Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་རིང་གི་ཟིན་ཐོ།

Posted on 2016-01-012016-01-01 By ཁ་བརྡ 2 Comments on དེ་རིང་གི་ཟིན་ཐོ།

བསོད་ནམས་ནོར་བུ། རྣམ་གྲོལ་གླིང་།

 
དེ་རིང་གནམ་ལོ་གསར་པའི་ཉི་མ་གནམ་ནས་ཤར་བ་དང་སྐབས་བསྟུན། གོང་ས་མཆོག་གི་སྐུ་མདུན་ནས་སྒྲོལ་དཀར་ཡིད་བཞིན་འཁོར་ལོའི་ཚེ་དབང་ཐོབ་པས་ 2016 ལོའི་བྱ་བ་ཀུན་གྱི་རྟེན་འབྲེལ་ཐོག་མ་འདི་ནས་འགྲིག་པར་བྱས། ནངས་མོ་གྲོགས་པོའི་ཁ་པར་གྱི་དྲིལ་བརྡས་ང་རང་གློ་བུར་མལ་གྱི་གཉིད་མཐུག་ལས་བསླང་། ཡར་ལངས་ནས་ཁྲུས་སྟབས་བདེ་ཞིག་བྱས་ཏེ་ཕྱི་ལ་ཐོན་དུས། ད་དུང་སྔ་དྲགས་མེད་ན་འཕྱི་མེད་པ་ཤེས་པས་སེམས་པ་ལྷོད་ལ་བབ། ཞོགས་པའི་གནམ་གཤིས་ནི་ནམ་རྒྱུན་ལ་བལྟས་ན་དེ་ཙམ་དྭངས་རྒྱུ་མེད་པ་མ་ཟད་ཅུང་འཐིབས་ཏེ་ཧ་ལམ་ཆར་པ་ཞིག་འབབ་མི་ཡོང་ངམ་སྙམ་པ་ལྟ་བུ་འདུག
རླུང་རྟ་རྒྱུག་པ་ཞིག་ལ་ལམ་བར་དགེ་སྐོས་སྣུམ་འཁོར་ནང་འཛུལ་རྒྱུ་རག་སྟེ་ལམ་ཁའི་ཐལ་བ་འགམ་མ་དགོས་ཙམ་བྱུང་ཡང་། ལམ་ཕྱེད་ནས་སྣུམ་འཁོར་དང་སྦག་སྦག ད་དུང་ཨོ་ཊོ་བཅས་ཀྱི་ཟང་ཟིང་ཧ་ཅང་ཆེ་བས་ལམ་ཁ་འགགས་ནས་ཐ་མ་རྐང་པ་རྒྱག་སྟེ་མ་འགྲོ་རང་འགྲོ་ཐུག་བྱུང་།

བཀྲ་ཤིས་ལྷུན་པོ་གསུང་ཆོས་ར་བའི་སྒོར་འབྱོར་དུས་ལམ་རིམ་འཛིན་བྱང་སོགས་གང་ཡང་བསྟན་རྒྱུ་མེད་པར། ཉེན་རྟོག་པ་དང་སྒོ་སྲུང་བའི་དཀྱིལ་མ་ནས་ཡ་ང་བག་ཚ་མེད་པ་ཤར་རེར་འཛུལ་ཏེ་ལྷ་ཁང་ཕྱི་ལོགས་གསུང་ཆོས་ར་བའི་དཀྱིལ་མ་ཞིག་ལ་སྡོད་ས་བདམས་ནས་བསྡད་པས། གཉིད་ལ་མ་ཤོར་ན་མདུན་ངོས་བརྙན་འཕྲིན་ནང་ནས་༧གོང་ས་མཆོག་གི་གསེར་ཞལ་ཉི་མ་ལྡེ་ལྡེ་བྱེད་ཆོག་གི་འདུག་པས་དེ་རིང་ངོ་མ་ཡོང་གོ་ཆོད་སོང་སྙམ།

གསུང་ཆོས་ར་བ་ནི་ཕྱོགས་བཞི་མཚམས་བརྒྱད་ཚང་མ་སྣ་ལྔའི་དར་གྱི་ཡོལ་བ་བྱས་ཤིང་། དར་གྱི་ཀ་བ། དར་གྱི་ལྡ་ལྡི། དར་གྱི་བླ་བྲེ་བཅས་ངོས་དང་ཟུར་གང་ལ་བལྟས་ཀྱང་གཅིག་ལས་གཅིག་མཛེས་དང་། འདི་ལས་དེ་ཡག་གི་རྒྱན་ཆས་ཡོངས་སུ་སྤུད་པར་བྱས་འདུག་པས་རྒྱ་གར་བའི་ལག་རྩལ་ལ་ཡིད་སྨོན་ཤོར་ཏེ། ངོ་མ་བལྟས་ཤིང་བལྟས་ཤིང་བདག་གིས་ནི་གླིང་ཚང་གི་གླིང་གུར་མཐོང་བ་ཀུན་སྨོན་ཟེར་བའི་ཆོན་ཐག་དང་ཀ་བ་སོགས་གང་ཡང་མི་དགོས་པའི་སྤྲུལ་པའི་རས་གུར་གཡེར་པོ་ཅན་དེ། གལ་སྲིད་ངོ་མ་ད་ལྟ་ཡོད་པའི་དབང་དུ་བཏང་ན་འདི་འདྲ་ཞིག་ལས་ཅི་ཡང་ཡོད་རྒྱུ་མ་རེད་སྙམ་བཞིན་བསམ་གཞིག་བྱས།

༧གོང་ས་མཆོག་ཁྲི་ལ་འཁོད་རྗེས་གྲྭ་གཞོན་ཤ་དར་ཁྲག་དར་ཚོའི་འཕག་མཆོང་དང་འདུར་རྒྱུག་གིས་ཇའི་ཁོག་ལྡིར་རེ་ཆོས་ཞུ་བའི་མིག་སྔུན་ལ་བརྐྱང་ཡོང་བས། ཨ་ཕོ་རང་ལ་བཞེས་ཕོར་ཡོད་ན་ཇ་མི་རག་པའི་སེམས་ཁྲལ་གཏན་ནས་མི་དགོས། ཚེ་དབང་མ་གནང་སྔོན་༧ གོང་ས་མཆོག་གི་བཀའ་སློབ་བསྩལ་ཞིང་། བཀའ་སློབ་ཀྱི་ནང་དོན་ནི་འགྲོ་བ་མིའི་ལྷན་སྐྱེས་ཀྱི་སེམས་ཁམས་ནི། བྱམས་བརྩེ་དང་གཞན་ཕན་ཡིན་པ་ལས། ཞེ་སྡང་དང་ང་རྒྱལ་གྱིས་གྲུབ་པ་ཞིག་མིན་པས། ད་ནས་ང་ཚོའི་འཛམ་གླིང་ཞི་བདེ་ཡོང་བ་ལ་རེ་བ་ཡོད་རེད་ཅེས་དང་། དུས་རབས་ཉི་ཤུ་པའི་མིས་རྙོག་གྲ་བཟོས་པ་རྣམས་ཉེར་གཅིག་པའི་མིས་མེད་པ་བཟོས་ཏེ་འཛམ་གླིང་ཞི་བདེ་ཡོང་ཐབས་ལ་འབད་བརྩོན་བྱེད་དགོས་ལ། ང་ཚོ་ནི་མི་གྲངས་དུང་ཕྱུར་བདུན་ཅུ་ལྷག་གིས་གྲུབ་པའི་ཁྱིམ་ཚང་ཆེན་མོ་ཞིག་རེད་ཅེས་གསུངས་སོང་། ང་ལ་མཚོན་ན། འཇིག་རྟེན་འདི་ན་༧གོང་ས་མཆོག་གི་བཀའ་སློབ་ནི་ཅི་ཙམ་ཉན་ཡང་དེ་ཙམ་ངོམ་རྒྱུ་མེད་པའི་འཆི་གསོས་ཀྱི་བདུད་རྩི་གཅིག་པུ་དེ་ཡིན་པས། གལ་སྲིད་ཚེ་དབང་མ་ཐོབ་ན་ཡང་བཀའ་སློབ་ཉན་རྒྱུ་གཅིག་པུས་འགྲིག་གི་ཡོད་པ་ག་ལ་བཤད་དགོས།

ཚེ་དབང་བསྐུར་རྗེས་ཚོགས་པ་དང་སྐྱིད་སྡུག་སོ་སོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས། ཁོང་གིས་འགའ་རེའི་ཨ་མཆོག་རྩེ་ནས་འཛིན་ཏེ་བཞད་མོ་བཞད་པ་དང་། དེ་བཞིན་རྒས་འཁོགས་འགའ་རེའི་ཐོད་པ་ལ་ཐོད་པ་གཏུག་བཞིན་སྨོན་ལམ་རྒྱག་པ། མཚམས་རེར་གཞས་སྣ་འཁྲབ་སྟོན་གྱི་སྤོ་བོའི་ངག་ལ་དཔྲལ་མདུད་རྒྱག་བཞིན་ཉན་པ། ལན་རེར་ཆོས་ཞུ་བ་ཕྱོགས་ཡོངས་ལ་ཞིབ་གཟིགས་ངང་ཐལ་མོ་སྦྱར་བཞིན་གསོལ་སྨོན་གནང་བའི་རྣམ་འགྱུར་བཅས་ནི། ཅི་འདྲའི་མཐོང་ན་དང་བ་འདྲེན་པའི་མ་བཅོས་མཚན་དཔེའི་སྐུ་ཡི་མཛེས་སྡུག་ཅིག་རེད་ཨང་།

1/ 1/ 2016/

ལྷུག་རྩོམ།

Post navigation

Previous Post: སྒེའུ་ཁུང་ཕྱི་རོལ་གྱི་སྙན་ངག
Next Post: རྒྱལ་བའི་གཟི་བྱིན། ༼གླུ་གཞས།༽

Comments (2) on “དེ་རིང་གི་ཟིན་ཐོ།”

  1. ཇུང་ཏོག་ says:
    2016-01-01 at 11:01 pm

    འབད་བརྩོན་རི་རབས་ཙམ་ཞིག་བྱས་པ་ལས་།
    བསོད་ནམས་མེ་རྩག་ཙམ་ཞིག་བསགས་ན་དགའ་།
    ཕོ་ཁྱོད་ཀྱི་ལས་ཡག་པོ་བསགས་བདུག་གོ་།

  2. ཁྱུང་སེ། says:
    2016-01-01 at 11:42 pm

    བསོད་ནམས་ནོར་བུས་ཡག་མོ་ཞིག་བྲིས་གདའ།། ངོ་མ་མི་ཁྱོད་བསོད་ནམས་ཅན་ཅིག་རེད་འདུག ལམ་བར་ལ་དགེ་སྐོས་ཀྱི་སྣུམ་འཁོར་ནང་དུ་འཛུལ་རྒྱུ་བྱུང་བ། རྒྱལ་སྒོར་འཛིན་བྱང་མེད་པར་ནང་དུ་འགྲོ་ཐུབ་པ། ནང་དུ་སྡོད་ས་ལེགས་པའི་གྲལ་དུ་སླེབས་ཐུབ་པ།། བཀའ་སློབ་ཀྱི་སྙིང་བསྡུས་རྣ་བས་ཐོས་ཤིང་སེམས་ལ་བཞག་ཐུབ་པ།། ཐ་མར་རང་ལ་རང་གིས་དགའ་ཞིང་སྤྲོ་བ་འཕེལ་བའི་ངེས་ཤེས་རྙེད་པ། མི་ཁྱེད་བསོད་ནམས་ཅན་ཅིག་རེད་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme