདོད་ཙམ་ཞིག་སུས་ཁ་ནས་བརྗོད་པར། །
    རང་དབང་ཨམ་ཅིག་ཡིན་ཚོད་འདུག་མོད། །
    རྣམ་དག་རིགས་པའི་བརྒལ་བ་མེད་ན། །
    འུད་བརྗོད་བྱེད་པ་བླུན་པོའི་ངང་ཚུལ། །

  3. ལོག་སྨྲ་ཚར་གཅོད། says:
    2012-10-08 at 5:56 am

    བྱིས་པས་སྐྱེ་བ་སྔོན་དྲན་མི་སྲིད་ངེས་ན་ཡང་། །
    རྫས་རྡུལ་གློག་ནུས་རྒྱུ་བའི་བྱ་བཞག་ཕྲ་མོ་ལ།།
    སེམས་དང་རྣམ་ཤེས་ཟེར་བའི་མིང་གིས་རྫུན་སྙེད་དེ།།
    སྔ་ཕྱི་དུས་གཅིག་གསལ་ལ་སྔོན་དྲན་ཞེས་འཁྲུལ་འདུག།

    རལ་ཅན་སྔགས་པའི་ཕུ་ཚག་གཅིག་གིས་ནད་པ་ཡི། །
    རྨ་ཁའི་ཟུག་གཟེར་རྨང་ནས་བཅོམ་པ་བདེན་ན་ཡང་། །
    རྫས་རྡུལ་སྨན་དང་དེང་གི་འཕྲུལ་རིག་ལག་རྩལ་གྱིས།།
    ནད་ཀུན་བཅོས་པས་སྔགས་པ་སྨན་རྗེ་ངལ་གསོ་སྟེར།།

    རྫོགས་ཆེན་སྒོམ་པའི་རྣལ་འབྱོར་ཞིག་གིས་ཡིད་ངོར་ན། །
    བེམ་རིག་གོག་པོ་འོད་དུ་ཡལ་བ་སྣང་ན་ཡང་། །
    གཞན་ལ་བསྟན་མེད་རང་སྣང་དག་པའི་ལོག་སྒོམ་ལས།། འཇིག་རྟེན་འདི་ནས་གཟུགས་རྡུལ་ཉུང་དུ་སོང་མྱོང་མེད།།

  4. ཚུལ་ཁྲིམས་ཟླ་བ་ནས། says:
    2012-10-08 at 9:15 am

    བྱིས་པས་སྐྱེ་སྔོན་དྲན་པ་མི་སྲིད་ཅེས། །
    འཐད་ལྡན་རིགས་པའི་འཕུལ་མཚམས་ཅི་འདྲ་ཡོད། །
    རྫས་རྡུལ་གློག་ནུས་རྒྱུ་བ་ཕྲ་མོ་དེ། །
    ཤེས་པ་ཡིན་ཞེས་བླུན་པོ་སུ་ཡིས་སྨྲས། །
    རྫས་རྡུལ་སོགས་ཀྱིས་ནད་ཀུན་གཞོམ་ནུས་ན། །
    ཨེག་སེ་ནད་དེ་མ་འགོག་ཅིའི་ཕྱིར་བཞག །
    རྣལ་འབྱོར་སྒྱུ་ལུས་འོད་ཡལ་མངོན་སུ་ལ། །
    བསྙོན་དུ་འདིང་བ་བླ་གླང་རྫི་བོའི་སྲོལ། །
    མ་དག་ལོག་པའི་ལིང་ཏོག་ཅན་དག་གིས། །
    མ་མཐོང་ཕྱིར་ན་མེད་པར་གྲུབ་ཅེ་ན། །
    རྡུལ་རྫས་གློག་གི་ནུས་པ་ཕྲ་མོ་ཡང་། །
    མེད་དོ་སྨྲོས་དང་ཁས་བླངས་སྔོན་སོང་ཕྱིར། །

  5. རང་དབང་། says:
    2012-10-08 at 11:01 am

    བྱིས་པས་སྐྱེ་སྔོན་དྲན་པ་མི་སྲིད་པར། །
    ང་རང་བྱིས་པ་བྱས་ནས་འོང་བས་ཤེས། །
    བུ་མོས་ཇི་དྲན་ཨ་མས་ཤེས་པ་ནི། །
    ཨ་མ་བུ་མོ་བྱས་ནས་འོང་བས་རེད། །
    ཚན་རིག་རྫས་ཀྱིས་ནད་ཀུན་མི་གཞོམ་ཡང་། །
    འགོ་ནད་ཆེན་པོ་ལྔ་ཙམ་རྩ་མེད་བཟོས། །
    སྔགས་རྒན་ཕུ་ཡིས་ནད་རིགས་བཅོས་ནུས་ན། །
    མཛེ་འབྲུམ་སི་བི་སྔོན་འགོག་མ་ནུས་ཅི། །
    རྣལ་འབྱོར་སྒྱུ་ལུས་འོད་ཡལ་སུ་ཡིས་མཐོང་། །
    ཁུངས་ལྡན་རིགས་པའི་དཔང་རྟགས་ག་རེ་ཡོད། །
    ང་ཡི་ཕ་རྒན་སྒྱུ་ལུས་ཐོབ་ཟེར་ན། །
    ཁྱོད་རང་ཡིད་ཆེས་འདུག་གམ་བསམ་བློ་ཐོངས། །

  6. ཀརྡོ་གཉེར་ཕྱག་པ་ says:
    2012-10-08 at 11:53 am

    རྒྱང་འཕེན་རྒད་པོར་ལན་འདེབས་གང་ཡོད། །
    ཆོས་མེད་འགྱིད་ལུག་མི་ལ་ལན་མེད། །
    མཚན་རིག་རྒན་པོས་གང་སྨྲ་མི་ཤེས། །
    རང་ཉིད་ཐོས་བསམ་བསྒོམས་པ་བྱས་འབྲས། །
    ལན་ནི་གཤམ་གྱི་ཚིགས་བཅད་འདི་དག །

    བདེ་སྡུག་ཐམས་ཅད་ལས་ལས་བྱུང་ཡང་། །
    ཡོད་ཚད་ཐམས་ཅད་ལས་བཟོས་ཨ་ཡིན། །
    ནང་གི་འབྱུང་བར་དབང་ཐོབ་འགྱུར་ན། །
    ཕྱི་ཡི་འབྱུང་བར་ཐོག་རྫིས་ཐུབ་སྲིད། །
    མཚན་ཉིད་རྒད་པོས་སྨྲ་སྟངས་འདིའོ། །

  7. ཚུལ་ཁྲིམས་ཟླ་བ་ནས། says:
    2012-10-08 at 12:58 pm

    ཡོད་ཚད་ཐམས་ཅད་རང་གི་བློ་ལ་གཏུགས །
    ཁྱོད་ཀྱི་སྒོ་ལྔའི་ཡུལ་དུ་མ་གྱུར་ན། །
    མེད་པ་ཡིན་པའི་ཁྱབ་མཐའ་གཞན་ལ་སྒྲོགས། །
    བུ་མོས་ཅི་དྲན་ཨ་མས་དྲན་ནོ་ལོ། །
    ཧ་ཅང་ཐལ་བའི་རིགས་པ་མང་དུ་བབ། །
    རྣལ་འབྱོར་པ་རྣམས་འོད་དུ་དེངས་པ་དེ། །
    བསོད་ཟད་མི་བུས་མཐོང་བ་ནུས་མ་ཡིན། །
    ཁྱོད་ཀྱི་ཨ་མ་འོད་ལུས་གཤེགས་མིན་དེ། །
    ཁས་ལེན་ཡོད་མེད་རྣམ་དག་རིགས་པར་ཐུག །

    རང་དབང་ལ།

  8. ཚུལ་ཁྲིམས་ཟླ་བས། says:
    2012-10-08 at 1:00 pm

    ཀར་རྡོར་ནས་ཡག་པོ་གསུངས་འདུག

  9. རྣ་བ་བརྒྱདཔ་ says:
    2012-10-08 at 2:16 pm

    མཚན་རིག་རྒན་པོའི་ཡོད་ཚད་ཤེས་པ་མིན།
    གང་ཤེས་དེ་དག་ཐམས་ཅད་བདེན་པ་ཡིན།
    སེམས་དང་སེམས་བྱུང་སྔ་ཕྱིས་སྐྱེ་བ་སོགས།
    མི་སྨྲ་མི་སྤྱོད་བསམ་བརྗོད་ཡུལ་ལས་འདས།

    ཡིད་ལུས་འོད་སྐུར་རྩ་ཐིག་བརླུང་གི་འཕྲུལ།
    ཐུན་མོང་ཐུན་མིན་གྲུབ་པའི་དངོས་གྲུབ་རྣམས།
    དད་མེད་སྐྱེ་བོའི་སྤྱོད་ཡུལ་མ་ཡིན་ན།
    ཚན་རིག་རྒན་པོའི་སྤྱོད་ཡུལ་གང་ནས་ཡིན།

    དིང་དུས་ཕར་ཆེར་དད་པའི་རྟེན་མ་ཡིན།
    ཨ་རི་ལ་སོགས་འགོ་དམར་ལ་ཡོད་པའི།
    མི་ཆོས་སྤྱོད་བཟང་ཙམ་ཞིག་གདམ་པ་ལས།
    ཐེག་ཆེན་གདམ་པའི་སྐལ་ལྡན་ཤིན་དུ་ཉུང།

  10. རང་དབང་། says:
    2012-10-08 at 4:16 pm

    ཡོད་ཚད་རང་གི་བློ་ལ་གཏུགས་པ་དང་། །
    རང་གི་བླ་མས་གསུངས་སོ་ཐོས་སོ་ལས། །
    དེ་མིན་མཐུན་སྣང་དཔང་རྟགས་མེད་ན་ཡང་། །
    ད་དུང་ཨུ་ཚུགས་བྱེད་འདི་བླུན་པོའི་ཕུལ། །
    དེང་སང་ག་སོང་ཆ་མེད་གྱུར་པ་ལས། །
    རྣལ་འབྱོར་འོད་དུ་དེངས་པ་མ་མཐོང་ཟིག །
    ཁྱོད་ཀྱི་ཨ་མ་འོད་ལུས་གཤེགས་མིན་དེ། །
    བདེན་མིན་རྣམ་དག་རིགས་པ་དེ་གང་ཞིག །

  11. འོད་གསལ says:
    2012-10-08 at 7:50 pm

    བཅོམ་ལྡན་མི་ཡི་སེངྒེས་མ་གསུངས་པར། །
    ཨ་ཙར་དམར་བོ་སོགས་ཀྱིས་གསར་བཟོས་པའི། །
    སྣ་ཚོགས་གྲུབ་མཐའི་ཡོ་ལང་འཁྲུག་པ་འདིས། །
    ཆོས་མིན་ཆོས་འདྲས་གངས་ཅན་པ་རྣམས་སྨྱོས། །

    རྒྱལ་བའི་སྲས་པོ་མར་མེ་མཛད་དེ་ཡིས། །
    བསྟན་ལ་སྲི་ཞུའི་ལྷག་བསམ་མ་དོར་བར། །
    ཡང་དག་བསྟན་པའི་སྒྲོན་མེ་སྦར་ན་ཡང་། །
    དུས་ཀྱི་རླུང་འཚུབ་དྲག་པོས་ཉམ་པར་བྱས། །

    མ་མཐོང་ཕྱིར་ན་མེད་པར་ངེས་པ་དང་། །
    བློ་ཡིས་བཏགས་ཚད་ཡོད་པས་མ་ཁྱབ་ན། །
    རྒྱུ་འབྲས་རྣམ་གཞག་ཇི་བཞིན་ཁས་ལོངས་དང་། །
    ཆད་ལྟའི་འོབས་སུ་ལྷུང་བར་དོགས་མི་དགོས། །

    སྔོན་ཆད་ཧིན་དྷུའི་བླ་མ་འགའ་ཞིག་གིས། །
    མི་ཚོགས་བརྒྱ་སྟོང་མང་བོའི་གཟིགས་མོ་རུ།།
    སྟོང་བའི་མཁའ་ལས་གསེར་སོགས་བཏོན་པའི་མཐར། །
    ཚན་རིག་པ་ཡིས་ཁོ་ཚོའི་རྫུན་རྐུབ་བརྟོལ། །

    ཆོས་ཉིད་བདེན་པ་རྟོགས་པའི་ཚད་རྟགས་ནི།།
    རྡོ་ལ་རྐང་རྗེས་བཞག་པ་མ་ཡིན་གྱི། །
    ནང་གི་ཉོན་མོངས་རང་མཚན་ཞི་བའི་ཚེ། །
    ད་གཟོད་དེ་ལ་གྲུབ་རྟགས་འབོད་ན་འོས། །

    ལྟ་བའི་དེད་དཔོན་ཀློང་ཆེན་རབ་འབྱམས་དང་། །
    སྒོམ་པའི་དབང་ཕྱུག་རྣལ་འབྱོར་མི་ལ་མཆོག །
    སྤྱོད་པའི་རྒྱལ་བོ་འཇམ་མགོན་བློ་བཟང་གྲགས། །
    གངས་ཅན་དཔའ་བོ་གསུམ་གྱི་རྗེས་སུ་སྙོགས། །

    མི་ཆོས་བླ་མིའི་རྫུན་ལ་ལུང་བསྟན་སྨྲ། །
    མིག་འཕྲུལ་གཡོ་སྒྱུའི་གར་ལ་གྲུབ་རྟགས་བརྩི།།
    རྨོངས་དད་སུ་ཆེ་ཆོས་པ་མཆོག་ཏུ་བགྲང་། །
    ལུང་རྟོགས་བསྟན་པ་ཉིན་རེ་བཞིན་དུ་འགྲིབ། །

    མདོ་དང་སྔགས་གཉིས་ཟུང་དུ་མ་འཇུག་པར། །
    མཆོག་གི་གོ་འཕང་ཐོབ་པ་རབ་དཀའ་ཡང་། །
    དེ་གཉིས་འགལ་བར་མཐོང་ཞིང་སྤྱོད་པ་ཡི། །
    གྲྭ་བ་སྔགས་པའི་ཆོ་ལོ་གསོལ་བ་མང་། །

    ནད་ཀྱིས་བཏབས་ཚེ་སྨན་པ་བརྟེན་པ་དང་། །
    སྲིད་ལ་ཚན་རིག་མེད་དུ་མི་རུང་ལ། །
    ཐར་བ་ཐོབ་ལ་དམ་པའི་ཆོས་མཁོ་བས། །
    གཅིག་ལས་གཞན་མི་དགོས་ཟེར་བ་འཁྲུལ། །

  12. འོད་གསལ says:
    2012-10-08 at 8:12 pm

    ཨ་རིའི་མགོ་དམར་ཟེར་བའི་ཚིག་འདི་ནི། །
    ཡིག་རྨོངས་འབྲོག་རྒན་སོགས་ཀྱི་ཚིག་ཡིན་པས། །
    ད་ནས་བཟུང་སྟེ་དྲན་ཤེས་བག་ཡོད་སྒོས། །
    གཏམ་བཟང་སྨྲོས་དང་ཡ་རབས་སྤྱོད་པར་འགྱུར། །

    མགོ་དམར་མགོ་ནག་མགོ་སེར་ཐམས་ཅད་ལ། །
    མདོ་ལྟར་བདེ་གཤེགས་སྙིང་བོས་ཁྱབ་པ་དང་། །
    ཀྱཻ་རྡོར་སོགས་ལས་ཀུན་ཀྱང་སྤྲུལ་བའི་སྐུར། །
    མངལ་ཕྲུ་ཆོས་གོས་སོགས་ཀྱི་རྟགས་ཀྱིས་བསྒྲུབས། །

    ཁབ་སྐུད་ལེགས་པོ་བཟོ་ཙམ་མི་ཤེས་པར། །
    ཚན་རིག་པ་ཡིས་འདི་ཤེས་འདི་མི་ཤེས། །
    ལ་སོགས་ཁ་ཚོན་གཅོད་ལ་དགའ་དྲགས་པ། །
    གཞི་མེད་ང་རྒྱལ་འདི་ཡིས་བོད་འདི་ཕུང་། །

  13. ཟུར་གནས། says:
    2012-10-08 at 8:57 pm

    ད་ཡང་འདིར་ང་ཚོ་ཆུ་ཚོད་ལ་དཀའ་ལས་བརྒྱབ། སྒོར་རྡོག་རེ་གཉིས་བསག་པ་འདི་ཕྲུ་གུ་གསོ་བ་དང་ཕ་མ་གསོས་ནས་འདུག་པའི་སྐབས་ལ། ལྷ་སྒྲུང་ལྟ་བུར་མི་ལ་མགོ་བོ་སྐོར་མཁན་ཞིག་གིས་རྙོག་འདྲ་ལྟ་བུ་འདིར་ཤོད་ཡོང་གི་འདུག། ལན་ཞིག་མ་བསྟེར་ན་སེམས་པ་མ་སྐྱིད། བསྟེར་ན། རྨི་ལམ་ལྟ་བུའི་ལས་སྟོང་ལ་རེ་བ་བརྒྱབ་མཁན་གྱི་གྲྭ་པ་དང་གྲྭ་ཟུར་དེ་ཚོ་སེམས་ཕམ་འགྲོ་བཞིན་གདའ། ཡ་ལན་འདིར་ཡོད།

    སྐྱེ་བ་སྔ་ཕྱི་ཡོད་པ།
    ཤོད་མཁན་ནང་པ་ཚང་མ།
    ཁ་ཆེ་ཡེ་ཤུའི་འོག་ནས།
    ཐར་རྒྱུ་མེད་པ་སུས་ལན།

    སྔགས་པའི་ཕུ་ཚག་ལུང་པར།
    ནད་དང་ནད་ཡམས་ཁེངས་ནས།
    འབྲོག་པ་བརྒྱ་ཕྲག་མང་པོ།
    ཱཨེ་ཙི་ན་ནས་ཤི་དུས།
    ཕུ་ཚག་རྒྱག་མཁན་ག་པར།
    ཕུག་ཚག་འཐོབ་མཁན་ག་པར།

    རྫོགས་ཆེན་འོད་གསལ་སྒོམ་མཁན།
    སྟོང་ཕྲག་བཙོན་ལ་གྲོངས་སོང་།
    ལ་ལ་འབྲོ་ཐབས་བྱས་ཀྱང་།
    ལམ་བར་དགྲ་འོག་ཤོར་དུས།
    འབེམ་རིག་འོད་དེ་མེད་པ།
    འཇིགས་ཕུན་མཁན་པོས་གསུངས་སོང་།

    སྣང་བ་མི་འདྲ་ཡོད་རུང་།
    དུག་དང་འཕྲད་ན་ཤི་རྒྱུ།
    ལྷག་དོན་སྒོམ་ཆེན་ལགས་ཀྱིས།
    དེ་ཚོ་ཤེས་ན་བཟང་ངོ།

    མགོ་མེད་མི་ཡི་འགུལ་བ།
    སྙིང་གི་རྩ་ནས་ཡོང་བ།
    ཚན་རིག་སློབ་མས་ཤེས་པ།
    སྒོམ་ཆེན་དི་རིང་ཤེས་དགོས།

    སྙིང་དང་བྲལ་བའི་མི་ཞིག
    འགུལ་བ་ཁྱེད་ཀྱི་མཐོང་ན།
    དེ་ལ་ཚན་རིག་རྒད་པོས།
    ངོ་མ་ཡ་མཚན་རྩི་འོ།

    འདི་ཚོའི་གཤམ་གྱི་འདྲི་བ།
    ཨ་རིའི་སློབ་ཆུང་སློབ་དེབ།
    ཤིན་དུ་ཞིབ་པར་གསལ་བས།
    འདི་ལ་དཀའ་ངལ་མི་ལེན།

  14. ཟུར་གནས། says:
    2012-10-08 at 9:11 pm

    ནོར་བཅོས།

    གོང་གི་”ལས་སྟོང་ལ་”ཟེར་བ་འདི་ལྟར་བཅོས་རོགས།

    “རྨི་ལམ་ལྟ་བུའི་སྟོང་པ་ཉིད་ལ་རེ་བ་བརྒྱབ་མཁན་གྱི་གྲྭ་པ་དང་གྲྭ་ཟུར་དེ་ཚོ་སེམས་ཕམ་འགྲོ་བཞིན་གདའ།”

    སྐུ་མཁྱེན་སྐུ་ཞབས་དགེ་འདུན་པ་ཚོ། ཡིག་ནོར་ཤོར་འདུག། དགོངས་འགལ་མེད་པ། སྐུ་འགྱེད་སྐུ་ཕྱག་རེ་རེ་འབུལ་རྒྱུ།

  15. རྣ་བ་བརྒྱདཔ་ says:
    2012-10-08 at 11:51 pm

    མགོ་དམར་མགོ་ནག་མགོ་སེར་ཁྱོད་ཀྱང་སྨྲ།
    སྐྲ་ཡི་ཁྱད་ཆོས་གསལ་སྟོན་བཅོས་ཅི་དགོས།
    མགོ་ནག་མི་ཡི་བརྗོད་ན་བཅོས་དགོས་སམ།
    དེ་ཕྱིར་ཁྱོད་ཀྱིས་རང་གཞན་གཉིས་ག་ཕུང།

    བདེ་གཤེགས་སྙིང་པོའི་ཁྱབ་པའིརྒྱུ་མཚན་གྱིས།
    ཨ་རི་བ་ལ་ཐལ་མོ་སྦྱར་དགོས་ན།
    ཁྱི་རྒན་ལ་ཡང་ཏེ་ལྟར་བྱ་བར་རིགས།
    དེ་ཕྱིར་འགལ་ཚིག་དེ་འདྲ་བཅོས་དགོས་སོ།

    ཨར་མོའི་རྐུབ་དང་སྒྲོ་ལོ་ཅི་རིགས་གིས།
    རང་གི་ཀླད་རྩ་མ་ལས་བླག་པ་འདྲ།
    དད་པ་དམ་ཚིག་མེད་པའི་མི་རྣམས་ལ།
    ཀྱེ་རྡོར་ལྷ་རུ་མངལ་ཕྲུ་གྱིས་བསྒྲུབས་ག།

    གང་སྣང་ལྷར་སྒོམ་དག་སྣང་མི་དགོས་པར།
    མདོ་སྔགས་སྐད་ཆ་འདི་ནི་ཚིག་སྦོམ་ཆེ།
    ཏེ་ལོ་ན་རོའི་རྗེས་ཤུལ་ལ་བསྙེག་པའི།
    གོས་དཀར་ལྕང་ལོའི་སྡེ་ཚོགས་བྱུང་ལ་གཟིགས།

    འདི་དང་འདི་འདྲའི་དིང་དུས་བོད་མི་ཡིས།
    ཐུན་མིན་རིགས་གཞུང་ཉམས་པའི་སྔ་ལྟས་མང།
    རྟོག་ལྡན་བླ་མ་འཇའ་ལུས་འགྲུབ་པ་ལ།
    རང་གི་ཨ་མ་དཔེ་རུ་བླང་ཡོང་ག།

  16. ཀརྡོ་གཉེར་ཕྱག་པ་ says:
    2012-10-09 at 12:04 am

    ་་་་་་ སྐུ་མཁྱེན་སྐུ་ཞབས་དགེ་འདུན་པ་ཚོ། ཡིག་ནོར་ཤོར་འདུག། དགོངས་འགལ་མེད་པ། སྐུ་འགྱེད་སྐུ་ཕྱག་རེ་རེ་འབུལ་རྒྱུ།་་་་་ ཟེར།

  17. ཀརྡོ་གཉེར་ཕྱག་པ་ says:
    2012-10-09 at 1:40 am

    བསམ་མེད་བྱིས་པ་སྣབས་ལུད་ལ། །
    སྐྱེ་བ་སྔ་མའི་བག་ཆག་གཙང་། །

    རལ་ཅན་སྔགས་པའི་ཕུ་གཅིག་གིས། །
    གཟའ་ནད་ཀླུ་ནད་སྒྲོལ་བས་རེད། །

    རྫོགས་ཆེན་སྒོམ་པའི་རྣལ་འབྱོར་གྱིས། །
    བེམ་རིག་གོག་པོ་ཡལ་ནུས་གསུངས། །

    གོ་ལ་འཁོར་བའི་རྒྱུ་མཚན་ནི། །
    ཉི་མ་ལྷ་ཡི་འཐེན་ཤུགས་ལགས། །

  18. འོད་གསལ says:
    2012-10-09 at 2:51 am

    ཨོཾ་སྭ་སྟིཿ

    ཨར་མོའི་རྐུབ་ཞེས་ཚིག་འདི་སྨྲ་མི་འོས། །
    འདི་ནི་བུད་མེད་བརྙས་པའི་ཐ་སྙད་ལགས། །
    ད་ནས་བཟུང་སྟེ་ཇི་སྲིད་འཚོ་ཡི་བར། །
    ཚིག་འདི་མི་སྨྲ་དམ་བཅའ་གནང་རོགས་ཞུ། །

    རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རུ། །
    བུད་མེད་སྨོད་པས་རྩ་ལྟུང་འབྱུང་གསུངས་ཤིང་། །
    དེ་ནི་མཁའ་འགྲོ་ཙམ་ལ་མི་གོ་བར། །
    བུད་མེད་ཀུན་ལ་གོ་བར་མཁས་རྣམས་བཞེད། །

    ཨར་མོའི་རྐུབ་དང་ཁྱོད་ཀྱི་རྐུབ་གཉིས་ལ། །
    གཅིན་སྐྱག་འབྱུང་ལ་ཁྱད་པར་མ་མཆིས་ན། །
    ཨར་མོའི་རྐུབ་ཞེས་སྡིགས་མོ་མང་མཛད་ཀྱང་། །
    རང་གི་རྐུབ་དེ་རང་གར་བཞག་པ་ཅི། །

    གང་སྣང་ལྷར་དང་དག་སྣང་སྒོམ་དགོས་ཟེར། །
    ཁྱི་རྒན་རྣམས་ལ་ཕྱག་འཚལ་ཐལ་ལོ་སྨྲ། །
    ཁྱི་རྒན་ལྷར་སྒོམ་ཕྱག་འཚལ་མི་འོས་པའི། །
    འགལ་བའི་ཁུར་ཞིག་ཁྱོད་ཀྱི་དབུ་ལ་མཛེས། །

    དག་སྣང་འདི་ལ་ཡན་ལག་གཉིས་ཡོད་དེ། །
    གཅིག་ནི་བསྐྱེད་རིམ་སྐབས་སུ་འབྱུང་བ་དང་། །
    གཅིག་ནི་དག་གཟིགས་ཚད་མར་འབོད་པ་ལས། །
    ཕྱི་མ་རྙིང་མའི་གཞུང་ལས་གསུངས་པ་མང་། །

    གང་ལྟར་ཡན་ལག་གཉིས་ཀྱི་སྐབས་ཀུན་ལ། །
    སྣོད་བཅུད་དཀྱིལ་འཁོར་ལྷ་ཡི་རང་བཞིན་དུ། །
    ངེས་པ་དགོས་ཚེ་མོས་གུས་གལ་ཆེ་བས། །
    ཁྱི་ལ་ཕྱག་འཚལ་འདོད་ལ་གནོད་པ་བྲལ། །

    འོན་ཀྱང་ལུས་ངག་ཡིད་ཀྱི་ཕྱག་འཚལ་བ། །
    གསུམ་དུ་ཙོང་ཁ་ཆེན་པོས་བཞེད་པ་བཞིན། །
    ཡིད་ཀྱིས་ཁྱི་ལ་མོས་གུས་སྦྱང་ཆོག་ཀྱང་། །
    ལུས་སྒུར་ཐལ་སྦྱོར་དགོས་པའི་ཁྱབ་པ་མེད། །

    ཨར་མོའི་རྐུབ་དང་ཁྱི་རྒན་སྡང་བ་ཁྱོད། །
    གསང་ཆེན་དགྱེས་པའི་དགའ་སྟོན་ལ་ཕེབས་ནས། །
    བུ་ག་དགུ་ལ་འོ་བྱེད་བྱ་བ་སོགས། །
    ཝ་ར་ཧི་ཡི་དམ་ཚིག་སྙིང་ལ་ཟུངས། །

  19. འོད་གསལ says:
    2012-10-09 at 2:51 am

    ཨོཾ་སྭ་སྟིཿ

    ཨར་མོའི་རྐུབ་ཞེས་ཚིག་འདི་སྨྲ་མི་འོས། །
    འདི་ནི་བུད་མེད་བརྙས་པའི་ཐ་སྙད་ལགས། །
    ད་ནས་བཟུང་སྟེ་ཇི་སྲིད་འཚོ་ཡི་བར། །
    ཚིག་འདི་མི་སྨྲ་དམ་བཅའ་གནང་རོགས་ཞུ། །

    རྣལ་འབྱོར་བླ་ན་མེད་པའི་རྒྱུད་སྡེ་རུ། །
    བུད་མེད་སྨོད་པས་རྩ་ལྟུང་འབྱུང་གསུངས་ཤིང་། །
    དེ་ནི་མཁའ་འགྲོ་ཙམ་ལ་མི་གོ་བར། །
    བུད་མེད་ཀུན་ལ་གོ་བར་མཁས་རྣམས་བཞེད། །

    ཨར་མོའི་རྐུབ་དང་ཁྱོད་ཀྱི་རྐུབ་གཉིས་ལ། །
    གཅིན་སྐྱག་འབྱུང་ལ་ཁྱད་པར་མ་མཆིས་ན། །
    ཨར་མོའི་རྐུབ་ཞེས་སྡིགས་མོ་མང་མཛད་ཀྱང་། །
    རང་གི་རྐུབ་དེ་རང་གར་བཞག་པ་ཅི། །

    གང་སྣང་ལྷར་དང་དག་སྣང་སྒོམ་དགོས་ཟེར། །
    ཁྱི་རྒན་རྣམས་ལ་ཕྱག་འཚལ་ཐལ་ལོ་སྨྲ། །
    ཁྱི་རྒན་ལྷར་སྒོམ་ཕྱག་འཚལ་མི་འོས་པའི། །
    འགལ་བའི་ཁུར་ཞིག་ཁྱོད་ཀྱི་དབུ་ལ་མཛེས། །

    དག་སྣང་འདི་ལ་ཡན་ལག་གཉིས་ཡོད་དེ། །
    གཅིག་ནི་བསྐྱེད་རིམ་སྐབས་སུ་འབྱུང་བ་དང་། །
    གཅིག་ནི་དག་གཟིགས་ཚད་མར་འབོད་པ་ལས། །
    ཕྱི་མ་རྙིང་མའི་གཞུང་ལས་གསུངས་པ་མང་། །

    གང་ལྟར་ཡན་ལག་གཉིས་ཀྱི་སྐབས་ཀུན་ལ། །
    སྣོད་བཅུད་དཀྱིལ་འཁོར་ལྷ་ཡི་རང་བཞིན་དུ། །
    ངེས་པ་དགོས་ཚེ་མོས་གུས་གལ་ཆེ་བས། །
    ཁྱི་ལ་ཕྱག་འཚལ་འདོད་ལ་གནོད་པ་བྲལ། །

    འོན་ཀྱང་ལུས་ངག་ཡིད་ཀྱི་ཕྱག་འཚལ་བ། །
    གསུམ་དུ་ཙོང་ཁ་ཆེན་པོས་བཞེད་པ་བཞིན། །
    ཡིད་ཀྱིས་ཁྱི་ལ་མོས་གུས་སྦྱང་ཆོག་ཀྱང་། །
    ལུས་སྒུར་ཐལ་སྦྱོར་དགོས་པའི་ཁྱབ་པ་མེད། །

    ཨར་མོའི་རྐུབ་དང་ཁྱི་རྒན་སྡང་བ་ཁྱོད། །
    གསང་ཆེན་དགྱེས་པའི་དགའ་སྟོན་ལ་ཕེབས་ནས། །
    བུ་ག་དགུ་ལ་འོ་བྱེད་བྱ་བ་སོགས། །
    ཝ་ར་ཧི་ཡི་དམ་ཚིག་སྙིང་ལ་ཟུངས། །

  20. ཚུལ་ཁྲིམས་ཟླ་བ། says:
    2012-10-09 at 3:18 am

    མཁན་ཆེན་ཚུལ་བློ་མཆོག་ནས། །
    སྐྱེ་བ་སྔ་ཕྱི་དྲན་པའི། །
    ར་སྤྲོད་མི་ལ་བྱས་པ། །
    མངོན་སུམ་མིག་གིས་མཐོང་ན། །
    མངོན་སུམ་འདི་ལ་བསྙོན་ཅིག །

    དུས་འགྱུར་འཚུབ་མོའི་སྐབས་ཀྱི། །
    མཁན་ཆེན་ཚེ་དབང་རིགས་འཛིན། །
    འཇའ་ལུས་འོད་སྐུར་བཤེགས་པ། །
    མངོན་སུམ་མི་ཡིས་མཐོང་ན། །
    མངོན་སུམ་འདི་ལ་བསྙོན་ཅིག །

    མཁན་ཆེན་ཆོས་དབྱིངས་ཁྱབ་བརྡལ། །
    མི་མངོན་དབྱིངས་སུ་གཤེགས་སྐབས། །
    གདུང་ཁང་འཇའ་ཡིས་སྐོར་བ། །
    མངོན་སུམ་མི་ཡིས་མཐོང་ན། །
    མངོན་སུམ་འདི་ལ་བསྙོན་ཅིག །

    བླ་རུང་ཆོས་ཀྱི་གྲོང་དུ། །
    ག་དབང་སྒྲུབ་ཆེན་ཚོགས་སྐབས། །
    རིང་སྲེལ་ཆར་དུ་བབ་པ། །
    མངོན་སུམ་མི་ཡིས་མཐོང་ན། །
    མངོན་སུམ་འདི་ལ་བསྙོན་ཅིག །

    གོང་ས་སྐྱབས་མགོན་ཆེན་པོ། །
    སྐུ་སྐྱེ་བོད་དུ་ཕེབས་སྐབས། །
    བསླུ་མེད་ལུང་གིས་གསལ་བ། །
    མངོན་སུམ་མི་ཡིས་མཐོང་ན། །
    མངོན་སུམ་འདི་ལ་བསྙོན་ཅིག །

    སྐྱབས་མགོན་རྒྱལ་བའི་དབང་པོ། །
    གནས་ཆུང་ཆོས་སྐྱོང་མཆོག་ནས། །
    མ་འོང་འདི་འབྱུང་སོགས་ཀྱིས། །
    ལུང་བསྟན་མངོན་སུམ་གནང་ན། །
    མངོན་སུམ་འདི་ལ་བསྙོན་ཅིག །

  21. རྣ་བ་བརྒྱདཔ་ says:
    2012-10-09 at 5:51 am

    ཨར་མོའི་རྐུབ་ལ་རྒྱུག་མཁན་མང་དྲག་ན།
    བོད་གྱི་རིགས་གཞུང་མ་ལས་ཕུང་འགྲོ་ཞིང།
    ཐམས་ཅད་དག་པ་རབ་འབྱམས་སྣང་བ་ན།
    ཀུན་ལ་ཕྱག་འཚལ་དགོས་པ་ཅི་ཡིའི་བསྒྲུབ།

    ཀུན་ལ་དག་སྣང་མོས་གུས་བྱེད་པ་ལ།
    བུ་ག་དགུ་ལ་ལས་སྦྱོར་ཁྱོད་རང་འཁྲུལ།
    ཁྱི་རྒན་ཕྱག་ཡུལ་མིན་ཞེས་ཚིག་འདི་ཡིས།
    དེ་ལ་སྡང་བར་འདོད་པ་དེ་ཡང་འཁྲུལ།

    ཨར་མོའི་རྐུབ་ཞེས་བརྗོད་པ་ཙམ་གྱིས་ཀྱང།
    དེ་ལ་སྨོད་པར་འདོད་པ་ཤིན་དུ་འཁྲུལ།
    དེ་ཕྱིར་ཕྱིན་ཅད་དེ་འདྲེའི་རིགས་རྣམས་ལ།
    ལེགས་པར་དཔྱད་ནས་སྨྲ་བའི་རེ་བ་ཡོད།

  22. འོད་གསལ says:
    2012-10-09 at 8:01 am

    ཧ་ཧ་ཧ། ཀུ་རེ་ཞུས། དགོངས་འགལ་མེད་པ་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme