Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དེ་དུས། དེ་དུས་ང་ལོ་བཅུ་གཅིག་དང་ཕྱེད་ཀ་ཡིན།

Posted on 2022-09-282022-09-28 By ཁ་བརྡ 3 Comments on དེ་དུས། དེ་དུས་ང་ལོ་བཅུ་གཅིག་དང་ཕྱེད་ཀ་ཡིན།

གསལ་ལེ་རྒྱལ།

ཨ་ཕས་ང་ཚོ་ནང་བ་སངས་རྒྱས་པ་རེད་ཅེས་པ་ནས་བཟུང་ང་ནི་ནང་བ་སངས་རྒྱས་པའི་རྗེས་སུ་འཇུག་མཁན་ཞིག་ཡིན་བཞག་བྱེད་ཀྱི་ཡོད། ངས་མ་ཎི་དང་སྐྱབས་འགྲོ་འདོན་ཤེས་པ་ཙམ་ལས་གྲུབ་མཐའ་དང་ཉམས་ལེན་སོགས་ཅི་ཡང་མི་ཤེས། མཚམས་ལན་རེར་དད་པ་དང་ཡིད་ཆེས་ཡོད་ལ་མཚམས་ལན་རེར་མེད། ལྟ་བ་བཀར་བཏགས་ཀྱི་ཕྱག་རྒྱ་བཞི་དང་ལས་རྒྱུ་འབྲས། ཚེ་འདི་ཕྱི་སོགས་ཀྱི་གོ་དོན་ཅི་ཡིན་མི་ཤེས་ནའང་ཕ་མ་དང་དགེ་རྒན་གྱི་ངག་ནས་ཡང་ཡང་ཐོས་མྱོང་བའི་ཚིག་གྲུབ་དེ་དག་ངས་ང་རང་ནང་བ་པ་ཞིག་ཆགས་པའི་རྒྱུ་མཚན་ཡིན་པར་འདོད་ཡོད།

ངའི་ཨ་ཕའི་མིང་ལ་རིག་འཛིན་ཟེར། ཨ་ཕས་ང་ཚོ་རྙིང་མ་བ་ཡིན་པས་ངའི་མིང་ལ་རིག་འཛིན་བཏགས་པ་རེད། བློ་བཟང་སྒྲོལ་མའི་ཕ་རྒན་དགེ་ལུགས་པ་རེད་ཟེར། བློ་བཟང་སྒྲོལ་མ་ནི་ངའི་ཨ་མ་རེད། ༧རྒྱལ་བ་རིན་པོ་ཆེ་དང་༧པཎ་ཆེན་རིན་པོ་ཆེ་རྣམ་པ་གཉིས་ཀྱང་དགེ་ལུགས་པ་རེད་ཟེར། ངའི་སེམས་སུ་ང་རང་ཨ་མ་བཞིན་དགེ་ལུགས་པ་ཞིག་ཡིན་ན་ཅི་མ་རུང་བསམ་སོང་། གལ་ཏེ། ང་རང་དགེ་ལུགས་པ་ཞིག་ཡིན་ཚེ་ངས”ཨ་མ། ང་ཚོ་དགེ་ལུགས་པའི་༧རྒྱལ་བ་རིན་པོ་ཆེ་ཚང་དང་ང་ཚོ་དགེ་ལུགས་པའི་༧པཎ་ཆེན་རིན་པོ་ཆེ་ཚང་”ཞེས་ཨ་ཕས་གོ་ས་ནས་ཀི་བཏབ་སྟེ་འབོད་ཆོག་ཨང་བསམ་མྱོང་། དེ་དུས་ང་ལོ་བཅུ་གཅིག་དང་ཕྱེད་ཀ་ཡིན།

ངའི་སློབ་གྲོགས་ལ་ལ་བན་ཁ་ཡིན་ཞིང་ལ་ལ་བོན་ཁ་ཡིན། གང་ལྟར་ང་ཚོ་ཚང་མ་བོད་པ་ཡིན། ང་ཚོ་ཚང་མས་བོད་སྐད་བཤད་དེ་བོད་ཡིག་འདོན་གྱིན་ཡོད། ང་ཚོར་ཆོས་ལུགས་ཀྱི་ཕྱོགས་རིས་འཐེན་འཁྱེར་ཅི་ཡང་མེད། དྲང་མོར་བཤད་ན། ང་ཚོས་ཆོས་ལུགས་ཀྱི་སྐོར་ནས་ཅི་ཡང་མི་ཤེས། བན་གྱིས་དགོན་པར་གཡས་སྐོར་དང་བོན་གྱིས་གཡོན་སྐོར་རྒྱག་པ་དེ་ཙམ་ལས་བན་བོན་གྱི་ཁྱད་པར་ཡང་མི་ཤེས། ཡིན་ཡང་། ང་ཚོས་སུས་བཤད་འདིས་བཤད་མི་ཤེས་པའི་སྐད་ཆ་ཞིག་ཐོས་སོང་། བོན་པོའི་ཡི་གེ་ཞིག་ན། ”པད་འབྱུང་ཤཀ་ཐུབ་བསྣོལ་བའི་གདན་སྟེང་ན།།” ཞེས་བྲིས་ཡོད་པས་བོན་པོ་ནི་ནང་བའི་དགྲ་བོ་རེད་ཟེར། མི་ལ་ལས་བཤད་ན། བོན་པོ་ལ་བོན་དཀར་དང་བོན་ནག་གཉིས་ཡོད་ཅིང་གོང་གི་སྐད་ཆ་དེ་བཤད་མཁན་བོན་ནག་ཚོ་རེད་ཟེར། ཡང་མི་ལ་ལས་སྐད་ཆ་དེ་རྫུན་མ་རེད་ཟེར། གང་ལྟར། ང་རང་སློབ་གྲོགས་བྱམས་མ་མཚོར་ཧ་ཅང་དགའ་ཞིང་། སློབ་གྲོགས་བྱམས་མ་མཚོ་ང་ལ་ཧ་ཅང་དུང་བའི་དབང་གིས་སྐད་ཆ་དེ་ཚོར་ཉན་འདོད་མ་བྱུང་།སློབ་གྲོགས་མགོན་པོ་དང་རྟ་མགྲིན་སོགས་ཀྱིས་ང་ལ་ཁྱོད་ཀྱི་མིང་ལ་སྟག་ལྷ་ཟེར་བ་དེ་བོན་པོ་ཡིན་པས་རེད། ཁྱོད་བོན་པོ་བོན་ནག་རེད། བྱམས་མ་མཚོ་ཁྱོད་ལ་དགའ་དོན་ཡང་དེ་རེད། སྟག་ནག བོན་ནག་ཅེས་ང་ལ་བརྙས་བཅོས་ཡང་ཡང་བྱས།

བྱམས་མ་མཚོས་ནམ་རྒྱུན་མགོ་སྒུར་ནས་དཔེ་ཆ་ཀློག་པ་ལས་ཡར་ལྟ་མར་ལྟ་མང་བོ་མི་བྱེད། གལ་ཏེ། མོས་མགོ་དགྱེ་ཚེ་དང་ཐོག་ངའི་ཕྱོགས་སུ་བལྟས་ཏེ་ཡིད་སེམས་དབང་མེད་དུ་བཀུག་འགྲོ་བའི་འཛུམ་མདངས་དེ་སྟོན་ངེས་ཡིན། ངས་ནམ་རྒྱུན་དཔེ་ཆར་ལྟ་ཁུལ་གྱིས་བྱམས་མ་མཚོའི་ཕྱོགས་སུ་བལྟས་ནས་བསྡད་ཡོད་པས། མོས་ང་ལ་འཛུམ་མདངས་སྟོན་ཐེངས་རེར་ངའི་འཛུམ་མདངས་དང་མོའི་འཛུམ་མདངས་གཉིས་ཕན་ཚུན་གདོང་ཐུག་རྒྱག་ངེས་ཡིན། གལ་ཏེ། མོས་ང་ལ་བལྟ་བའི་སྐབས་སུ་ངས་ཞི་མོ་གཞན་ཞིག་ལ་བལྟས་ཡོད་ཚེ་མོ་ཁོང་ཁྲོ་ལངས་ངེས་ཡིན་ཞིང་། ངས་བལྟས་ནའང་དེ་ནི་གནས་ལུགས་ལྡན་པ་ཞིག་རེད་འདོད། ངའི་ཨ་ཅེ་སློབ་གྲྭར་ང་ལ་བལྟ་རུ་ཡོང་བའི་སྐབས་དེར་ཡང་བྱམས་མ་མཚོ་ཁོང་ཁྲོ་ལངས་ནས་ཉིན་འགར་ང་ལ་ཁ་མ་བསྲེས། ངའི་ཨ་ཅེ་དང་ངེད་གཉིས་ངོ་ཚུགས་ཧ་ཅང་འདྲ་བོ་ཡོད་པས་མི་ཆ་མེད་ཅིག་ཡིན་ཡང་། ” ཨ། ཁྱོད་གཉིས་མིང་སྲིང་ཡིན་ནམ”ཟེར་ངེས་ཡིན། དེ་བས་གལ་ཏེ་བྱམས་མ་མཚོས་གསལ་བོར་བལྟས་ཡོད་ཚེ་མོས་ངའི་ཨ་ཅེ་ཡིན་པ་དེ་མ་ཐག་ཏུ་ཤེས་ཐུབ། ཡིན་ཡང་། ནམ་རྒྱུན་ནས་བྱམས་མ་མཚོས་མི་གཞན་ལ་ཞིབ་ལྟ་མི་བྱེད་པས་གསལ་བོར་མ་མཐོང་ཞིང་ངའི་ཨ་ཅེ་ཡིན་པ་མ་ཤེས་པ་རེད། མོས་སྐེ་གཅུས་ནས་བུད་སོང་། དེ་དུས་ངའི་སེམས་སུ་བྱམས་མ་མཚོ་འདི་ཀློའུ་མོ་ཞིག་རེད་ཨང་བསམ་སོང་། དེ་དུས་ང་ལོ་བཅུ་གཅིག་དང་ཕྱེད་ཀ་ཡིན། བྱམས་མ་མཚོ་དང་ངེད་གཉིས་ཀའི་རྣམ་འགྱུར་དེ་ཨ་ཅེ་ཡིས་མཐོང་བར་དོགས་ནས་ང་ངོ་ཚ་སྟེ་གཡོལ་ཙམ་བྱས་པ་དེས་བྱམས་མ་མཚོར་དོགས་པ་དང་ཕྲག་དོག་བསླངས་པ་འདྲ། མི་ཚང་མས་བཤད་ན། ངའི་ཨ་ཅེ་ནི་མཛེས་མ་ཞིག་རེད་ཟེར། བྱམས་མ་མཚོར་ཕྲག་དོག་དང་ཁོང་ཁྲོ་ལངས་དོན་དེའང་ཡིན་སྲིད། གང་ལྟར། བྱམས་མ་མཚོའང་དེ་དུས་ལོ་བཅུ་གཅིག་དང་ཕྱེད་ཀ་རེད།

ཞོགས་པ་དེར་ང་ཚོས་རང་རང་ས་ན་དཔེ་ཀློག་བྱེད་བཞིན་ཡོད། བྱམས་མ་མཚོས་ངའི་ཕྱོགས་སུ་ཡང་ཡང་ལྟ་གིན་འདུག ལྟ་ཐེངས་རེ་རེར་མོའི་འཛུམ་མདངས་ཀྱི་གཏིང་རིམ་ནས་ག་ལེར་ག་ལེར་འཕག་གིན་པའི་དྲི་བ་ཞིག་ང་དང་བར་ཐག་ཇེ་ཉེ་ཇེ་ཉེ་རེད།

བྱམས་མ་མཚོ་ངའི་ཉེ་སར་བསླེབས་སོང་། འཛུམ་མདངས་དང་བཅས། ཅུང་ཙམ་དོགས་མི་བདེ་བའི་ཚུལ་གྱིས “ ཁ་སང་གི་ཞི་མོ་དེ་ཁྱོད་ཀྱི་ཨ་ཅེ་རེད་ཟེར་ག ཀློའུ་རྒན “ ཟེར།
དེ་ནས་བཟུང་ཡང་བསྐྱར་ངེད་གཉིས་ཕར་དགའ་ཚུར་དགའ་རུ་གྱུར། ངེད་གཉིས་ཀས་ཕན་ཚུན་སེམས་ཀྱིས་འཚོས་ཤིང་མིག་གིས་གསོས། ཞོགས་པ་རེ་རེར་ངས་མ་ཎི་འདོན་སྐབས་བྱམས་མ་མཚོས་ངའི་ཐག་ཉེ་ནས་མ་ཏྲི་འདོན།  ངས་མ་ཎི་འདོན་བཞིན་མོའི་མ་ཏྲི་ལ་ཉན། ང་རང་མོའི་སྐད་ངག་ལའང་དགའ་བའི་དབང་གིས་མ་ཏྲིའི་དབྱངས་རྟ་ནི་མ་ཎིའི་དབྱངས་རྟ་ལས་སྙན་པའི་ཚོར་བ་བྱུང་། དྲང་མོར་བཤད་ན། ངས་མ་ཎིའི་གོ་དོན་ཅི་ཡིན་མི་ཤེས་ལ་བྱམས་མ་མཚོས་ཀྱང་མ་ཏྲིའི་གོ་དོན་མི་ཤེས། ངའི་སེམས་སུ་བྱམས་མ་མཚོ་བོན་དཀར་ཡིན་ནམ་བོན་ནག་ཡིན་ནམ། མོ་བོན་པོ་ཡིན་ཡང་བོན་དཀར་ཞིག་ཡིན་ན་ཅི་མ་རུང་བསམ། ཡིན་ཡང་། ངས་མོ་ལ་ཐད་ཀར་འདྲི་མ་ཕོད། གལ་ཏེ། མོས་ང་བོན་ནག་ཅིག་ཡིན་ལབ་ཚེ་ངས་ཅི་བྱེད། ངས་དེ་ལྟར་བསམ།

ངས་བྱམས་མ་མཚོ་ལ་” ཁྱོད་རང་བན་ཁར་ལོག་འདོད་ཡོད་དམ”ཞེས་དྲིས། མོས། “ང་བན་ཁར་ལོག་གི་མིན། ང་ལ་ཨ་མས་སྡིགས་ནི་རེད། ང་བོན་པོ་ཡིན་ཡང་བོན་ནག་མིན་། ང་བོན་དཀར་ཡིན། ང་བན་ཁར་ལོག་དོན་མེད་ལ་ལོག་འདོད་ཀྱང་མེད” ཟེར། ངས་ཅི་ཡང་མ་བཤད་མོད་ང་རང་སེམས་ནས་ཧ་ཅང་དགའ། ངས་མོ་ལ་ང་རང་བོན་ཁར་ལོག་གི་ཡིན་ཟེར་འདོད་ཀྱང་ངས་དེ་ལྟར་བཤད་མ་ཕོད།  ངའི་སེམས་སུ་ངས་ཕ་མ་གཉིས་ལ་ང་རང་བོན་པོ་བྱེད་ཀི་ཡིན་ཞེས་བཤད་ཚེ་ཕ་མ་གཉིས་ཀས་ང་ལ་སྡིག་གི་རེད་དྲན། བན་བོན་གཉིས་ཀྱི་བར་ལ་གཉེན་སྒྲིག་བྱས་ན་ལྷ་འཁྲུག་འབྱུང་གི་རེད་ཅེས་པའི་གོ་ཐོས་ཤིག་ཡོད་པས་ང་རང་ཅི་བྱ་གཏོད་མེད་དུ་གྱུར། དེ་དུས་ང་རང་ལོ་བཅུ་གཅིག་དང་ཕྱེད་ཀ་ཡིན། ངས་བསམ་བློ་མང་བོ་བཏང་ཡང་ངའི་སེམས་ལ་དོན་དག་མང་བོ་ཞིག་འཁོར་མ་ཐུབ།
   
སློབ་གྲྭ་གུང་གསེང་ཡིན། བྱམས་མ་མཚོ་དང་ངེད་གཉིས་སྡེ་བའི་ཚོགས་འདུ་ལ་ལྟ་རུ་སོང་།  དེ་རིང་བོན་པོའི་དགེ་བཤེས་ཡ་མེད་ཅིག་གོང་རིམ་ནས་ཞ་ཞང་ལ་ཡོང་གིན་ཡོད་པ་རེད་ཟེར། ༼ཞ་ཞང་ནི་རྒྱ་སྐད་ཡིན་ཞིང་བོད་སྐད་དུ་ཕྱོགས་སྐྱོད༽ཟེར།

ལམ་བར་ནས་ངེད་གཉིས་ཀས་ཨ་ལག་བྱས་ནས་སོང་། དེ་ནི་ངས་ཞི་མོ་ཞིག་ལ་ཨ་ལག་བྱས་ནས་སོང་བ་ཐོག་མ་ཡིན་ཞིང་། མོས་ཞི་ལི་ཞིག་ལ་ཨ་ལག་བྱས་པའང་ཐོག་མ་རེད། མོའི་ངོ་མདངས་དམར་པོར་གྱུར། མོས་དམར་མདངས་དང་འཛུམ་མདངས་འདྲེས་མས་ངའི་གདོང་ལ་བལྟས་ཏེ་ཁྱོད་ཀྱི་ལག་པ་ཚ་བོ་ཚ་བོ་རེད། ཧེ་ཧེ་ཟེར། ངས་མོའི་ལག་པའང་ཚ་བོ་ཚ་བོ་ཡིན་པ་ཚོར། ངའི་ཨ་མའི་ལག་པ་དང་ཨ་ཅེའི་ལག་པ་དེ་འདྲ་ཚ་བོ་མིན་པས་ངའི་སེམས་སུ་མོའི་ལག་པ་ཚ་བོ་ཡིན་པ་དེ་མོ་བོན་པོ་ཡིན་པས་ཡིན་ནམ་བསམ། མོའི་ལག་པ་ཧ་ཅང་ཚ་བོ་ཡིན་པས་གཅིག་བྱས་ན་མོ་བོན་ནག་ཟེར་བ་དེ་ཡིན་ནམ་བསམ།  ཚ་བ་དེ་ཙམ་ཆེ་རྒྱུ་མེད་ནའང་ངེད་གཉིས་ཀའི་སྐྲ་འདབས་དང་སྣ་རྩེ་ནས་རྔུལ་ཆུ་བཞུར། གོམ་པ་ཉི་ཤུ་ཙམ་གྱི་ས་ལ་སོང་ཚེ་མོས་ང་ལ་གཅིན་པ་གཏོང་རྒྱུ་འདུག་ཅེས་ཡང་ཡད་བཤད། ང་ལའང་གཅིན་པ་གཏོང་རྒྱུ་ཡོང་བ་ལྟ་བུའི་ཚོར་བ་ཞིག་ཡང་ཡང་བྱུང་། ངའི་སེམས་སུ་དེ་ནི་བོན་པོའི་ཞི་མོ་ཞིག་ལ་ཨ་ལག་བྱས་པས་མིན་ནམ་བསམ། དེ་དུས་ང་ལོ་བཅུ་གཅིག་དང་ཕྱེད་ཀ་རེད། 

སྡེ་བའི་ཚོགས་ཁང་གི་ཉེ་སར་བསླེབས་པ་ན། ངེད་གཉིས་ཀས་ཨ་ལག་ལྷོད་ནས་བར་ཐག་ཅུང་ཙམ་བཞག་སྟེ་རང་རང་ས་ནས་མདུན་དུ་སོང་། ཚོགས་ཁང་གི་ཕུག་ཏུ་ཅོག་ཙེ་ནར་མོ་ཞིག་ཐད་དུ་བཞག་ཅིང་དེའི་སྟེང་དུ་རས་དཀར་བོ་ཞིག་བཏིང་འདུག རྐུབ་སྟེགས་མཐོན་པོ་གཉིས་ཅོག་ཙེ་དེའི་ཁ་སྤྲོད་ཀྱི་རྒྱབ་ལོགས་སུ་བཞག་ཅིང་རྐུབ་སྟེགས་དམའ་མོ་གཉིས་གཡས་གཡོན་དུ་བཞག་འདུག ངས་ཚོགས་ཁང་གི་རྣམ་པར་ཞིབ་ལྟ་བྱས་ཀྱང་བྱམས་མ་མཚོས་ངའི་གདོང་པ་ལ་ལན་རེར་བལྟས་རྗེས་ནམ་རྒྱུན་བཞིན་མགོ་སྒུར་ནས་བསྡད་འདུག ཚོགས་ཐོག་དེར་བྱམས་མ་མཚོའི་ཕ་མ་གཉིས་ཀའང་བསླེབས་འདུག བྱམས་མ་མཚོའི་ཨ་ཕས་བྱམས་མ་མཚོའི་ཨ་མ་ཡེ་ཤེས་མཚོར་བལྟས་ཏེ” འདི་སྟག་ལྷ་རེད། བློ་བཟང་སྒྲོལ་མའི་བུ་གུ་རེད”ཟེར། ཨ་མ་ཡེ་ཤེས་མཚོས་ངའི་གདོང་ལ་བལྟས་ཏེ”སྟག་ལྷ་ལགས། བཀའ་ཤིས་བདེ་ལེགས། འོ་ཙི། དཀོན་མཆོག་ཆོས་སྒྲོན་ལགས་དང་འདྲ་བོ་ཞེ་བོ་འདུག འོ་ཙི་ལ “ཟེར། དཀོན་མཆོག་ཆོས་སྒྲོན་ནི་ངའི་ཨ་ཅེ་རེད།

ཚོགས་འདུའི་མགོ་བརྩམས་པ་ན། སྡེ་དཔོན་ལགས་གཡས་ཕྱོགས་ཀྱི་རྐུབ་སྟེགས་དམའ་མོ་དེ་ནས་ཡར་བཞེངས་ཏེ་གོང་རིམ་ནས་ཞ་ཞང་ལ་ཡོང་བའི་དཔོན་པོ་གཉིས་ངོ་སྤྲོད་མདོར་བསྡུས་རེ་བྱས་སོང་།
ཁོང་བོན་པོའི་སྤྱི་འཐུས་དགེ་བཤེས་སྨོན་ལམ་སྐུ་ངོ་མཐར་ཕྱིན་མཆོག་རེད། ཁོང་་་  ་་་།

ངོ་སྤྲོད་བྱས་ཚར་རྗེས་གོང་རིམ་ནས་བཀའ་སློབ་ལམ་སྟོན་གནངས་ཤིང་འོག་རིམ་ནས་དོགས་འདྲི་ཡང་འདྲི་མང་བོ་བྱས་ཀྱང་ལོ་ཚད་ཀྱི་དབང་གིས་དོན་དག་མང་བོ་ཞིག་ཧ་གོ་མ་ཐུབ། དགེ་བཤེས་ལགས་ཀྱི་གསུང་སྐད་ནི་ར་མ་རེའུར་འགྲོ་བའི་སྐབས་སུ་ར་བོས་རྒྱ་སྐད་བཤད་པ་བཞིན་ལྡ་བེ་ལྡིབ་བེ་ཞིག་རེད། གསལ་བོར་གོ་ཐུབ་པའི་ཚིག་གཅིག་རང་གཅིག་གསུངས་པ་ནི”ཁྱོད་ཚོས་ཁ་མི་སོས་ན་སྡུག་གྱོང་རེད”ཟེར་བ་དེ་རེད། ངའི་སེམས་སུ་ཁོ་ནི་བོན་པོ་བོན་ནག་ཟེར་བ་དེའི་གཅིག་མིན་ནམ་བསམ། ངའི་སེམས་སུ་བྱམས་མ་མཚོ་མ་གཏོགས་བོན་པོ་ཚང་མ་འདི་འདྲ་ཡིན་ནམ་བསམ། ངའི་སེམས་སུ་གལ་ཏེ་བྱམས་མ་མཚོ་བན་ཁར་མ་ལོག་ནའང་ང་རང་བོན་ཁར་ལོག་གི་མིན་བསམ། ངའི་སེམས་ཁམས་ལ་རྨ་བཟོས་པ་དེ་བྱམས་མ་མཚོས་མཐོང་ནས་མོས་ཧང་སངས་བའི་ཉམས་ཀྱིས་ང་ལ་བལྟས་ནས་བསྡད་འདུག མོའི་སེམས་སུ་མོ་རང་བོན་པོ་ཡིན་པ་དེར་འགྱོད་པ་སྐྱེས་ཀྱིན་མེད་དམ་བསམ། དེ་དུས་ང་རང་ལོ་བཅུ་གཅིག་དང་ཕྱེད་ཀ་ཡིན་ལ། བྱམས་མ་མཚོའང་ལོ་བཅུ་གཅིག་དང་ཕྱེད་ཀ་ཡིན།

ཟླ་བ་འགའ་འགོར་རྗེས་གོང་རིམ་གྱི་དཔོན་པོ་ཚང་མ་ཚོགས་འདུར་ཕེབས་སོང་། བྱམས་མ་མཚོ་དང་ངེད་གཉིས་ཀས་བརྙན་འཕྲིན་བརྒྱུད་ནས་གྲོས་ཚོགས་ལ་བལྟས། ངའི་ཨ་ཅེ་དཀོན་མཆོག་ཆོས་སྒྲོན་ཡང་དཔོན་ཚོགས་དེའི་གྲས་སུ་འདུག དགེ་ལུགས་པའི་སྤྱི་འཐུས་དགེ་བཤེས་བློ་བཟང་སྐུ་ངོ་ཕན་བདེ་རེད་ཟེར། ཁོང་གིས་ལག་པ་གནམ་ལ་གཡུག་བཞིན་༧གོང་ས་མཆོག་གི་བཀའ་སློབ་ལམ་སྟོན་ཞིག་ལ” ངོས་ལེན་མེད། ཡིད་ཆེས་མེད། རེ་བ་མེད “ ཅེས་ཚོགས་ཐོག་ན་ས་ལྡིང་གནམ་ལྡིང་བྱེད་བཞིན་འདུག བྱམས་མ་མཚོས་ང་ལ་བལྟས་ཏེ་འཛུམ་ཙམ་དང་དགོད་ཙམ་བྱེད། ང་རང་བྱམས་མ་མཚོར་ངོ་ཚ་ནས་འབར་སོང་། དེ་དུས་ང་ལོ་བཅུ་གཅིག་དང་ཕྱེད་ཀ་ཡིན། ངའི་སེམས་སུ་ང་རང་ནམ་ཡང་དགེ་ལུགས་པ་ཞིག་བྱེད་ཀི་མིན་བསམ་སོང་།

ངའི་ཨ་ཅེ་དཀོན་མཆོག་ཆོས་སྒྲོན་ལགས་ཀྱིས་ཚོགས་ཐོག་ནས་དཔོན་པོའི་ལས་འཆར་ཡོད་ཚད་ལ་དགག་པ་རྒྱག་གི་ཡིན་ཟེར། བྱམས་མ་མཚོས་ངའི་ངོ་ལ་བལྟས་ཏེ་ཧ་ཧ་ཧ་ཞེས་གད་མོ་བགད། ང་རང་ཡང་བསྐྱར་བྱམས་མ་མཚོར་ངོ་ཚ་ནས་འབར་སོང་། ངའི་སེམས་སུ་ངའི་ཨ་ཅེ་འདིའང་ཀློའུ་མོ་ཞིག་རེད་ཨང་བསམ་སོང་། དེ་དུས་ང་ལོ་བཅུ་གཅིག་དང་ཕྱེད་ཀ་ཡིན།

༧གོང་ས་མཆོག་གིས་བོད་མི་དམངས་ལ་དམངས་གཙོ་གསོལ་རས་སུ་བརྩལ་ནས་ལོ་ངོ་བཅུ་གཅིག་དང་ཕྱེད་ཀ་འགོར་བའི་ཉིན་མོ་ཞིག་ལ་ཕ་རེ་སི་ནས་ཤར་མར་བྲིས།

སྣ་ཚོགས།

Post navigation

Previous Post: གུ་རུ་པདྨའི་ལོ་རྒྱུས་རྩོད་སྤོངས་མ།
Next Post: བྱིས་པའི་རྒྱུན་ཤེས་བང་མཛོད་བཀླགས་པའི་འཆར་སྣང་གཉིས་པ།

Comments (3) on “དེ་དུས། དེ་དུས་ང་ལོ་བཅུ་གཅིག་དང་ཕྱེད་ཀ་ཡིན།”

  1. གུ་རུ་བསོད་ནམས། says:
    2022-10-03 at 9:26 pm

    ང་ལ་མཚོན་ན། གསའ་ལེ་རྒྱལ་ཟེར་བ་འདིས་སྒྲུང་ཐུང་དཔེ་མི་སྲིད་པའི་ཡག་པོ་འབྲི་གིན་འདུག ཁོའི་སྒྲུང་འདིའི་ཐུན་མིན་གྱི་ཁྱད་ཆོས་བསྡུས་ཏེ་བརྗོད་ན། ཚིག་ལ་བསམས་ན་བགད་ནས་རྒྱུ་མ་ཉོག་འགྲོ་ལ། དོན་ལ་བསམས་ན་དང་པོ་ཁྲོས། དེ་ནས་ངུ་ཤོར་བ་ཞིག་རེད།

  2. བན་དེ་མཁར། says:
    2022-10-04 at 3:20 am

    སྒྲུང་རྩོམ་འདི་ལ་སྒྱུ་རྩལ་གྱི་རིན་ཐང་གང་ལེགས་འདུག
    ལེའུ་གཉིས་པའི་ནང་ཀ་བྲག་ཚེ་རིང་གིས་བྱམས་མ་མཚོར་འཕྲིན་ཡིག་བསྐུར་ཏེ། སྟག་ནག་དང་བྱམས་མ་མཚོའི་ལྟ་ཚུལ་ལ་འགྱུར་བ་གཏོང་ཐབས་བྱས་པའི་སྐོར་ཞིག་འགོད་ན་་་
    ལེའུ་གསུམ་པའི་ནང་ཨ་རྒྱ་སྡེ་པའི་མཁན་པོ་ཞིག་གིས་སྲས་སྤུལ་ཡིན་ཟེར་བའི་བུ་མོ་ཞིག་གསང་ཡུམ་ལ་བླངས་པའི་སྐོར་་་
    ད་དུང་དེ་དང་དེ་ལ་སོགས་་་

  3. གོང་ཐུབ། says:
    2022-10-17 at 6:43 pm

    བོད་ཡིག་དྲ་ཐོག་ནས་ལོ་བདུན་རིང་ཡིག་མགོ་ནས་ཡིག་མཇུག་བར་བཀླགས་པ་ཐོག་དང་པོ་ཡིན། ཀློའུ་རྒན་འདི་ལ་དགའ་ནི་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme