Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེབ་གཉིས་ལས་འཕྲོས་པའི་ཚིག་འགའ།

Posted on 2008-09-23 By དགེ་རབ་ 10 Comments on དེབ་གཉིས་ལས་འཕྲོས་པའི་ཚིག་འགའ།

ཚེ་རིང་གི་བུ།
ཉེ་བའི་ཆར། ངས་བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས་ཞེས་པའི་དེབ་ཕྲེང་གཉིས་པར་བྐླགས། དེབ་ཕྲེང་དེའི་ནང་གི་ཚིགས་བཅད་གཉིས་ཀྱིས་ངའི་ཡིད་ལ་ན་ཟུག་ཆེན་པོ་ཞིག་བསླངས། ཚིགས་བཅད་གཉིས་ནི། སྐྱིད་ཕྱོགས་ཀུན་དགའི་བྱ་བ་འགའ་རྩོམ་ཚེ།། བར་ཆད་སྤྲིན་ནག་དྲག་པོའི་ྐློང་དུ་ཚུད།། དེ་དུས་གཤེད་མ་བརྒྱ་ཕྲག་མཐའ་ནས་བསྐོར།། རྩུབ་མོའི་ཚིག་བཅས་མིག་གཉིས་ས་ལ་དབྱུངས།། ཆུ་བུར་མིག་གཉིས་ས་ལ་དབྱུངས་ནའང་།། ཡི་ཤེས་སྤྱན་རས་འདི་ལ་དབྱུངས་ཐབས་ཅི།། མིག་ལོང་རྟག་ཏུ་མུན་པའི་རང་བཞིན་ལ།། བཙོན་ཁང་མུན་ནང་འཇུག་པ་ཨེ་མ་མཚར།། ཞེས་པ་འདི་རེད། ཚིགས་བཅད་འདི་གཉིས་ཀྱིས་རྩིས་དཔོན་ལུང་ཤར་བ་རྡོ་རྗེ་ཚེ་རྒྱལ་མཆོག་གི་སྐུ་ཚེའི་ལོ་རྒྱུས་ཀྱི་རྣམ་པ་ཞིག་གསལ་སྟོན་དང་། ལྷག་པར་དུ་སྒེར་གཅོད་སྲིད་དབང་ཞིག་གིས་བླ་མེད་སྐྱེས་བུ་ཞིག་གི་གཅེས་པའི་ཚེ་སྲོག་དང་མིག་རྒྱང་རིང་པོའི་ཕུགས་བསམ་དཀར་པོ་ཞིག་ལ་སྡུག་རྩུབ་བཏང་བའི་ལོ་རྒྱུས་ཤིག་ར་སྤྲོད་ཀྱིན་འདུག
ཚིགས་བཅད་འདི་གཉིས་ལ་རྐྱེན་བྱས་ཏེ། ངས་བོད་ཀྱི་ལོ་རྒྱུས་ཐོག་ཏུ་བྱུང་བའི་རྒྱལ་པོ་དང་བློན་པོའི་དབར་གྱི་ནང་འཁྲུག་དང་། གྲུབ་མཐའ་དང་གྲུབ་མཐའི་སྡེ་གཟེར། ས་སྐྱོང་དང་མི་དབང་ཚོས་རང་གི་དབང་ཆ་བེད་ལོག་ཏུ་སྤྱད་དེ་བོད་ཀྱི་རྒོད་པ་ཚོ་ནག་ཉེས་ཅན་དུ་བཟོས་པ་སོགས་ལ་དྲན་གསོ་བཏང་བ་ཡིན། དེ་བཞིན། མི་ངན་སྐུ་དྲག་ཁ་ཤས་ཀྱིས་སྲིད་དབང་སྒེར་སྡོམ་གྱི་གོ་སྐབས་དང་བསྟུན་ནས། བོད་ཀྱི་རླབས་ཆེན་གྱི་མི་སྣ་མང་པོ་ཞིག་གི་སྐེ་བྲེགས། མིག་བྲུས། ལྕག་གིས་བྲབ། ས་མཐར་སྤྱུགས། མེར་བསྲེགས་པ་སོགས་ཀྱིས་མཚོན་པའི་གདུག་རྩུབ་དང་བཅས་པ་ངའི་མིག་མདུན་དུ་ཐོལ་གྱིས་མངོན་འོངས་ནའང་། རང་ཉིད་ལ་དབང་དང་ཐབས་ཤེས་མེད་སྟབས། ཚིག་བཅད་འདི་གཉིས་བློ་ངོར་ནས་སྐྱོར་ཞོར་ཁ་རོག་བསྡད།
བར་སྐབས་དེར། ངས་ལག་ཏུ་ནགས་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པའི་དེབ་གཅིག་ཀྱང་སོན། དེབ་འདི་ནི་ནགས་ཚང་ཞི་ལུས་རང་གི་ཆུང་དུས་ཀྱི་ལོ་རྒྱུས་བརྩམས་སྒྲུང་གི་རྣམ་པའི་ཐོག་ནས་བྲིས་པ་ཞིག་རེད་ལ། དེ་ཡང་གང་ཟག་གཅིག་རྒྱུན་ཐག་གིས་སྐབས་དེའི་སྤྱི་ཚོགས་ཀྱི་གནས་སྟངས་མང་པོ་ཞིག་ཟུར་བརྒྱན་བྱས་པ་ཞིག་ཀྱང་རེད། སྤྱིར། བོད་ཀྱི་ལོ་རྒྱུས་གང་ལ་བལྟས་ཀྱང་། རང་ཅག་བོད་པ་ཚོའི་འཚོ་བ་དང་། འཚོ་བ་ལས་འཕྲོས་པའི་མི་མང་གི་སྐྱིད་སྡུག་སོགས་བྲིས་པ་ཉུང་ཉུང་ཡིན་སྟབས། ངས་ནགས་ཚང་ཞི་ལུའི་སྐྱིད་སྡུག་ྐློག་དུས། ང་ལ་དོ་སྣང་ཞིག་བྱུང་བ་ནི། གུང་ཁྲན་ཏང་གི་དམག་མི་བོད་ལ་ཇི་ལྟར་སླེབས་ཚུལ་དང་། དམར་དམག་ཚོའི་ཡ་ང་བའི་སྡུག་རྩུབ། གཞན། བོད་ཀྱི་དག་ཞིང་སྟེ་རྒྱལ་ས་ལྷ་སར་བོད་མི་དབུལ་བོ་དང་། ཉེས་ཅན་བཙོན་པ་མང་པོ་ཡོད་པ་དེ་རེད། སྐབས་དེར། ཁོང་ལྷ་སར་འབྱོར་བའི་དུས་སྐབས་དེ་ནི་རྒྱལ་པོ་རྭ་སྒྲེང་གིས་རྒྱལ་པོའི་རྒྱལ་ཚབ་གནང་བཞིན་པའི་དུས་རེད། ཅི་སྟེ་ནགས་ཚང་བྱི་ལུ་གླིང་སྐོར་དང་སྐོར་ལམ་བརྒྱུད་འགྲོ་སྐབས། གུར་ཐེད་པོ་དང་རས་ཧྲུལ་རེའི་ནང་དུ་ཁ་ཐབ་སྐྱོ་པོའི་བོད་པ་དང་། ལྟོགས་སྐོམ་གྱིས་ཤི་བའི་བེམ་པོ་སོགས་ཁ་དར་ཡོད་པ་མཐོང་བ་དང་། བོད་སྡེ་བ་གཞུང་གི་བཙོན་ཁང་རེད་ཟེར་བའི་སྒོ་ར་རེ་རེའི་ནང་དུ། ཉེས་ཅན་ཡིན་མིན་མི་ཤེས་ཏེ། དབང་ཆེན་ཚོས་གཅེར་བུར་ཕུད་པའི་ཉམ་ཆུང་བཙོན་པ་ཚོར་རྟ་ལྕག་གིས་གཞུ་བཞིན་པའི་སྒྲ དེས་བསྐྱེད་པའི་ན་ཟུག་གི་འོ་དོད། བཙོན་པ་ལ་ལའི་མགོར་ལྕེབས་ཐག་བསྐོན་ཏེ་ངན་གསོད་བྱེད་བཞིན་པའི་སྡུག་རྩུབ་དང་། ལམ་བར་དུ། ཞ་ལྐུགས་ལོང་གསུམ་དང་། རྐང་ཆག་ལག་ཆག་ཏུ་གྱུར་བའི་སྤྲང་པོ་མང་པོས་སློང་མོ་བྱེད་ཀྱིན་ཡོད་པ། རྐང་ལྕགས་ལག་ལྕགས་བརྒྱབ་ཅིང་། སྐེར་ཤིང་ལེབ་བཞི་ཁྲིག་རེ་སྐོན་ཏེ་ལྟོགས་སྐོམ་གྱིས་འདུར་བའི་བོད་སྡེ་བ་གཞུང་གི་ཉེས་ཆད་བཙོན་པ་སོགས་གསལ་བོར་མཐོང་འདུག ད་དུང་། བོད་སྡེ་བ་གཞུང་གི་ཉེས་ཁྲིམས་སྟེ། མིག་འདྲུ་བ། རྐང་ལག་གཅོད་པ། ཤིང་ལེབ་མགོར་བསྐོན་པ། ཚེ་ལྕགས་རྒྱག་པ། གསོན་ལྤགས་བཤུ་བ། མགོར་མར་ཁུ་བླུགས་ནས་མཆོད་མེར་སྒྲོན་པ་སོགས་ཀྱང་སྟོད་ཉི་མ་ལྷ་ས་ནས་གསལ་བོར་ཤེས་འདུག
ནགས་ཚང་བྱི་ལིས་དངོས་སུ་མཐོང་ཐོས་བྱུང་བ་དག་དྲན་ཐོ་ལྟ་བུར་བཀོད་ཡོད་པ་འདིས། ང་ཚོས་བར་བརྒལ་གྱི་སྤྱི་ཚོགས་ཤིག་གི་རྣམ་པ་གསལ་བོར་ཤེས་ཐུབ་ལ། ལྷག་པར་དུ། རྒྱ་ནག་གུང་ཁྲན་ཏང་གིས་བོད་འདི་བྲན་གཡོག་ལམ་ལུགས་ལས་བསྐྱབས་པ་ཡིན་ཟེར་བ་དང་། བོད་འདི་ཞི་བའི་བཅིངས་འགྲོལ་བཏང་བ་ཡིན་ཟེར་བའི་ཚིག་འདི་དག་ལ་གནས་ལུགས་ཤིག་ག་ལ་ཡོད་དེ། ང་ཚོས་འདས་ཟིན་པའི་བོད་ཀྱི་ལོ་རྒྱུས་དང་བོད་མི་མང་གི་འཚོ་བ་སོགས་ལ་སློབ་སྦྱོང་བྱེད་ཡོང་དུས། མཐོ་ཞིང་གཉན་པོར་གྱུར་བའི་སྐུ་དྲག་ཁ་ཤས་ཀྱིས་བོད་འདི་དར་བ་ནས་རྒུད་པའི་ལམ་དུ་ཁྲིད་འདུག་པ་ཟུར་བལྟས་ལེབ་མཐོང་དང་། འདི་ལྟ་བུའི་ཁ་ཐབ་སྐྱོ་ཐག་ཆོད་པའི་གནས་སྟངས་ལ་གཞིགས་ཏེ་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་བས་ཆོས་སྲིད་གཉིས་ཀྱི་ཐུགས་འགན་བདག་གིར་བཞེས་མ་ཐག བོད་ལ་ལེགས་བཅོས་སྤྱི་ཚོགས་བཙུགས་པ་དང་། བཙོན་པ་མང་པོ་གློད་བཀྲོལ་བཏང་བ་སོགས་ལའང་དགོས་པ་རྒྱུ་མཚན་མང་པོ་ཞིག་ཡོད་པར་སྙམ། ཡིན་ནའང་། དེ་རིང་ཡང་བོད་མི་མང་གི་འཚོ་བ་དང་བོད་མི་མང་གི་སེམས་པ་ཇི་འདྲའི་སྡུག་ཨང་།

རྩོམ་རིག

Post navigation

Previous Post: དགའ་ལྡན་ཕོ་བྲང་དམངས་གཙོའི་གཞུང་གི་བཀའ་ཟུར་རྣམ་པའི་ཚོགས་འདུ།
Next Post: གྲྭ་འཇིགས་མེད་ཀྱིས་ལོ་རྒྱུས་ཡ་ང་བ་གསུངས་པ།

Comments (10) on “དེབ་གཉིས་ལས་འཕྲོས་པའི་ཚིག་འགའ།”

  1. རྫོང་རི་ཚང་། says:
    2008-09-24 at 10:36 am

    རྩོམ་འདི་ཡག་པོ་ཞེ་དྲག་འདུག མུ་མཐུད་སྤེལ་རོགས།

  2. དུས་ཀྱི་ཕོ་ཉ། says:
    2008-09-24 at 11:25 am

    རྩིས་དཔོན་ལུང་ཤར་ནི་མ་གཞི་བརྩེ་བ་ཟབ་པའི་མི་ཞིག་ཡིན་པས་ཁོང་གིས་མི་རིགས་དང་རྒྱལ་ཁབ་ལ་བཅངས་ པའི་བརྩེ་རྣམ་དག་རེད། ཡིན་ན་འངྋགོང་ས་བཅུ་གསུམ་པའི་སྐུ་བཤེགས་རྗེས་ལུང་ཤར་ལ་ལྷག་པར་དུ་སྟབས་མ་འགྲིག་པ་རེད་ཁོང་ལ་རྒྱབ་སྐྱོར་བྱེད་ཉན་མེད་པའི་ཁར་བཀའ་བློན་གླང་མདུན་པ་སོགས་ཀྱིས་གསང་ཉུལ་བ་བཏང་ནས་ཁོང་གི་མིག་འབྲས་གཉིས་དམར་ཆ་ལེར་འབྲུས་ཏེ་ས་རུ་ལྷུང་ནས་པོ་ཏ་ལའི་ཚོམས་ཆེན་གྱི་ནང་གདན་དམར་པོར་བསྒྱུར་པ་རེད།
    འུ་ཚང་གི་ཡིག་ཐོག་གི་ལོ་རྒྱུས་ཀྱི་ངོ་གདོང་ན་འདི་ལྟ་བུའི་ནང་ཁྲག་གང་སར་འཁྱིལ་ཡོད།
    ཡིན་ན་འང་ང་ཚོས་ལྟ་ཤེས་ན་འདི་ནི་གསལ་བཤད་ཅིག་རེད།

    ང་ཚོས་ཉན་ཤེས་ན་འདི་ནི་བདམས་ངག་ཅིག་རེད། ལོ་རྒྱུས་ཀྱིས་ང་ཚོར་ཉམས་མྱོང་གླེང་ནས་གནས་ལུགས་ཤིག་གསལ་བཤད་བྱེད་ཀྱིན་ཡོད།
    འདི་ནི་ང་ཚོས་ངེས་པར་དུ་ཤེས་དགོས་པ་ཞིག་རེད།

  3. བོད་པ་ says:
    2008-09-24 at 11:29 am

    འདི་ནི་རྒྱ་ནག་གུང་ཁྲན་ཏང་གིས་བསྐྱར་བཤད་ཡང་བཤད་བྱས་པའི་དྲིལ་བསྒྲགས་ཟད་པོ་ཞིག་རེད། འདི་ཡང་བོད་པའི་དམར་སྲུང་དམག་མི་ཟུར་བ་ཞིག་གི་བསམ་ཚུལ་རེད་འདུག བོད་པའི་དམར་དམག་ཟུར་བ་འདི་ཚོ་རང་དབང་ལུང་པའི་ནང་ལོ་བརྒྱ་བསྡད་ཡང་བསམ་བློ་ལ་འགྱུར་བ་ཞིག་ཐེབས་ཐུབ་ས་མ་རེད། འདི་ཚོ་གོ་ཐུམ་བརྒྱབས་ནས་ཆུ་ལ་སྐུར་བ་འམ་མེ་ལ་སྲེགས་ན་མ་གཏོགས་མི་ཚེ་འདི་ལ་མི་ཚད་ལྡན་ཞིག་ཉན་པའི་རེ་བ་མི་འདུག རྒྱ་གཞུང་གིས་བཀའ་ལྟར་བོད་རང་སྐྱོང་ལྗོངས་ཀྱི་ཆབ་སྲིད་གྲོས་ཚོགས་ནས་བོད་རྒྱ་ནག་གི་ཆ་ཤས་དང་སྔོན་བོད་ལོག་སྤྱོད་པ་ཡིན་པར་སྒྲུབ་བྱེད་ཀྱི་དཔེ་ཆ་ཞིག་ཆེད་བསྒྲིགས་བྱས་ཡོད། དེའི་མིང་ལ་བོད་ཀྱི་རིག་གནས་ལོ་རྒྱུས་རྒྱུ་ཆ་བདམས་བསྒྲིགས་ཟེར། དེའི་ནང་དུ་བོད་རང་སྐྱོང་ལྗོངས་ཀྱི་སྲིད་གྲོས་དང་ལུང་ཤར་ཚེ་རྒྱལ་གྱི་བུ་ཡིན་ཟེར་བ་ལྷ་ཀླུ་ཚེ་དབང་རྡོ་རྗེས་”ངའི་ཕ་ལུང་ཤར་རྡོ་རྗེས་ཚེ་རྒྱལ་དྲན་གསོ་བྱས་པ”ཟེར་བ་ཞིག་ཡོད་པ་དེའི་རྗེས་སུ་རྒྱུགས་མཁན་ཚོ་ནི་ཏང་གི་སློབ་གསོ་མྱང་མཁན་ཚོ་ཡིན་ལ་།དེ་ཚོ་ན་ནངས་ད་ལོ་ཇེ་མང་ཇེ་མང་རེད། ལྷ་ཀླུ་ཚེ་རྡོར་ནི་བོད་རང་བཙན་ལ་སེམས་ནག་ཅིང་ཏང་ལ་བློ་དཀར་བ་ཞིག་རེད། དཔེར་ན་། ད་ལོའི་རང་དབང་སྒེར་ལངས་རྗེས་ལྷ་ཀླུ་ཚེ་རྡོར་གྱིས་སེམས་པ་བཟང་ན་ས་དང་ལམ་ཡང་བཟང་ཟེར་བའི་ལུང་དྲངས་ནས་གོང་་ས་མཆོག་ལ་སེམས་བཟང་པོ་བྱེད་དགོས་པའི་ཆོས་གསུངས་པ་དེ་ནི་འཛམ་གླིང་ཐོག་གོང་ས་མཆོག་ལ་གོང་ས་མཆོག་གི་དགེ་རྒན་མ་ཡིན་པ་ཞིག་གིས་ཆོས་གསུངས་པ་ཐང་དང་པོ་རེད། རྒྱུ་ཆ་བདམས་བསྒྲིགས་འདི་ཏང་གི་དྲིལ་བསྒྲགས་ཡིག་ཆ་ཞིག་ཡིན་པ་དང་། ལྷ་ཀླུ་ཚེ་རྡོར་རྒྱུགས་ཁྱི་ཞིག་ཡིན་པ་ཤེས་དགོས།

    ནགས་ཚང་ཞི་ལུའི་སྐྱིད་སྡུག་ཟེར་བ་འདི་ཡང་ཞིབ་ཏུ་བསམ་ན་ཡིད་ཆེས་མཆོག་པ་ཞིག་མ་རེད། འབྲི་མཁན་ལ་ཏང་གི་སློབ་གསོ་ཐོབ་རྗེས་མི་རྒན་གྱི་བསམ་ཚུལ་གྱིས་བྱིས་པའི་བསམ་ཚུལ་ལ་ཁ་སྣོན་བརྒྱབས་འདུག ཁོ་ལྷ་ས་ལ་སོང་དུས་ལོ་ག་ཚོད་རེད་དམ། ཀློག་མཁན་ཚོས་བསམ་བློ་ཞིག་ཐོངས་དང་། ང་ཚོ་ལ་ཁོ་ལྷ་ས་སོང་དུས་ཀྱི་ལོ་ཚོད་འདི་དུས་མཐོང་ཐོས་ཤིག་དྲན་རྒྱུ་ཨེ་འདུག
    ད་དུང་ནགས་ཚང་ཞི་ལུ་ཁོས་འབྲོང་མགོ་ཞིག་གི་ར་བར་ལ་ཁོ་དང་ཁོའི་ཕུ་བོ་གཉིས་དཀྱིལ་དཀྲུང་བྱས་བསྡད་ན་ད་དུང་ཁོ་གཉིས་ཀྱི་འདུག་ས་དེ་འདྲ་ཞིག་ལྷག་འདུག་ཟེར། དེ་འདྲའི་མགོ་ཆེ་ཆེ་ཅན་གྱི་སྲོག་ཆགས་ཤིག་འཇིགས་རྟེན་ན་ཨེ་ཡོད།
    དེ་མིན་ད་རུང་མཚོ་སྐྱ་རེང་སྔོ་རེང་ཁ་ན་ཉ་རོ་ཞིག་གི་ཁོག་སྟོད་ནང་ཁོའི་ཕུ་བོ་ལོ་བརྒྱད་ཅན་པོ་ཤོང་གི་འདུག་ཟེར། དེ་འདྲ་ཉ་ཆེན་པོ་ཞིག་པོ་ཞིག་མཚོ་སྐྱ་ར་སྔོ་རེང་ཕར་ཞོག་མཚོ་སྔོན་པོའི་ནང་ཡང་ཨེ་ཡོད་ལ།

  4. དུས་ཀྱི་ཕོ་ཉ། says:
    2008-09-24 at 12:02 pm

    བླུན་པོ་དབང་ཤེད་ཅན་སྐོར་ཅིག་གིས་ལུང་ཤར་པས་མིག་བྲུས་པ་ནས་ཡང་བསྐྱར་གངས་ཅན་པ་ཚང་གི་ཁྱིམ་གཞི་འཁྱག་གིས་བསྡམས་པ་རེད།
    བོད་གངས་ཅན་པ་ཚང་གི་ནང་མི་ཚོ་སྔར་བཞིན་མུན་པའི་ལམ་དུ་འཁྱར་མ་ཁྱོར་གྱིས་བསྐྱོད་པ་རེད།

    ཉེས་ཅན་པ་དེ་ཚོས་ལོ་རྒྱུས་ཀྱི་གླེགས་བམ་བར་ནས་རྒྱལ་བོ་དང་མི་དབང་གི་མཚན་སྙན་ཁུར་ནས་ཕེབས་སོང་ན་འང༌།
    རྟོག་གེ་པ་དེ་ཚོས་ཚེ་སྲོག་གི་རིན་ཐང་གྲི་མདུན་གྱི་བར་ནས་དེ་ལྟར་བཅོམས་སོང་ན་འང༌།
    བདེན་དོན་གྱི་བློ་མིག་ཡངས་པའི་ཕྱི་རབས་པ་ཚོའི་མིག་སྔུན་ན་ཁོ་ཚོའི་གླེན་རྟགས་འདི་ལྟར་ལྷང་ལ་འབུད་ཀྱིན་འདུག
    ཁོ་ཚོས་མཁས་རྟགས་འདི་བཞིན་གཅེར་བུར་འབུད་ཀྱིན་འདུག

  5. མགོན་པོ་ཕྱག་གཉིས་པ། says:
    2008-09-24 at 2:49 pm

    བོད་ཀྱི་སྤྱི་ཚོགས་རྙིང་པ་དེ་གདུག་རྩུབ་ཅན་ཞིག་རེད། ཡིན་ན་ཡང་ཨེ་ཤ་ཡའི་རྒྱལཁབ་གཞན་དག་དང་བསྡུར་ན་ཅུང་ཡག་པོ་རེད་བསམ། ཕལ་ཆེར་སྲོག་གཅོད་མེད་པ་བཟོ་མཁན་བོད་འདི་དང་པོ་ཡིན་ཟེར་བ་དེ་བདེན་པར་མཐོང་། ཕར་རྒྱ་ནག་ལ་ཅིག་ལྟོས་དང་། གོ་མིན་ཏང་གིས་གུང་ཁྲན་ཏང་གི་བཟུང་དམག་རེ་རེ་བཞིན་ཉལ་ཐུལ་གྱིས་དཀྲིས་ནས་དེ་ཐོག་སྣུམ་བླུགས་ཏེ་གསོན་པོ་དྲོན་པོ་མེ་བསྲེག་བཏང་བའི་གནས་ཚུལ་དེ་ཚོ་ཐོས་ན་བཟོད་པར་དཀའ། དེ་ཡིན་ན་གུང་ཁྲན་ཏང་བཤད་མ་དགོས་པ་རེད། ད་ལྟའི་དུས་རབས་གསར་བ་འདིར་ཡང་བོད་སྤྱི་ཚོགས་རྙིང་པའིནང་ཡང་མེད་པའི་མནར་གཅོད་གཏོང་སྟངས་མང་པོ་ཞིག་ལག་ལེན་བསྟར་བཞིན་པ་མ་རེད་དམ། གསོན་པོ་དྲོན་པོ་མནར་གཅོད་འདྲ་མིན་སྣ་དགུ་བཏང་སྟེ་བསད་པའི་ཧྥ་ལོན་ཀོང་གི་པར་དེ་ཚོ་ཅིག་ལྟོས་དང་། བོད་མི་ག་ཚོད་ཅིག་ད་ལོར་བརྡུང་ནས་བསད་སོང་།
    ལུང་ཤར་གྱི་མིག་འབྲས་བཏོན་པ་དེ་རྒྱ་ནག་གིས་ཁྱབ་བསྒྲགས་བྱས་ཏེ་འཇིགས་སུ་རུང་བ་ཞིག་བཟོས་པ་རེད་མ་གཏོགས་དོན་དངོས་སུ་ན་ཚ་མེད་པའི་མནར་གཅོད་ཅིག་རེད། མིག་འབྲས་འདོན་སྐབས་ན་ཚ་མི་གཏོང་བའི་ཆེད་གླང་ཆེན་སྨྱོན་པ་ཟེར་བའི་སྨན་ཞིག་སྤྲད་ནས་མིག་བཏོན་པ་རེད། བོད་སྤྱི་ཚོགས་རྙིང་པའི་མནར་གཅོད་གཏོང་སྟངས་དེ་ད་ལྟའི་རྒྱ་མིའི་མནར་གཅོད་གཏོང་སྟངས་ལ་བསྡུར་ན་ཅུང་ཡང་པོ་མ་རེད་དམ།

  6. kunchok says:
    2008-09-24 at 2:53 pm

    མི་ཁ་ཤས་ཀྱིས་ཟེར་ན་བོད་པས་གནའ་ནས་ད་རབས་པར་ནང་ཁུལ་བསད་རབས་དང་གཏུབ་རབས། ད་དུང་བཅོམ་རབས་མང་བོ་མང་བོ་ཞིག་ཤོད་བཞིན་འདུག ངས་བལྟས་ན་སྐབས་དེའི་གཞན་པའི་མི་རིགས་ཀྱི་ནང་དམེས་ལ་ན་བསམས་ན་རང་རེར་ཐབས་སྡུག་དེ་འདྲ་མང་བོ་བྱུང་མི་འདུག དཔེར་ན་ཡོ་རོབ་ཁུལ་དང་ཨ་རབ། ད་དུང་གཡས་གཡོན་གྱི་ཡུལ་གྲུར་དེའི་དུས་ག་རེ་བྱུང་འདུག མིག་གཅིག་བཙུམ་ནས་མ་གཏོགས་སྐད་ཆ་བཤད་མི་ཤེས་པར་བལྟས་ན་མི་འདི་དག་ལ་གུང་ཁྲན་གྱིས་སློབ་གསོ་བཏང་བ་ནོར་མི་འདུག ད་དུང་སྐད་ཆ་དེའི་རིགས་ཀྱི་ཡོངས་ཁུངས་མང་ཆེ་བ་གུང་ཁྲན་གྱི་ཕོགས་གིས་གསོས་པའི་རང་རེའི་ནང་རུལ་བ་དེ་འདྲ་ལ་གཏུགས་བཞིན་འདུག དེའི་གྲངས་ཀྱིས་བཤད་པར་ཡིད་ཆེས་དེ་འདྲ་ཡོད་ན་བོད་གནའ་ནས་དགྲ་ཁུངས་རེད་ལོབ་ཤོག་དང་བོད་དགྲ་ཁུངས་རེད་ཟེར་ནས་དེབ་གླང་ཁལ་ལོངས་པ་དེའི་གྲངས་ཀྱིས་བྲིས་ཡོད་རེད། ལུང་ཤར་བ་བོད་ཀྱི་དཔའ་བོ་ཞིག་ཡིན་ནའང་དེའི་བུ་ལྷ་ཀླུ་བ་འདི་བོད་ཀྱི་སྡར་མ་ཞིག་རེད། བྱས་ཙང་ཕ་བུ་གཉིས་ཀྱི་བྱས་ཉེས་སྲང་ལ་གཞལ་ན་ཡང་ལྕི་ཅང་མི་འདུག ཡང་ཞི་ལིས༼་གུང་ཁྲན་གྱིས་རང་རིགས་དམར་བསོད་བཏང་བ་སོགས་ཀྱི་༽སྐད་ཆ་ལུང་དྲངས་ནས་ཁྱོས་དཔྱད་བརྗོད་སྤེལ་མ་སོང་། ཡིན་ནའང་ཞི་ལིས་ནང་ཁུལ་གྱི་སྐད་ཆ་ལྡབ་ལྡིབ་ཅིག་ལ་ཁྱོས་ར་ཅོ་མ་ཅོ་ལུང་བ་བཀང་བཏགས་ནས་ཤོད་པ་འདིར་དམིགས་ཡུལ་གཞན་ཅང་ཨེ་ཡོད།།

  7. ལྕགས་རྒྱ་འགྲམ་ནག says:
    2008-09-25 at 4:00 am

    ཚེ་རིང་གི་བུ་ཟེར་བས་ནགས་ཚང་བྱི་ལུ་གླིང་སྐོར་དང་སྐོར་ལམ་བརྒྱུད་འགྲོ་སྐབས། བོད་སྡེ་བ་གཞུང་གིས་བཙོན་ཁང་སྒོ་རའི་ནང་དུ། བཙོན་པ་ལ་ལའི་མགོར་ལྕེབས་ཐག་བསྐོན་ཏེ་ངན་གསོད་བྱེད་བཞིན་པའི་སྡུག་རྩུབ་སོགས་གསལ་བོར་མཐོང་བ་མ་ཟད། ད་དུང་། བོད་སྡེ་བ་གཞུང་གི་ཉེས་ཁྲིམས་སྟེ། མིག་འདྲུ་བ། རྐང་ལག་གཅོད་པ། ཤིང་ལེབ་མགོར་བསྐོན་པ། ཚེ་ལྕགས་རྒྱག་པ། གསོན་ལྤགས་བཤུ་བ། མགོར་མར་ཁུ་བླུགས་ནས་མཆོད་མེར་སྒྲོན་པ་སོགས་ཀྱང་སྟོད་ཉི་མ་ལྷ་ས་ནས་གསལ་བོར་ཤེས་འདུག་ཅེས་བྲིས་པ་དེ་དག་བྱི་ལུའི་དེབ་ཀྱི་ཤོག་གྲངས་གང་དུ་ཡོད་པ་བཤད་རོགས།

    རྒྱལ་ཁབ་སུ་ཡིན་ཡང་དེ་ལ་ཁྲིམས་དང་བཙོན་ཁང་ཡོད་པ་མ་ཟད། ཁྲིམས་ཆད་གཅོད་ཐབས་ཀྱང་སྣ་མ་སྣ་ཚོགས་ཡོད། ཡུ་རོབ་དུ་སྲོག་ཆད་མི་གཅོད་ཀྱང་ཨ་རིས་སྲོག་ཆད་གཅོད་པ་མ་ཟད། སྲོག་ཆད་གཅོད་ཐབས་མང་ཤོས་ཨ་རི་ཡིན་ལ་སྲོག་ཆད་གཅོད་གྲངས་མང་ཤོས་རྒྱ་ནག་ཡིན། འདི་ནི་དུས་རབས་ཕྱེད་ཙམ་གྱི་གོང་གི་ལོ་རྒྱུས་མིན་པར། ཁ་སང་དེ་རིང་འབྱུང་བཞིན་པའི་གནས་ཚུལ་རེད། མིའི་སྤྱི་ཚོགས་ག་འདྲ་ཞིག་ཡིན་རུང་གནས་ཚུལ་འདྲ་མིན་སྣ་ཚོགས་བྱུང་ཡོད་ལ་འབྱུང་བཞིན་ཡོད། ཡེ་ཤུའུ་སྟོན་པ་རྒྱ་གྲམ་ལ་བསྐོན་ནས་བསད་པ་རེད། ལོ་རྒྱུས་ཀྱི་གནས་ཚུལ་ངོ་མ་ཞིག་ཡིན་ཚེ་དེར་ངོ་ཚ་དགོས་དོན་མེད་ལ། བློ་ཕམ་དང་འཁང་ར་བྱས་ཀྱང་མི་ཕན།

    བོད་སྡེ་པ་གཞུང་ཅི་ཙམ་ནག་པོ་ཡིན་པ་རྒྱ་གུང་ཁྲན་གྱིས་དྲིལ་བསྒྲགས་བྱས་པ་དེས་ཡིད་མ་ཚིམས་པར་བོད་རང་གིས་དྲིལ་བསྒྲགས་བྱས་ན་དེ་ལ་ཡག་པོ་འདུག་མུ་མཐུད་དུ་ཕྲིས་ཞེས་བསྟོད་ར་གཏོང་གི་འདུག¬ ལོ་རྒྱུས་ལ་ཞིབ་འཇུག་བྱས་ཏེ་ལོ་རྒྱུས་ཀྱི་གནད་དོན་གླེང་བའི་རྩོམ་ཞིག་ཡིན་ན་དེར་དགག་དགོས་དོན་མེད་མོད། ཡིན་ནའང་ཚེ་རིང་གི་བུས་ལོ་རྒྱུས་ལ་འཁང་ར་བྱེད་པ་ལྟ་བུའི་རྩོམ་ཡིག་འདི་འདྲ་བཤད་རྒྱུ་མ་མང་མེད་ན་ཉུང་མེད། བོད་ཀྱི་སྲིད་དོན་ལོ་རྒྱུས་ལ་ཕྱིར་མིག་བལྟ་སྐབས་དེང་སང་གི་བོད་མི་ཁག་ཅིག་ལ་གླང་དར་དང་ལུང་ཤར། དགེ་ཆོས་བཅས་མ་གཏོགས་བཤད་རྒྱུ་མེད་པ་འདི་ཡ་མཚན་རེད།

    ངོ་ཚ་དགོས་ས་ནི་རང་གི་ཁེ་ཕན་གྱི་ཆེད་དུ་ལོ་རྒྱུས་ཀྱི་ནག་ཉེས་སྐྱར་ཟློས་བྱེད་པ་དེ་རེད།

  8. ±ï-¼ÛP-GÛ-zÞü says:
    2008-09-25 at 8:49 am

    ཐོག་མར་འདིར་ཞུ་རྒྱུ་ཞིག་ལ། ངས་ད་བར་དུ་རྩོམ་ཡིག་མང་པོ་བྲིས་མྱོང་མོད། ལས་བྲེལ་བར་གསེང་རེ་ཡོད་དུས། རྩོམ་རྙོག་འགའ་རེ་འབྲི་བཞིན་ཡོད་པ་ནི་ངའི་གཤིས་ཀ་ཡིན། ཡིན་ནའང་རང་གི་ཁེ་ཕན་གྱི་ཆེད་དུ་རྩོམ་ཡིག་འབྲི་གི་མེད་ལ། ང་ནི་རྒྱ་ནག་གུང་ཁྲན་ཏང་གི་སྡུག་རྩུབ་ལ་ཞེ་མེར་བའི་མི་ཞིག་ཀྱང་ཡིན། སྐད་ཆ་འདི་བདེན་མིན་ཁྱེད་ཅག་གིས་ངས་བྲིས་པའི་རྩོམ་ཡིག་ཁག་ལ་ལྟོས་དང་ཤེས་ངེས་རེད།
    བོད་ཀྱི་ལོ་རྒྱུས་ཐོག་ཏུ་བྱུང་བའི་སྐྱོ་གར་སྟེ། མང་སྲོང་མང་བཙན་གྲུབ་མཐའི་ཕྱོགས་ཞེན་གྱིས་བསད་པ། རྒྱལ་པོ་གླང་དར་མདའ་མོ་གཅིག་གིས་བསད་པ། སྡེ་སྲིད་སངས་རྒྱམ་སྐེ་གཅིས་ཏེ་བསད་པ། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་དུག་སྨན་གྱིས་གྲོངས་པ་སོགས་འདིར་བཤད་གི་མེད།
    ངས་རྩིས་དཔོན་ལུང་ཤར་བ་དཔེ་མཚོན་དུ་དྲངས་ཏེ་བོད་ཀྱི་སྤྱི་ཚོགས་རྙིང་པ་དང་། མི་མང་གི་འཚོ་བ་སོགས་དེ་འདྲའི་སྐྱོ་པོ་ཡོད་པ་ཤ་ཞེན་གྱིས་མ་བཟོད་པར་གོང་དུ་རགས་རམ་ཙམ་ཞིག་བྲིས་ཡོད་པ་དེ་རེད། དྲང་མོར་བཤད་ན། སྤྱི་ཚོགས་རྙིང་པའི་བོད་ཀྱི་སྐུ་དྲག་ཚོས་རང་གི་ལྕམ་དང་སྲས་མོ་དག་ལ་གཡུ་བྱུར་གྱི་རྒྱན་ཆ་ཉོ་བ་ལ་དངུལ་སྒོར་ཡོད་ཀྱང་། གོན་པ་ཧྲལ་ཧྲུལ་དང་ཁ་ཟས་ངན་ངོན་བསྟེན་པའི་བོད་མི་མང་ལ་མར་དངུལ་སྒོར་གནང་རྒྱུ་མེད་པ་འདི་ཡ་མཚན་རེད། ད་ལྟའི་བོད་སྤྱི་ཚོགས་ཀྱི་གནས་སྟངས་འདི་ཡང་མཐར་གཏུགས་ན་སྤྱི་ཚོགས་རྙིང་བའི་སྐུ་དྲག་ཚོར་ཐུག་ཡོད། མྱི་རྡང་ཚོ། འདི་ལོ་རྒྱུས་ཀྱིས་ཁ་གྲགས་ཀྱི་ཡོད་པ་རེད། ང་ཚོས་ནག་བསུབ་གཏོང་ཐུབ་ཀྱི་མ་རེད།
    རྒྱ་ནག་དང་ཨ་རི། ཨ་རབ་སོགས་ཀྱིས་གཙོས་པའི་རྒྱལ་ཁབ་ཁག་ཏུ་མི་གསོད་ཀྱི་ཁྲིམས་ཡོད་པ་ངས་ཤེས་ཀྱི་ཡོད། ཡིན་ནའང་། བོད་འདི་འཕགས་པ་སྤྱན་རས་གཟིགས་ཀྱི་ལུང་གིས་ཕྱུག་པའི་ཡུལ་ཞིག་ཡིན་པ་དང་། འཚེ་བ་ཅན་གྱི་ལྟ་གྲུབ་འདི་བོད་ཀྱི་རིག་གཞུང་གི་སྒལ་ཚིགས་ལྟ་བུ་མིན་སྟབས། བཟང་གསོད་དང་ངན་གསོད་གང་ལྟར་ཡང་། བོད་ཀྱི་སྐུ་དྲག་ཚོའི་བྱས་ཉེས་འདི་བོད་ཀྱི་རིག་གཞུང་དང་འགལ་ཡོད་པ་འདི་ཡང་། ང་ཚོས་ཤེས་དགོས་པ་གལ་ཆེན་ནང་གི་དོན་ཆེན་རེད།
    ལྕགས་རྒྱ་འགྲམ་ནག་ལགས། སྤྱི་ཚོགས་རྙིང་བའི་བོད་མི་མང་གི་གནས་སྟངས་དང་། སྡེ་བ་གཞུང་གི་ཉེས་ཁྲིམས་སོགས་ནགས་ཚང་ཞི་ལུའི་སྐྱིད་སྡུག་གི་ནང་དུ་གསལ་བོར་འཁོད་འདུག ཁྱེད་ཀྱིས་ནགས་ཚང་ཞི་ལུའི་སྐྱིད་སྡུག་ཅེས་པའི་དེབ་འདིའི་ཤོག་གྲངས་ཉིས་བརྒྱ་དང་བདུན་སྟེང་གི་ལེ་ཚན་ཞེ་གཉིས་པ། ཇོ་བོ་ཡིད་བཞིན་ནོར་བུ། ཡང་ཡང་མཇལ་བའི་སྨོན་ལམ་ཞེས་པར་ལྟོས་དང་། ཁོང་གིས་གོང་གི་དེ་ལྟར་བྲིས་འདུག ངས་གསར་བཟོ་འདྲ་བྱས་མེད།

  9. ལྕགས་རྒྱ་འགྲམ་ནག says:
    2008-09-25 at 10:15 am

    གྲོང་ཁྱེར་འདིར་ནགས་ཚང་ཞི་ལིའི་དེབ་གཅིག་ལས་མེད་པར་གྲོགས་པོ་ཚོའི་བར་ན་འཕྲོག་རེས་ཡིན་པས། ད་ལྟ་ཉིད་དུ་ཐོ་གཏུག་ཐུབ་མ་སོང་། དོ་དགུང་ཞིབ་བརྩད་བྱས་རྗེས་ཡུན་གྱིས་གླེང་ཆོག རྔམ་དགོས་དོན་མི་འདུག

    གཞན། ད་ལྟ་ང་ཚོའི་མིག་མདུན་ན་བོད་དུ་ཐབས་སྐྱོ་འུ་ཐུག་གི་གནས་སྟངས་འདི་འདྲ་མང་བོ་ཞིག་ཡོད་བཞིན་དུ་ཁྱོད་ལོ་རྒྱུས་ཀྱི་རྫབ་དུང་དུ་འཛུལ་ནས་ངུ་སྐོར་བྱེད་པ་ལ་དགོས་པ་ཆུང་། ལོ་རྒྱུས་ནག་གསུབ་གཏོང་མཁན་གཏེ་བ་དེ་སུ་ཡིན་མ་ཤེས་པར་ཀུ་ཅོ་འདོན་པ་ནི་ད་དུང་འོ་དྲི་དག་མེད་པའི་རྟགས་རེད། ཁྱོད་ནི་བོད་གཞུང་དགའ་ལྡན་ཕོ་བྲང་གི་བཀའ་བློན་གྱི་འོས་གཞི་རྩེད་སྤྱད་བྱེད་མཁན་གྱི་གྲས་ཡིན་པ་ལའང་དོ་སྣང་བྱུང་ཡོད།

  10. འབིག says:
    2008-09-25 at 1:54 pm

    ཚེ་རིང་གི་བུ་འདི་ངོ་མའི་དགོད་སྐྱེད་ཅིག་རེད། སྔོན་མའི་བྱུང་བ་ཁག་ལ་ད་ལྟའི་བསམ་བློ་ཐོག་སྐད་ཆ་བཤད་གི་འདུག འདི་བཤད་ན་བཤད་སྟངས་ཤིག་མ་རེད་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme