Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུར་ཐང་གི་སྙན་ངག་དང་དུར་ཐང་།

Posted on 2014-10-152014-10-15 By ཁ་བརྡ་ 3 Comments on དུར་ཐང་གི་སྙན་ངག་དང་དུར་ཐང་།

འོས་སྦྱོར་བ། དཔལ་དོན།

 
unnamedཕྱི་ལོ་ཉིས་སྟོང་དྲུག་བདུན་གང་ཡིན་གསལ་བོ་མ་དྲན་ཡང་། རེབ་གོང་དུ་སྙན་ངག་པ་ཞིག་མི་མང་གིས་སྐོར་བྲོ་འཁྲབ་སར་གཅེར་བུར་བུད་དེ་སྙན་ངག་གྱེར་པའི་གཏམ་རྒྱུད་རླུང་ལྟར་གྲགས། རླུང་སྒྲ་ཤུགས་ཆེ་རུ་ཕྱིན་ཞིང་སྤྱི་ཚོགས་སྟེང་བཤད་སྲོལ་སྣ་མང་སླེབས། ལོ་དེ་ལ་རྒྱ་ནག་ནས་ཀྱང་བུད་མེད་སྙན་ངག་པ་ཅིག་གར་སྟེགས་སྟེང་ནས་གཅེར་བུར་བུད་དེ་སྙན་ངག་གྱེར་འདོན་བྱས་པས་རྩོམ་རིག་གི་ཚོགས་འདུ་ཞིག་གི་སྟེང་བཤད་ཚུལ་སྣ་མང་བྱུང་ཡང་ཤུགས་རྐྱེན་ཆེན་པོ་ཆགས་མེད། ཡིན་ནའང་། བོད་ཀྱི་ན་གཞོན་སྙན་ངག་པ་འདིའི་ཤུགས་རྐྱེན་ནི་ཧ་ཅང་ཆེ་སྟེ། བོད་ཀྱི་རྩོམ་སྟེགས་སུ་ཚ་ཚ་འུར་འུར་བྱུང་བའི་མི་རབས་གསུམ་པའི་ཚོགས་པ་དེའང་གཡས་སྒུལ་གཡོན་སྒུལ་བྱས། གཅེར་བུར་འབུད་མཁན་གྱི་སྙན་ངག་པ་ནི་མི་རབས་གསུམ་པ་ཚོགས་པའི་ཚོགས་མི་ཞིག་མིན་ནའང་། གཏམ་རྒྱུད་དེ་ཁོ་ཚོས་རང་ཉིད་ཀྱི་ཤུགས་རྐྱེན་ལ་ངོས་ལེན་བྱས་པའམ། ཡང་ན་རང་ཉིད་ཀྱིས་སྤྱི་ཚོགས་ལ་འགན་འཁུར་མ་ཐུབ་པར་བསམ་པའི་བློ་དོགས་ཤིག་ཡོད་པ་ཧ་ཅང་བདེན།

ཆེས་ཐོག་མར་མི་རབས་གསུམ་པའི་ཁྲི་སེམས་དཔས་མི་རབས་གསུམ་པ་ལས་དགོངས་པ་ཞུས་ཡོད་པ་དང་། དགོངས་ཞུའི་ཡི་གེའི་ནང་དུ་༼གོ་ཐོས་སུ་ཡར་སྔོན་ཏག་ཏག་ལ་རེབ་གོང་གི་སྙན་ངག་པ་ཆེ་གེ་མོ་ཞིག་མི་མང་ཚོགས་ས་ནས་གཅེར་བུར་བུད་དེ་སྐྱུགས་བྲོ་བའི་བཟོ་ལྟ་སྣ་ཚོགས་བསྟན་པ་རེད་ཟེར། ཁོ་ཚོས”མི་རབས་གསུམ་པ”དེ་སྙན་ངག་གི་སྟེང་ནས་མཚོན་ཐབས་མི་བྱེད་པར་བྱ་སྤྱོད་ཡ་མ་བརླ་མང་པོའི་སྟེང་ནས་མཚོན་དུ་བཅུག་པ་དེ་ནི་དང་ཐོག་ང་ཚོས་་མི་རབས་གསུམ་པ་ཞེས་པའི་ཚོགས་པ་འདི་འཛུགས་པའི་དགོངས་དོན་དང་རིང་ནས་རྒྱབ་འགལ་དུ་གྱུར་འདུག་པ་སོགས་རྐྱེན་དུ་མའི་དབང་གིས། དེ་རིང་ནས་བཟུང་ཁོ་བོ་དངོས་སུ་མི་རབས་གསུམ་པ་ཞེས་པའི་ཚོགས་པ་འདིའི་ཁྲོད་ནས་ཕྱིར་བུད་པ་ཡིན་༽ཞེས་འཁོད་ཡོད།

གཅིག་བྱས་ན་དགོངས་ཞུའི་ཡི་གེ་འདི་འབྲེལ་མེད་དོན་གཞན་ཞིག་རེད། གང་ཡིན་ཟེར་ན་གཅེར་བུར་བུད་དེ་སྙན་ངག་གྱེར་མཁན་ནི་མི་རབས་གསུམ་པའི་ཚོགས་མི་མ་རེད། སྤྱི་ཚོགས་ནང་གི་གྲགས་སྐད་འདི་དང་བསྟུན་ནས་མི་རབས་གསུམ་པ་ཚོགས་པའི་ཆེད་དེབ་དུ་ཁོ་ཚོ་དང་འབྲེལ་བ་མེད་པའི་སྙན་ངག་པ་འདིའི་སྐོར་འཁོད་ཡོད་ཅིང་། དེ་ལས་གཞན་གྱི་ཟ་ཟུར་མང་པོ་ནས་ཀྱང་གནས་ཚུལ་འདིའི་སྐོར་ལ་བལྟ་ཚུལ་འདྲ་མིན་གྱི་རྩོམ་ཡིག་རབ་དང་རབ་རིམ་པ་སླེབས་པ་མ་ཟད། ལོ་ཤས་སྔོན་ནས་གཅེར་བུར་འབུད་ཐུབ་པ་ནི་མིའི་གཤིས་ཀྱི་ཆེས་དྭངས་གཙང་གི་ངོ་བོ་སྟོན་སྟངས་ཤིག་ཡིན་པའི་རྩོམ་ཡིག་རིང་མོ་བྲིས་ཏེ། རིང་ལུགས་སུ་གླེང་མཁན་ཡང་དྲ་ཐོག་ནས་འགའ་རེ་བྱུང་། སྙན་ངག་པ་གྲགས་ཅན་མང་པོས་གྲུབ་པའི་ཚོགས་པ་ཞིག་ལ་གཡོ་འགུལ་བྱིན་པའི་མི་དེ་ནི་ཁྱོད་ཀྱིས་ཐོས་མྱོང་ངམ།

ཁོང་གི་མིང་ལ་དུར་ཐང་ཟེར་ཞིང་། དུར་ཐང་ལགས་སྐབས་དེར་ཉི་ཤུ་ཡས་མས་ཡིན་འདུག དུར་ཐང་ནི་སེམས་ཀྱི་སྟོང་ཁམས་ལ་འཆར་སྣང་གི་ཚོས་གཞི་དཀར་ནག་ཁྲ་གསུམ་འཁྱུག་པའི་སྙན་ངག་པ་ཞིག་ཡིན་ཞིང་། ཕྱི་ལོ་༢༠༠༩ ཟླ་ ༡༢ ཚེས་ ༡༣ ཉིན་ན་གཞོན་གསར་བའི་དྲ་བར་༼དུར་ཐང་གི་སྙན་ངག་ཚན་པ་འགའ་༽ཞེས་པ་བཀོད་པ་ནས་ཁོས་གསར་དུ་བྲིས་པའི་སྙན་ངག་གཅིག་ཀྱང་མཐོང་རྒྱུ་མ་བྱུང་ལ། ཐ་ན་སྙན་ངག་པ་ཁོང་སྤྱི་ཚོགས་ཀྱི་མཐོང་ལམ་ནས་ཡལ་ཏེ་གང་དུ་ཡོད་པའང་མི་ཤེས་པར་གྱུར། གཤམ་དུ་སྙན་ངག་པ་ཁོང་གི་ཡིད་གདུང་དང་། ཚོར་ཤེས་ཟབ་པའི་སྙན་ངག་ཁག་བཅུ་བདུན་དྲ་ཐོག་ནས་བཏུས་ཏེ་ཀློག་མཁན་དག་ལ་འོས་སྦྱོར་བྱས་ཡོད།

 

དུར་ཐང་གི་སྙན་ངག་བཅུ་བདུན།

རྩོམ་པ་པོ། དུར་ཐང་།

༡༽ སྟོན་ཟླ་བརྒྱད་པའི་སེམས་ངལ།

 
ཁུར་མོང་དང་སྟོན་ལོའི་ཤག་སྒྲ་ཚོར་དུས
ངས་ཚོད་ཚོད་ལ་གཏད་སོ་བྲལ་བའི་བྱ་ཁྱུ་དེའི་ལས་དབང་དྲན
སྟོན་ཟླ་བརྒྱད་པ ཁྱོད་འདི་ལྟར་བསིལ་བསིལ་གྱིས་འགྲོ་གྲབས་བྱས་ན
ངའི་མཐོང་ལམ་གྱི་དངོས་པོ་གང་ལ་ཁ་དོག་བྲལ
ཟླ་བརྒྱད་པ
བར་སྣང་ན་གས་པའི་ལོ་མའི་ཆག་རོ་དང་
སྤྲིན་གསེབ་ན་ལུས་པའི་མེ་ཏོག་གི་རྣམ་ཤེས
ཡོད་ཚད་ཁྱོད་ཁོ་ནས་གང་དུ་ཁྲིད

 

༢༽ བུད་མེད་དག་གི་རྐང་བ་ལག་པ།

 
བུད་མེད་དག་གི་རྐང་བ་ལག་པས
ལྕགས་ཀྱི་སྒྲོག་གུ་གཏོར
བུད་མེད་དག་གི་རྐང་བ་ལག་པས
བདག་གི་དམ་ཚིག་བཅག
སུ་ཡི་རྣམ་ཤེས་བཤིག་པའི་མེ་ལོང་ངོས་སུ
བུད་མེད་དག་གི་རྐང་བ་ལག་པ་ལྷོད་པོར་བརྐྱངས་པས
ང་ཡི་ཡིད་སེམས་སྟོང་བའི་འཁོར་བ་འདི་ན
ཤ་ཡི་འཇའ་ཚོན་བཀྲ་ཤིང་ ཆགས་པའི་ཆར་བ་འབབ
ཨེ་མ སུ་ཡི་གཅེར་གཟུགས་ཀྱི་འཁོར་བ་ལགས

 

༣༽ རྩྭ་ཐང་།

སུས་རུས་པ་བརྡར་བའི་མག་མོག་གི་དཔྱངས་ཟམ་ཆེན་མོ
ཉི་ཟླའི་འོག་གི་སྤྲིན་པ་སྨུག་རྒྱུ་གྱོན་ཏེ
ང་རང་ཧ་ཅང་ཐག་རིང་དུ་ཁྲིད
འུར་རྡོས་གཙང་བོ་ཞིག་རྙོག་ཅིང
གཙང་བོ་ལག་མཐིལ་དུ་སྐམ་དུས
ང་ཡི་རྩྭ་ཐང་ནི་སུ་ཡི་ཡིད་དབང་འཕྲོག་བྱེད་ཀྱི་འཕྲོག་བྱེད་ཅིག་ཡིན

 

༤༽ མྱོས་བུམ།

མེ་ལོང་དུ་ཞིབ་ལྟ་བྱས་ཚེ
རྡོ་ལྕགས་ཀྱི་ཆུ་དང་རི་བོ་མཐོང་ཡོང
མཚན་མོ མེ་ཏོག རྨི་ལམ་གྱི་གཡས་གཡོན་མཐོང་ཡོང
དེ་ལྟར་ན
དོ་ནུབ
ངས་རྣམ་དག་གི་ཆོད་སེམས་རྙེད་ཐབས་མི་འདུག

 

༥༽ འོད་ཀྱི་ཆག་རོ།

སུས་ཀྱང་རྙེད་མི་ཐུབ་པ་ནི
རང་གི་ཡིད་སེམས་ནོར་བུ་ཞིག་དང་མཚུངས་ཚུལ་དེ་ཡིན
མཚན་མོ་གང་གི་མཛེས་སྡུག་གི་མཚོན་ཆ་དག་ཡིན
ད་དུང་བུད་མེད་དེའི་གདོང་གི་སྨྲ་བརྗོད་ལས
རང་གི་ཡིད་སེམས་གཙང་བོ་ཞིག་དང་འདྲེས་ཚུལ་དེ་ཡིན
དོ་ནུབ
ངས་མཚན་སྨག་གྱོན་ནས་ཁེར་ངུ་བྱས
ཡིད་གཞུང་ཚེར་མས་གཙེས་པའི་སྐྱོ་མདོག་འདི་ངས་སུ་ལ་སྟོན་མི་འདོད
ང་ནི་ལྕགས་ལས་སྐྱེས་པའི་མེ་ཏོག་ཅིག་ཡིན
འོད་ཀྱི་ཆག་རོ་དེ་ཡིན
སུས་ཀྱང་དབང་དུ་བསྡུ་མི་ཐུབ་པའི་ནོར་བུ་ཚེ་ཟད་དེ་ཡིན

 

༦༽ མི་རེ་རེ།

མི་རེ་རེ་བར་སྣང་གི་འོད་དུ་གྱུར
མི་རེ་རེ་ཆུ་འོག་ཏུ་འཛུལ
མི་རེ་རེས་ང་ལ་སོ་ལྟ་བྱས
མི་རེ་རེ་ཆང་གིས་བཟི
མི་རེ་རེའི་ཕྱི་ནང་གི
མི་རེ་རེའི་སེམས་ནང་གི
མི་རེ་རེ མི་རེ་རེ་རེད

 

༧༽ དེ་རིང་ང་ཡི་མགྲོན་པོ།

སྲོག་གི་རི་རབ་ཞིག་འགུལ་ཤུལ་ན
དེ་རིང་ང་ཡི་མགྲོན་པོ་གཉོམ་ཆུང་ངེ
ཞེན་ཆགས་ཀྱིས་སེམས་རྩ་བཟུང་ཞིང་
རྨི་ལམ་གྱིས་ཡིད་སེམས་གཙེས
ཐག་རིང་གི་འོད་སྣང་དང་རྡོ་བའི་སྨྲ་བརྗོད་ལ་གཤོག་པ་ཐོགས་དུས
ང་ཡི་མགྲོན་པོ ཁྱོད་ཚུར་ལ་ཤོག
ཨ་མའི་སློག་རྙིང་ནང་གི་བྱིས་དུས་ཁྱེར་ལ་ཤོག
ད་དུང་ཕྱི་གཙང་ནང་གཙང་གི་སེམས་པ་དེ་ཡང་ཁྱེར་ལ་ཤོག

 

༨༽ ཧ་ཅང་རྒྱང་རིང་གི་མཛེས་སྡུག

དུས་ཤིག་ལ་ཆུ་ནང་གི་ཟླ་བས་ང་འབོད་ཀྱི་འདུག
ངས་ནི་ལོ་ངོ་བདུན་ལ་རང་གི་སེམས་པར་གཅིལ་བའི་བདེན་པའི་ང་རོ་དྲན
མཐའ་མེད་ཀྱི་ཚོར་བ་ཞིག་ལ་རང་གི་ལང་ཚོ་དྲན
ང་ནི་དེ་རིང་སུ་ཚང་གི་སྒོ་ཁྱི་ཉན་ཡོད
ང་ནི་དེ་རིང་ཆུ་ནང་གི་ཟླ་བ་དེ་ཡིན
ང་ལ་ཚེར་ཕུང་གི་སྙིང་རྩིད་སྐྱེ་སའི་ཕ་ས་བོད་ཡུལ
ང་ལ་མུན་ནག་གི་འདོད་ཁམས་སྩོལ་བའི་གངས་ཀྱི་ལྷ་ཚོགས
ངས་ཉིན་མཚན་དབྱེར་མེད་དུ་འོད་མདོག་གི་སེམས་ཉིད་ཞིག་ལ་
ཁྱོད་རང་བསུས་ཡོད
འོ་དོད་ཀྱི་མཚན་མོར་རྒྱང་རིང་ལ་ངང་སྒུག་བྱས
ཆུ་ནང་དང་རྡོ་འོག་གི་པོ་ཏ་ལ་ཟླ་གཟུགས་ཤིག་ལྟར་འཆར་བར་ངང་སྒུག་བྱས
སེར་བུས་ཁུར་བའི་མེས་པོ་དག་གི་ལོ་རྒྱུས་ལ་ངས་རལ་གྲི་གཡུགས
རྡོ་བའི་མནན་པའི་མི་བུ་དག་གི་བློ་མིག་ལ་ངས་ལྕགས་རི་སྐོར
འདི་ནི་ང་ཁོ་ནའི་འུ་ཐུག་ཐབས་ཟད་ཀྱི་ལོ་ངོ་བདུན་གྱི་དེ་རིང་རེད
རྔུལ་ཆུས་ཞལ་རིས་ཤིག་ལ་དེ་རིང་ངས་ཚངས་དབྱངས་རྒྱ་མཚོ་དྲན་བྱུང་
མུན་པའི་རི་ལུང་འདི་ནས་དེ་རིང་ངས་མཁས་དབང་དགེ་ཆོས་འབོད་འདོད
ཚེར་སྤང་ལྟ་བུའི་ལོ་རྒྱུས་ཀྱི་གླེགས་བམ་བཤིག་ནས
མུན་ནག་ལྟ་བུའི་བློ་གཤིས་ཀྱི་རྨོངས་པ་བསེད་ནས
ངས་ཧ་ཅང་རྒྱང་རིང་གི་མཛེས་སྡུག་ལ་རེ་སྨོན་འཕྱར

2011.7.9.

 

༩༽ རྒྱུ་མ་ཆད་བྱེད་ཀྱི་རྩེ་ཁོག

——ཀུ་རེའི་ཚུལ་དུ་རང་གི་ཕ་ས་རྩེ་ཁོག་ལ།

བྱེའུ་དེ་འཕུར་ཤུགས་ལྡན་པས
ཉིན་དཀར་ནག་གཉིས་ཀར་ཁྱེད་ལ་སུན་སྣང་བཟོ་སྲིད
ཆབ་སྲིད་ཀྱི་ལག་མདུད་ཕོག་པའི་ཁྱེད་ཀྱི་མགོ་ཁྲིད་དག
གཞུང་ལམ་སྐམ་པོའི་སྟེང་གི་རླངས་འཁོར་དག་ལས་ཕྱེར་འབུད་མ་ཐུབ་ཀྱང་
བྱེའུ་དེ ཁྲག་འཐུང་བྱེའུ་དེ
ན་ནིང་གི་ཁྱེད་ཀྱི་དབྱར་ཁ་དེར་མཛེས་སྡུག་གི་བབས་འདུག
དུས་ད་ལྟ་མིག་ཟུང་བཙུམ་ནས་འདང་རྒྱབ་ན
རྒྱུ་མ་གཅོད་བྱེད་ཀྱང་འདི་རེད་ལ
རྒྱུ་མ་ཆད་བྱེད་ཀྱང་དེ་རེད་འདུག རྒྱུ་མ་ཆད་བྱེད 。。。。。。

 

༡༠༽ ཁྱེད་ཀྱི་པང་གི་བུད་མེད་དག

སློབ་ཆེན་པ་ཡིན་ཟེར་ཁུལ་གྱི་སྐྲ་ལོ་མཛེས་པོ་ཅན་དག
ངའི་མིག་མདུན་ནས་ཤོག་བྱ་ཞིག་བཞིན་ཡལ་འགྲོ་དུས
སྙིང་གི་འཕར་ལམ་ནས་འབུས་པའི་སྐད་ཆ་དག་བདག་མེད་དུ་ལུས་འགྲོ
ནམ་མཁའ་ལྟ་བུའི་དཀྱེལ་ཡངས་ཤིག་སེམས་རྣམ་གྱིས་ཕྱེས་རུང་
བདག་གི་བསམ་བཀོད་འདི་ཤིག་དང་སྲོ་མང་གི་ཐར་བས་སྒྲོན་སོང་
སྐབས་འདིར ཁྱེད་ཀྱི་པང་གི་བུད་མེད་དག
ཤོག་བྱ་ཞིག་གི་ཚུལ་དུ་ང་ལ་དགོས་མཁོ་མི་འདུག

 

༡༡༽ དཔོན་གྱི་ལག་མདུད་བཤིག་པ།

དམངས་ཀྱི་དཀར་ལམ་ལག་པས་མདུད་དམ་སེམས་པས་མདུད
གང་ལྟར་མུན་ནག་གི་ལམ་ནས་བསྔོས་པའི་ཁྱེད་ཀྱི་ཡིག་ཆ་ཁྱེར་ཤོག
རྨི་ལམ་མང་པོས་གསོད་གྱིན་པའི་དངུལ་ཁུག་ཁྱེར་ཤོག
ཆབ་སྲིད་ཀྱི་རྐང་ལག་གཉིས་ཀྱིས་ཁྱེད་ལ་བོར་སྟོར་བྱུང་འདུག་ཟེར
ཁྱེད་ལ་ཧམ་པ་ཆེ་གི་ཟེར ངས་ཁྱེད་ལ་ཞིབ་བལྟ་བྱེད་འདོད་ཆེ
ངས་ཁྱེད་སེམས་པ་མདུད་འདོད་ཆེ བདག་གི་དཔོན་ངན་འབྱོར་ལྡན་པ

 

༡༢༽ དམྱལ་ཁམས་ལྟ་བུའི་སྲང་ལམ།

ལྕགས་ཀྱི་འཕྲུལ་ཆས་དང་འབྲོག་གི་འགྲོ་འདུག་གིས
ང་རང་སུན་པོར་བཟོས
བསམ་བློར་བསམ་རྒྱུ་མེད་པའི་སྲང་ལམ་འདིར
ང་ལ་འཇིགས་སྣང་ཆེ ང་ལ་སྡུག་བསྔལ་ལྕི
སྔོན་གྱི་འཕུར་ཤུགས་ལྡན་པའི་བྱེའུའང་ཁྱེད་ཀྱི་སྲང་ལམ་ན་ཤི་འདུག་པས
སྔོན་པོའི་གཞས་པ་ཞིག་གི་རྨིས་པའི་སྲང་ལམ་འདི
ང་ཡི་རྒྱུ་མ་གཅོད་བྱེད་རེད ཁྱེད་ཀྱི་རང་དབང་རྙེད་ས་རེད

 

༡༣༽ སྡོད་གནས་བྲལ་བའི་མི།

ཚེར་མའི་སྤང་ལྗོངས་ནས
རྐང་རྗེན་དུ་ཕར་འགྲོ་ཚུར་འོང་བྱས་རྗེས
ད་ལྟའི་ང་ནི་སྐར་མའི་མཐུ་འོག་ནས་འཛུབ་མོ་
གནམ་ལ་གེར་མཁན་གྱི་བྱིས་པ་དེ་རེད
ལོ་རྒྱུས་བློ་ལ་མི་ཤོང་བས
ངས་ད་དུང་ཚེར་མའི་སྤང་ལྗོངས་རྒྱུད་དགོས
སྤྱོད་གཤིས་ལ་མཛེས་གཡོ་བྲལ་བའི་མི་ཚོས
ངའི་ཁེར་རྐྱང་གི་མཐོང་རྒྱུན་མ་སྒྲིབ
ཡང་བསྐྱར་འཛུབ་མོ་གནམ་ལ་གེར་ནས་སྐར་མ་རྩིས་ན
ད་ནི་སུ་ཡང་བྱིས་པ་ཡིན་དགོས་པའི་ངེས་པ་མེད

 

༡༤༽ མེ་འབར་བྱུང༌།

ང་ནི་ཉལ་ནས་བསྡད་ཡོད
གློ་བུར་དུ་སྒོའི་ཕྱི་རོལ་ནས་མེ་སྒྲ་མཆེད་ཡོང་
ཐོལ་གྱིས་ཡར་ལ་དགྱེ་ནས
ལྷམ་དང་ལྭ་བ་རིམ་བཞིན་གྱོན་རྗེས
མེ་སྒྲ་དེ་ཡུན་གྱིས་ཡུན་གྱིས་འཇིག་སོང་
ཕྱིར་མལ་ཁྲིའི་སྟེང་བསྡད་ནས
ཞིབ་འདང་ཅིག་ཡུན་གྱིས་བརྒྱབ་ན
མེ་སྒྲ་དེ་ཕོ་མོ་གཉིས་ཀྱི་འདོད་སྲེད་དང་
ཆགས་སྤྱོད་ཀྱིས་སྦར་བའི་འདོད་ནད་ཀྱི་མེད་མུག་དེ་རེད
མལ་ཁང་ཆུང་ཆུང་དག་གི་ནང་དུ
མེ་སྒྲ་དེ་ཡང་དང་བསྐྱར་དུ་མཆེད་པས
ང་ལ་ཞེན་ལོག་དང་མི་འདོད་པའི་ཡི་ག་ལྷག་མེད་ཅིག་སྐྱེས་སོང་

 

༡༥༽ གྲིབ་གཟུགས་ལྟར་མངོན་པ་ནི།

རེ་བ་མ་བྱེད
ད་ནས་བཟུང་ཉི་མ་འཆར་རྒྱུ་མ་རེད
ཡིན་ཡང་གྲིབ་གཟུགས་དག་ཡལ་ཐབས་མེད་པ་ནི
མི་ཚོའི་སེམས་རྒྱུན་ལ་འདོད་ཧམ་ཆེ་དྲག་པ་དང་
མི་ཚོའི་རྩ་དོན་དུག་ལོ་བཞིན་ས་ལ་འཐོར་ཡོད་པས་རེད
:འདོད་ཆུང་ཆོག་ཤེས་བྱས་ན:ནམ་ཡང་བདེ་བ་འབྱུང་ཟེར་ན
ཁྱོད་ཀྱི་གཡོ་སེམས་ནམ་ཡང་གྲིབ་གཟུགས་ལྟར་མངོན་ཡོང་ནས་ཅི་བྱེད

 

༡༦༽ ཡ་ང་བའི་མཚན་ཕྱེད།

སྐྱོ་གདུང་གིས་སྙིང་ཤ་གཏིབས་གྱིན་པའི་མཚན་ཕྱེད་ཅིག་ལ
ངས་བདེ་བོའི་གཉིད་དེ་གཏད་ནས་མ་ཁུག
ཨར་ཁང་ཐོག་བརྩེགས་ཤིག་གི་སྒེའུ་ཁུང་ཁར་འགྲེངས་ནས
སྲང་ལམ་ཡོད་དགུ་ལ་རྒྱང་བལྟ་བྱས་ན
གྲོང་ཁྱེར་ནི་དངོས་གནས་དམྱལ་བ་ཆེན་པོ་ཞིག་རེད
ཚེ་སྲོག་ལ་སྦར་བྱ་བྲལ་བའི་མི་མོ་དང་མི་ཕོ་དག་གིས
དངུལ་སྒོར་ཕྲན་ཙམ་རེ་ཕུང་ཤའི་བློ་ཁུག་ཏུ་བཅུག་ནས
སྣ་ཚོགས་དགུ་ཚོགས་ཀྱི་འདོད་སྲེད་ཁང་དག་སྙེག་གིན་འདུག
དེ་དུས་སྒེའུ་ཁུང་གི་ཁར་ཧད་སེམས་ཀྱིས་འགྲེངས་པའི་ངས་ནི
ལྷ་ས་ནི་འདོད་སྲེད་ཀྱི་སྤར་མོ་གནམ་ལ་གེར་ས་ཞིག་རེད་འདོད

 

༡༧༽ གདུང་བས་ངུས་པ།

གཏམ་རྒྱུད་ཀྱི་སེར་ག་སྲུང་བའི་སྤྲང་བོ་ང
དོ་ནུབ་ཐལ་མདོག་གི་མལ་ཁང་ཞིག་ན་ཁེར་རྐྱང་དུ་བསྡད་ཡོད
ཁེར་རྐྱང་དུ་བསྡད་ནས་ཁེར་རྐྱང་དུ་ངུས་ན
གཞོན་ནུ་ཟེར་བ་ནི་ཅི་འདྲའི་རླབས་ཤིག་རེད་འདོད
གདུང་བས་ངུས་པ་ནི་ཐབས་ཟད་ཀྱི་ངང་ཚུལ་ཞིག་ག་ལ་ཡིན
གདུང་བས་ངུས་པ་ནི་ཁྲག་རྗེས་ཤིག་ཕབས་འདོད་ཀྱི་ཕྱིར་དུ་རེད
གདུང་བས་ངུས་པ་ནི་བླ་སྲོག་མཐོང་འདོད་ཀྱི་ཕྱིར་དུ་རེད
གདུང་བས་ངུས་པ་ནི་མི་འདོད་པ་དག་འདོད་འདོད་ཅིག་ཏུ་གཏོང་བསམ་པས་རེད
དེ་བས་གཞོན་ནུ་ང་མལ་ཁང་གི་ནང་དུ་ཁེར་རྐྱང་དུ་བསྡད་ནས
ཁེར་རྐྱང་དུ་གདུང་བས་ངུས

2007。9。11。ཉིན་ལྷ་སའི་རྟགས་ཞབས་མགྲོན་ཁང་དུ།

ངོ་སྤྲོད།

Post navigation

Previous Post: བྲན་གཤིས་ལས་ཐར་བའི་མི་ནི་སྒལ་ཚིགས་ཅན་ནོ།
Next Post: རྒྱ་ཕྱུག་པོ་ཞིག་གི་ལོ་རྒྱུས།

Comments (3) on “དུར་ཐང་གི་སྙན་ངག་དང་དུར་ཐང་།”

  1. དྲན་དཀར་དཔལ་ཡོན་ says:
    2014-10-15 at 11:41 am

    ཁོང་ཆབ་སྲིད་ཀྱི་ཚོར་བ་ཅན་ཞིག་ཡིན་པའི་ཚོར་སྣང་བྱུང་ལ། གྲྭ་ལོག་ཆོས་མེད་ཅིག་ཡིན་པའི་ཚོད་དཔོག་ཡང་བྱ་དགོས་བྱུང་།
    འོས་སྦྱོར་བ་རང་ཉིད་གཅེར་བུར་འབུད་མཁན་གྱི་དུར་ཐང་ཟེར་བ་འདི་པ་མིན་པ་འམ་འདིའི་ཉེ་དུ་ཡང་མིན་པ་ཡིན་ན། སྤྱི་ཚོགས་ཀྱི་ས་ཟུར་ལ་དོ་སྣང་གིས་འོས་སྦྱོར་གནང་བར་ང་སྒེར་གྱི་ངོས་ནས་བཀའ་དྲིན་ཆེ་ཞུ། བདག་གི་དུར་ཐང་ཞེས་པའི་མིང་ཚིག་ཐང་མ་དང་བོར་མཐོང་བ་ཡིན།

  2. སྲས says:
    2014-10-15 at 11:45 am

    འོས་སྦྱོར་མཁན་དཔལ་དོན་ལ་ཐུགས་རྗེ་ཆེ་ཞུ། དུར་ཐང་གི་སྤྱོད་གཤིས་བཟང་ངན་གང་ལྟར་ཡང་སྙན་ངག་ནི་ཚོར་བ་རལ་བའི་སྙན་ངག་རང་རེད། ཐེངས་འགར་བཀླགས་དགོས་བྱུང་སོང་།

  3. དཔལ་དོན། says:
    2014-10-15 at 11:54 pm

    དྲན་དཀར་དཔལ་ཡོན་ལགས་སྐུ་ཉིད་ནས་དུར་ཐང་ཞེས་པའི་མིང་ཐང་མ་དང་བོར་མཐོང་བ་ཡིན་ན་དུར་ཐང་གྲྭ་ལོག་ཅིག་ཡིན་པ་དང་དེའི་ནང་ནས་གྲྭ་ལོག་ཆོས་མེད་ཅིག་ཡིན་པ་ཅི་ལྟར་ཤེས་པ་ཡིན། ཧེ་ཧེ་ཧེ་་སྐུ་རྩེད་ཞུས་པ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme