Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེང་རབས་ཚན་རྩལ་གྱིས་བཟོས་པའི་ཆག་སྒོའི་འཆར་སྣང་དབྱངས་སུ་འགུགས་པ་འབྲོག་པ་རྒད་པོའི་སྐྱོ་གླུ་ཞེས་བྱ་བ།

Posted on 2016-11-062016-11-06 By ཁ་བརྡ་ 35 Comments on དེང་རབས་ཚན་རྩལ་གྱིས་བཟོས་པའི་ཆག་སྒོའི་འཆར་སྣང་དབྱངས་སུ་འགུགས་པ་འབྲོག་པ་རྒད་པོའི་སྐྱོ་གླུ་ཞེས་བྱ་བ།

རྩེཿ མུན་སེལ།

 
བགྲང་བྱ་དང་བགྲང་བྱའི་འགྱུར་འགྲོས་ལ་འགྲན་བཞིན།།
ཚན་རྩལ་གྱི་རིག་པའི་བང་སྟབས་ལས་བྱུང་བ།།
ཕྱི་ཁམས་ཀྱི་དངོས་འཕྲུལ་བགྲང་ཡས་ཤིག་སྤེལ་པས།།
ཁྲ་ཆེམས་སེ་འཇིག་རྟེན་གསར་པ་ཞིག་བསྐྲུན་ཏོ།།

ཟིང་ཟིང་དུ་གཡོ་བའི་སྤྱི་ཚོགས་ཀྱི་ཁྲོད་ན།།
ཉམས་དགའ་ཡི་སྐྱིད་ཀྱི་ལྷ་ཡུལ་ལ་སོན་བཞིན།།
ཡེངས་པ་ཡི་རླུང་གི་རྦ་རླབས་ལ་ཞོན་པའི།།
ཅོལ་ཆུང་གི་མི་འགའ་ཡིད་ཆེས་ཀྱིས་ཁེངས་ཡོད།།

བློ་རིག་གི་རྩེ་མོ་གང་ས་རུ་བསྐོར་ནས།།
གནས་ཚུལ་དང་མངོན་འགྱུར་མང་པོ་ཡི་ཕྱོགས་ལ།།
བསམ་གཞིགས་ཀྱི་ལམ་ནས་ཞིབ་འདང་ཞིག་བགྱིས་ཚེ།།
ཞེད་སྣང་གིས་གཉིད་ཀྱི་བདེ་བ་ཡང་འཁྲུག་འགྲོ།།

རྒྱུན་ཐུང་གི་བདེ་སྐྱིད་ཙམ་ཞིག་དང་འབྲེལ་བའི།།
དཔལ་འབྱོར་གྱི་བསྡུ་འགྲེམ་ཚོང་ལས་ཀྱི་ཆེད་དུ།།
ཚོད་མེད་ཀྱི་བྱེད་སྒོ་དུ་མ་ཞིག་འབྱུང་འདིས།།
སྣོད་བཅུད་ཀྱི་ཁམས་ཀུན་ཉམས་རྒུད་ཀྱིས་ཟིན་ཡོད།།

བྱིན་ཆགས་ཀྱི་རི་ཀླུང་ཆུ་གསུམ་གྱི་རྒྱུན་སོགས།།
བསྔོག་བཤེར་དང་འབག་བཙོག་ཅི་དགའ་རུ་བཏང་བས།།
འབྱུང་བཞི་ཡི་བྱེད་པའི་སྙོམ་ཚད་དེ་འཁྲུགས་ཤིང་།།
ཐན་པ་ཡི་ཚུལ་འདི་ལོ་རེ་བཞིན་ཆེར་འཁྲིགས།།

སྣ་ཚོགས་ཀྱི་བཟའ་བཏུང་གྱོན་ཆས་ཀྱི་རིགས་བཅས།།
བྲོ་བ་དང་རྣམ་པས་ཡི་ག་རང་བརྟས་ཀྱང་།
རྫས་ངན་དང་རྫས་ཀྱི་སྦྱོར་བ་ཡིས་ལྷད་པས།།
སྐྱེ་འགྲོ་ཡི་ཚེ་སྲོག་སྟུང་བྱེད་ཀྱི་གཤེད་མ།

བག་མེད་ཀྱི་གཉེན་པོའི་དཔུང་ཤུགས་ཀྱིས་དབུལ་ཞིང་།།
རང་རྒྱལ་དང་གཞན་ཕམ་ཕུགས་བསམ་ལ་བཅངས་ཏེ།།
ས་ལྒང་འདི་ཡུད་ཙམ་ཐལ་བ་རུ་གཏོང་བྱེད།།
འཇིགས་རུང་གི་རྡུལ་ཕྲན་འཕུར་མདའ་སོགས་འགྲན་རྒོད།།

གཡོ་སྒྱུ་ཡི་འཕྲུལ་གྱིས་ཤོག་ལེབ་ཀྱི་གཟུགས་ལ།།
རིན་ཆེན་གྱི་མིང་གི་མཚལ་རྟགས་ཤིག་བཏབ་པས།།
མི་ཐམས་ཅད་སྲེད་དང་ཧམ་སེམས་ཀྱི་ངང་ན།།
བསག་བསྲུང་གི་སླད་དུ་སོས་དལ་གྱི་སྐབས་མེད།།

རྒྱུ་འབྲས་ཀྱི་རྣམ་བཞག་ཆོལ་ཉོག་ཏུ་བཏང་ཟིན།།
བྱམས་པ་དང་བརྩེ་བའི་རིན་ཐང་ཡང་བརླགས་ཚར།།
ཉིན་རེ་ནས་ཉིན་རེར་རྙོག་འཛིང་འདི་ཇེ་རྒྱས།།
ལོ་རེ་ནས་ལོ་རེར་ཆག་སྒོ་ནི་ཇེ་མང་།

ཀྱེ་མ་ཡ་ཀྱེ་ཧུད་ལེ་ལོ་ཡི་བྲན་དག།
བློ་གནད་དུ་ཕོབ་ལ་མནོ་བསམ་རེ་གྱིས་དང་།།
ཉམས་དགའ་ཡི་ཚུལ་འདི་ཉམས་དགའ་ཞིག་མིན་པས།།
བརྟན་ཚུགས་ཀྱི་ཡིད་ཆེས་བྱེད་རིན་ཞིག་མི་འདུག།

ཐུབ་དབང་གི་དམ་ཆོས་ཟབ་རྒྱས་ཀྱི་དཀྱིལ་འཁོར།།
ངོ་མཚར་གྱི་བྱམས་བརྩེ་རྟེན་འབྱུང་གི་གཟི་བཅས།།
མི་ཀུན་གྱི་རྒྱུད་ལ་ལེགས་ཚོགས་ཀྱིས་གཏམས་ཤིང་།།

ཞི་བདེ་ཡི་དཔལ་གྱིས་འཚོ་བར་རང་སྨོན་ནོ།།ཞེས་པའང་རྩེཿམུན་སེལ་དུ་འབོད་པས་ཕྱི་ལོ་༢༠༡༦ ཟླ་༩ ཚེས་༢༨ ཉིན་ཤར་མར་བྲིས།།

སྙན་ངག

Post navigation

Previous Post: གློག་བརྙན་དང་མི་ཚེ།
Next Post: རྟག་བརྟན་གཡུང་དྲུང་གི་རང་སྒྲ།

Comments (35) on “དེང་རབས་ཚན་རྩལ་གྱིས་བཟོས་པའི་ཆག་སྒོའི་འཆར་སྣང་དབྱངས་སུ་འགུགས་པ་འབྲོག་པ་རྒད་པོའི་སྐྱོ་གླུ་ཞེས་བྱ་བ།”

  1. ཀརྡོ་གཉེར་ཕྱག་པ། says:
    2016-11-07 at 1:19 am

    ཚན་རྩལ་གྱི་བདེ་སྡུག
    ་
    ཚན་རིག་དང་འཕྲུལ་རྩལ་གྱི་ལམ་ཆེན་གྱི་ཐོག་ལ། །
    མོ་ཊ་དང་གནམ་གྲུ་ཡི་བརྗིད་ཉམས་ཞིག་འདུག་གདའ། །
    ཁྲ་ཁྲ་དང་ཟིང་ཟིང་གི་འཁྲུལ་སྣང་གི་འོག་ལ། །
    མི་རིགས་དང་ཕྱུགས་རིགས་ཀྱི་སྡུལ་བསྔལ་ལ་གཟིགས་དང་། །

    འདོད་རྔམས་དང་ཕྲག་དོག་གི་གུ་དོག་གི་འོག་ལ། །
    སྣོད་བཅུད་ཀྱི་གཤེད་མ་ཡིས་རྔོག་བཤེར་ལ་གཟིགས་དང་། །
    དམག་འཁྲུགས་དང་མུ་གེ་ཡི་དངངས་སྐྲག་གི་འོག་ལ། །
    མཐུན་འབྲེལ་དང་ཞི་བདེ་ཡི་ལམ་བུ་ཞིག་འཚོལ་དང་། །
    ་
    ཀརྡོས།

  2. སེང་ཕྲུག་བརྟན་པ། says:
    2016-11-07 at 5:19 am

    ཀརྡོ་ལགས་ཀྱིས་མིག་གསར་པ་ཞིག་བཟོས་འདུག གང་ཕྱིར་ཡིན་ནམ།

  3. གནམ says:
    2016-11-07 at 6:11 am

    ཤེས་རིག་དང་ཚན་རིག་མེད་སའི་ཕྱོགས་ཀྱི།
    ནད་རིགས་དང་འཁྲིག་རྩོད་མང་བར་བལྟས་ན།
    མུན་སེལ་ལ་མུན་པ་འཐིབ་ནས་ཡོད་པ།།
    མ་བཤད་རུང་ཚང་མས་ཤེས་ཚོད་འདི་རེད།
    ཧ་ཧ་ཧ།

    ཆོས་དཀོན་མཆོག་དད་པའི་རྟེན་དུ་བཞག་ནས།
    གཞི་སྐྱུར་ནས་འཁོར་བ་ཐང་ལ་གཡུག་ན།
    མ་སེམས་ཅན་མུ་གེའི་གནས་ལ་ལྷུང་མཚམས།
    ཁྱོད་མུན་སེལ་སངས་རྒྱས་སྐྱོབས་སུ་ཕེབས་སམ།།
    ཧ་ཧ་ཧ།

    ཆོས་ཀྱི་ཕྱོགས་ལ་ཁ་གཏོང་བྱས་ན་དམྱལ་བར་ལྷུང་།།
    ཚན་རིག་ཕྱོགས་ལ་ངན་བཤད་བྱས་ན་དབུལ་པོར་ལྷུང་།།
    ཕྱི་མ་དམྱལ་བ་འཇིག་རྟེན་དབུལ་བྱེད་པར་མི་འདོད་ན།
    ཀླད་པ་ཡོད་པའི་མྱི་གཏམ་བཤད་བཞིན་ལས་བཞིན་སྐྱོད།
    ཧ་ཧ་ཧ།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-07 at 8:59 am

    ཤེས་བྱ་ལ་མཐའ་མེད་པ་ནས་ཚན་རྩལ་རིག་པས་འཇིག་རྟེན་འདི་མེད་པ་བཟོ་རྒྱུའི་རྡུལ་ཕྲན་ཚོན་ཆ་ཇི་ཙམ་བཟོས་ཀྱང་དེ་དག་ལ་ནུས་པ་མེད་བཟོ་རྒྱུའི་མེ་རླུ་འགོག་ཐུབ་པའི་ཤེས་བྱ་རིག་པ་ནང་ཆོས་རིག་པའི་ལམ་ནས་འཚོལ་དགོས་པ་དེ་ནང་ཆོས་ཀྱི་སྙིང་དོན་འཚེ་བ་སྤངས་ནས་གཞན་ལ་ཕན་དགོས་པ་དེ་མ་རེད་དམ་?དངོས་པོ་ག་འདྲ་ཞིག་ཡིན་ཀྱང་བཟོ་ཐུབ་ན་མེད་པ་བཟོ་རྒྱུ་དེ་བས་ཀྱང་ལས་སླ་བ་ཞིག་མ་རེད་དམ་?

  5. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-07 at 9:04 am

    བསྡུལ་ཕྲན་ཚོན་ཆ་དབྱུགས་ས་དེར་གས་མི་ཐུབ་པའི་མེ་རླུ་བཀག་ཐུབ་པའི་
    ཤེས་བྱ་རིག་པ་
    འཚོལ་དགོས་པ་དེ་གལ་ཆེན་མ་རེད་?

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-07 at 9:06 am

    ནམ་མཁའ་ལ་མཐའ་མེད་པ་ནས་ཤེས་བྱ་རིག་པ་ལ་མཐའ་མེད་པ་སྟོན་པས་གསུང་།

  7. ཀརྡོ་རབ་འབྱམས་པ་ says:
    2016-11-07 at 3:15 pm

    ཚན་རིག་དང་། ནང་ཆོས་ཟུང་འབྲེལ་དགོས། ཁོར་ཡུག་ཉར་ཚག་དང་། འཕྲུལ་ཆས་ཡར་རྒྱས་གཉིས་ཟུང་འབྲེལ་དགོས། ཤེ་ཡོན་དང་། གཤིས་སྤྱོད་བཟང་པོ་གཉིས་ཟུང་འབྲེལ་དགོས། ཟུང་འབྲེལ་ཡོད་ན། དབུས་ལམ་རེད།

  8. ཨ་ཁུ་འབྲོག་པ། says:
    2016-11-08 at 11:58 am

    འཁོར་བའི་ཆོས་ལ་གཏུད་ཅིང་མྱང་བའི་ཚེ། །
    མི་སྐྱོ་བྱ་གཅིག་ཀྱང་ཡོད་མ་ཡིན། །
    སྐྱོ་བའི་སེམས་གསོ་དམ་པའི་ལྷ་ཆོས་དེ། །
    སེམས་ཀྱི་ཁོང་དུ་དམ་དུ་འཛིན་པ་གཅེས། །
    འཁོར་བའི་ཉེས་སྐྱོན་སངས་རྒྱས་་གསུངས་པའི་རྗེས། །
    མི་ལ་རྗེ་སོགས་བླ་མ་མང་པོ་ཡིས། །
    འཁོར་བར་སྐྱོ་བའི་སྐྱོ་གླུ་མང་བླངས་ཏེ། །
    འཁོར་བ་སྤངས་ཏེ་ཟུང་འཇུག་གོ་འཕང་བརྙེས། །
    འདི་ནི་ཚན་རིག་སྐྱོན་མིན་འཁོར་བའི་སྐྱོན། །
    འཁོར་བར་སྐྱོ་ན་མི་ལའི་རྗེས་སུ་སློབས། །
    འཁོར་བར་མི་སུན་ཚན་རྩལ་སུན་སྣང་དེ། །
    རྟ་ལས་བབ་སྟེ་བོང་བུ་བཞོན་འདོད་འཁྲུལ། །

  9. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-08 at 9:29 pm

    འཁོར་བའི་སྡུག་བསྔལ་ལས་ཀྱི་སྦྱིན་།
    འཇིག་རྟེན་གཏོར་ཤིག་ཚན་རྩལ་སྦྱིན་།

  10. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-08 at 9:36 pm

    ཚན་རྩལ་རྗེས་ལ་འབྲང་མཁན་ཚོ་།
    རྟ་བབ་བུང་གཞོན་དེ་ལ་ཟེར་།
    ནང་ཆོས་ཕ་ལམ་ནོར་བུ་ལ་།
    ནོར་ཉམས་མ་ཆོད་ཡ་རེ་ང་།
    ནང་ཆོས་རིག་པས་འཇིག་རྟེན་སྲུང་སྐྱོབས་ཐུབ་།
    ཚན་རྩལ་རིག་པས་བཇིག་རྟེན་གཏོར་ཤིག་ཐུབ་།
    དེ་གཉིས་གང་དགའ་ལེགས་ལམ་མ་ནོར་ཅིག་།

  11. ཀརྡོ་རབ་འབྱམས་པ་ says:
    2016-11-08 at 11:20 pm

    ཆོས་ལ་དད་ཙམ་མི་ཕན་པར། །
    དེ་ཡི་ལག་ལེན་ཤེས་པ་གཅེས། །
    ཚན་རྩལ་མཐོང་ཙམ་མི་ཕན་པར། །
    དེ་ཡི་བཟོ་རྩལ་ཤེས་ན་ལེགས། །

  12. ཨ་ཁུ་འབྲོག་པ། says:
    2016-11-09 at 7:20 am

    ཀ་ཁ་ཤེས་དང་མི་ཤེས་ཙམ་ཞིག་གིས། །ཁ་དལ་ལག་དལ་གང་བྱུང་བྲིས་བྱས་ཏེ། །ག་རུའང་མི་ཕན་ཚིག་ཉོག་ངན་འབྱམས་དེས། །ང་ཚོའི་བོད་ཡིག་དག་ཆ་མ་རྙོགས་ཨང་། །

  13. ཨ་ཁུ་འབྲོག་པ། says:
    2016-11-09 at 7:24 am

    ཀ་རུ་དམར་རུའི་རྣམ་དབྱེ་མི་ཤེས་བཞིན།
    ཁ་ཕོ་དགུང་དུ་སྒྲོགས་པའི་གཞུང་པ་ཀྱེ། །
    ག་དུས་ཡིན་ཡང་གཏམ་ཉོག་མཆན་འགོད་འདི། །
    ང་རྒྱལ་སྣོན་མ་སྐྱེ་བའི་རྒྱུ་ལས་ཅི། །

  14. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-09 at 8:32 am

    ཀ་རུ་དམར་རུའི་རྣམ་ཤེས་ངས་མི་ཤེས་།
    ཁ་ཕོ་དགུང་ལ་སྒྲོགས་མཁན་སུ་ཡིན་དང་།
    ག་དུས་ཡིན་ཀྱང་གཏམ་ཉོག་མཆན་འགོད་དེ་།
    ང་ཡིན་ཁྱོད་ཡིན་དྲ་གྲོགས་ཀུན་གྱི་མཁྱེན་།

    ཅ་ཅོ་འར་འུར་གཞུང་པའི་མདུན་ལམ་མིན་།
    ཆགས་སྟང་ང་རྒྱལ་གཞུང་པའི་དམིགས་ཡུལ་མིན་།
    ཇུས་མེད་འགན་འཁུར་གཞུང་པའི་སྒོམ་བཤིས་མིན་།
    ཉེས་མེད་སྐྱོན་འཛུགས་གཞུང་པའི་ཁྲིམས་ལ་མེད་།

  15. ཨ་ཁུ་འབྲོག་པ། says:
    2016-11-09 at 9:15 am

    ཀ་མད་སུམ་ཅུའི་འགྲོ་སྟངས་མི་ཤིས་བཞིན།
    ཁ་དོག་དཀར་དམར་སློབ་པའི་བྱིས་པ་ཁྱོད། །
    ག་ཤལ་བཏགས་པའི་འདོགས་ཁྱི་ངར་མ་བཞིན། །
    ང་རོའི་གནམ་ས་འགེངས་འདི་དགད་མོའི་གནས། །

  16. ཀརྡོ་རབ་འབྱམས་པ་ says:
    2016-11-09 at 9:17 am

    ་་་་་ ཆགས་སྟང་་་་་་་
    འདི།
    ཆགས་སྡང་ཡིན་དགོས།

  17. ཨ་ཁུ་འབྲོག་པ། says:
    2016-11-09 at 9:21 am

    ཀ་བཤད་ཡིན་ཅེས་སྒྲ་འདྲ་ཙམ། ཁ་ཕོག་སྣར་ཕོག་བྲིས་བྱས་ཏེ། ག་རོག་གཡག་རྒོད་ཤོར་བ་བཞིན། །ང་ཚོའི་བོད་ཡིག་པད་ཚལ་རྙོག །

  18. ཀརྡོ་རབ་འབྱམས་པ་ says:
    2016-11-09 at 11:06 am

    གཞུང་པའི་སྒོམ་བཤིས་མིན་།
    འདི།
    གཞུང་པའི་གོམས་གཤིས་མིན། ། ཡིན་དགོས།
    ་
    གཞུང་པ་ལ་ཚིག་མཛོད་བརྔོག་ཡ་གོམས་གཤིས་མི་འདུག

  19. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-09 at 8:57 pm

    དག་བཅོས་གནང་བ་ཐུགས་རྗེ་ཆེ་།

  20. གཞུང་པ་ཚེ་དབང་བསོད་ནམས་ says:
    2016-11-09 at 9:00 pm

    གཞུང་པའི་གཡག་ཨ་ཁུ་འབྲོག་པའི་ཚལ་ཞིང་ནང་
    ཤོར་ནས་པད་ཚལ་རྙོག་པ་འདྲ་ཧཧཧ

  21. ཨ་ཁུ་འབྲོག་པ། says:
    2016-11-10 at 12:23 pm

    ཀ་མལ་མེ་ཏོག་མཚོ་གླིང་འཁྲུངས་མོད་ཀྱི། །ཁ་ཆར་བུ་ཡུག་ཁྲོད་དུ་སྐྱེ་མི་སྲིད། །ག་ཤ་བཏགས་པའི་ཀུ་ཀུ་ར་ཛཱ་དེ། །ང་མཁས་ང་འཇོན་ཟེར་ཡང་སུ་ཡིད་ཆེས། །རྩེད་མཚར་ཚུལ་དུ་བྲིས་པས་སེམས་ལ་མ་ཞོག ད་བདེ་མོ་བྱོས།

  22. ཀརྡོ་རབ་འབྱམས་པ་ says:
    2016-11-10 at 12:31 pm

    ཀ་བཤད་ཀ་ཕྲེང་གང་བྲིས་ཀྱང་། །
    ཁ་བདེ་ལྕེ་བདེར་མ་བཞག་པར། །
    ག་འདྲ་བྲིས་ཀྱང་བོད་སྤྱི་དང་། །
    ང་དང་ང་འདྲར་ཕན་ཕྱིར་བྲིས། །

  23. ཀརྡོ་རབ་འབྱམས་པ་ says:
    2016-11-10 at 12:33 pm

    ཅ་ལག་ཅ་ལེ་ཅོ་ལེ་དང་། །
    ཆ་ལག་མ་ཚང་འཕྲུལ་རིག་རིགས། །
    ཇ་པོར་ཆང་ཕོར་ཁུག་རིན་ཙམ། །
    ཉ་ག་ེ་ཉོ་གེར་བསགས་ཅིས་ཕན། །

  24. ཀརྡོ་རབ་འབྱམས་པ་ says:
    2016-11-10 at 12:36 pm

    ཏ་ཐྰ་ག་ཏའི་གསུང་རབས་ཤིག །
    ཐ་ན་ཡིག་འབྲུ་ན་ཡན་ཆད། །
    ད་ལྟ་རང་དུ་མི་མཁོ་ཡང་། །
    ན་ཚོད་རྒས་དུས་ཕན་ཡང་སྲིད། །

  25. ཀརྡོ་རབ་འབྱམས་པ་ says:
    2016-11-10 at 12:39 pm

    པ་ཕ་ོཔོ་ཕོའི་ཕྱག་ཕྲེང་དང་། །
    ཕ་མ་བཟང་པོའི་བསླབ་བྱའི་རིགས། །
    བ་རེ་བོ་རེར་མ་བཞག་པར། །
    མ་མས་བུ་སྐྱོང་ལྟར་གཅེས་དགོས། །

  26. ཀརྡོ་རབ་འབྱམས་པ་ says:
    2016-11-10 at 12:45 pm

    ཙ་རེ་ཙོ་རེའི་ཟས་རིགས་ལ། །
    ཚྭ་དང་སྨན་ན་གང་བརྒྱབས་ཀྱང་། །
    ཛ་ལང་ཤོར་བའི་ཁ་ལྕེ་ལ། །
    ཝ་ལེ་ཝལ་ལེའི་དྲན་ཟས་ཙམ། །

  27. ཀརྡོ་རབ་འབྱམས་པ་ says:
    2016-11-10 at 12:48 pm

    ཞྭ་གོས་མཚོན་མདོག་གཅེས་ལུགས་འདི། །
    ཟ་ཧོར་ཆོས་རྒྱལ་རང་ལུགས་མིན། །
    འ་རེ་འུ་རེའི་འདོན་སྟངས་འདི། །
    ཡ་མེད་བསམ་མེད་ལུགས་ངན་ཉིད། །

  28. ཀརྡོ་རབ་འབྱམས་པ་ says:
    2016-11-10 at 12:51 pm

    རྭ་ལྟར་གྱོང་བའི་སེམས་ཁམས་འདི། །
    ལ་ལུང་བྲག་ཕུག་གང་འགྲིམས་ཀྱང་། །
    ཤ་རྒོད་རི་ལ་ཤོར་བ་ལྟར། །
    ས་མཐའི་རྣལ་འབྱོར་དོན་མེད་འཁྱམས། །

  29. ཀརྡོ་རབ་འབྱམས་པ་ says:
    2016-11-10 at 12:53 pm

    ཧ་ཧ་དགོད་པའི་གཏམ་མེད་ཀྱང་། །
    ཧ་ཅང་དཀའ་བའི་ཚིག་ཀྱང་མེད། །
    ཨ་མའི་བུ་ཡིས་བརྩོན་འགྱུར་ན། །
    ཨ་ཐས་སེམས་འདི་འདུལ་བར་ངེས། །

  30. ཀརྡོ་རབ་འབྱམས་པ་ says:
    2016-11-10 at 12:59 pm

    ཀ་ཕྲེང་ལྷ་ཡི་མེ་ཏོག་འདི། །
    ཁ་ཆར་བུ་ཡུག་མ་བཅོམ་སྔོན། །
    ག་རུ་བཞུགས་ཀྱང་ཨ་འབྲོག་ལ། །
    ང་ཡི་ཡིད་ཀྱིས་ཁྱེད་ལ་འབུལ། །

  31. ཨ་ཁུ་འབྲོག་པ། says:
    2016-11-10 at 1:23 pm

    ཅ་ག་གཅེས་སྤྲས་ཆེ་མདོག་ཀརྡོ་ཡིས། །ཆ་མེད་རྒྱུས་མེད་ང་ལ་མེ་ཏོག་ལན། །ཇ་ཆང་བཏུང་བ་འདེགས་ལ་ཐེག་རིང་ཡང་། །ཉ་ཉོབ་མེད་པར་འཚམས་འདྲི་བཅོས་མིན་ཞུ། །

  32. ཀརྡོ་རབ་འབྱམས་པ་ says:
    2016-11-10 at 1:57 pm

    རྟ་བོང་གཡག་ལུག་འབུལ་བ་ང་ལ་མེད། །
    ཐ་མལ་ཚིག་གི་ཀ་ཕྲེང་ཕྲེང་རྡོག་འགའ། །
    དར་ལ་བརྒྱུས་ནས་ཐག་རིང་ཡུལ་ནས་འབུལ། །
    ན་ཚོད་ནམ་འཆི་མེད་ཀྱང་ཁ་བརྡར་བྲིས། །

  33. ཨ་ཁུ་འབྲོག་པ། says:
    2016-11-10 at 2:07 pm

    པ་ལོ་བཅད་པའི་ལྷ་ཆོས་མི་ཤེས་ཀྱང་། ཕ་རྒན་ཚུལ་གྱི་མ་ཎི་འདྲེན་བཞིན་དུ། བ་ལང་ལ་སོགས་འགྲོ་བར་མ་ལུས་པ། སངས་རྒྱས་འཐོབ་ཕྱིར་སྨོན་པ་དང་བཅས་བྲིས། །

  34. ཨ་ཁུ་འབྲོག་པ། says:
    2016-11-10 at 2:19 pm

    ཙ་ཀླི་བཞིན་དུ་བླ་མ་སྒོམ། ཚ་གྲང་དཀའ་ཐུབ་ཆོས་ཕྱིར་སྤྱོད། ། ཛ་ཡའི་གསུང་རབ་ཀློག་པ་གསུམ། ཝ་ལེར་ཡིད་ལ་ངེས་པ་བྱས། ཞ་ལོང་འཐེང་གསུམ་སྐྱོང་བ་དང་། །ཟ་མ་བུད་མེད་བྱམས་པར་བགྱིས། འ་ར་འུ་རི་མེད་པ་དང་།ཡ་ཡོ་སྤངས་ཏེ་ཏིང་འཛིན་སྒོམ། ར་ལུག་ལ་སོགས་ཕྱུགས་ཀྱི་རིགས། ལ་ལ་མ་ཡིན་ཀུན་ལ་བྱམས། ཤ་ཚ་ལྷག་བསམ་བཅོས་མེད་ཀྱིས། ས་སྟེང་སྐྱེས་པས་དོན་གོ་ཆོད། ཨ་ཅང་ཀུ་རེ་དང་ཡང་བཅས། ཨ་ཁུ་འབྲོག་པས་ཤར་མར་སྤེལ།

  35. ཨ་ཁུ་འབྲོག་པ། says:
    2016-11-10 at 2:27 pm

    ནོར་བཅོས། པ་ལོ་བཅད་པའི་ལྷ་ཆོས་མི་ཤེས་ཀྱང་། ཕ་རྒན་ཚུལ་གྱི་མ་ཎི་འདྲེན་བཞིན་དུ། བ་ལང་ལ་སོགས་འགྲོ་ཀུན་རིས་མེད་པ། མ་ལུས་སངས་རྒྱས་འཐོབ་སྨོན་དང་བཅས་བྲིས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme