Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུད་སོལ་ལྷ་མོའི་མཆེད་ཁུངས།

Posted on 2020-07-20 By ཁ་བརྡ 4 Comments on དུད་སོལ་ལྷ་མོའི་མཆེད་ཁུངས།

སྐྱོ་བྲག་དགའ་དབང་།
 
སྒྲུབ་བརྒྱུད་བསྟན་པའི་སྲུང་མ་དུད་སོལ་ལྷ་མོ་ནི། གངས་རིའི་ཁྲོད་ཀྱི་གྲུབ་པའི་སྤྱི་མེས་སྒྲ་སྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱས་པཎ་ཆེན་ནཱ་རོ་པ་ལ་བྱང་པུཥྤ་ཧ་རིར་ཞུས་པ་ཡིན་ཏེ། གནས་ངོ་མཚར་མཁའ་འགྲོས་ལུང་བསྟན་པ། །ས་བྱང་ཕྱོགས་ཁ་ཆེའི་ཡུལ་དུ་ཕྱིན།།དཔལ་པུཥྤ་ཧ་རིའི་དགོན་པ་དེར། །སྒོ་སྲུང་གི་ནཱ་རོ་པཎ་ཆེན་ལ། །རྒྱུད་ཟབ་མོ་དགྱེས་པའི་རྡོ་རྗེ་ཞུས། །བསྲེ་འཕོ་གནད་ཀྱི་མཚམས་སྦྱོར་ཐོབ། །ཁྱད་པར་གཏུམ་མོ་ལས་རྒྱ་ཞུས། །ཆོས་སྐྱོང་དུད་སོལ་ལྷ་མོ་ཐོབ། །ཅེས་གསུངས་སོ། །

དུད་སོལ་མའི་སྐུ་མདོག་དང་རྒྱན་ཆ་ལུགས་ཇི་ལྟར་ཡོད་པའི་ཚུལ་ལ། མཁས་པ་ཆེན་པོ་ནཱ་རོ་པས་མཛད་ཅིང་ལོ་ཀ་ཤྲཱིས་བསྒྱུར་བ་རྗེ་མར་པ་ལོ་ཙཱའི་ཕྱག་དཔེ་ལས་ཞུས་པ། མཁའ་འགྲོ་མ་དུད་སོལ་གྱི་སྒྲུབ་ཐབས། ཞེས་པ་ལས། སྐུ་མདོག་ནག་མོ་ནག་པོ་སྤྲིན་དང་བུང་བ་ལྟ་བུར་གནག་པ། ཤིན་ཏུ་སྦེག་པ།ཀེང་རུས་ཀྱི་ལུས་ཅན། ཞལ་གཅིག་ཕྱག་བཞི།ཞབས་གཉིས་པ། གཡས་ཀྱི་དང་པོ་ན་རལ་གྲི། འོག་མ་ན་བྷནྡྷ་དམར་གྱིས་བསྐྱིལ་བ། ཁ་ཊྭཱཾ་ག་འཁྲོལ་བ།གཡོན་གྱི་དང་པོའི་ཕྱག་ན་ཤཀྟི། འོག་མ་ན་ཏྲི་ཤཱུ་ལའི་མགུལ་དུ་དར་དཔྱངས་ཕྱར་བ་ཐོགས་པ། མི་རོ་རེངས་པ་ཁར་བཅུག་ནས་མཆེ་བ་བཞི་གཙིགས་པ།སྤྱན་གསུམ་དམར་པོ་བཟློག་ནས་བལྟ་བ། དབུ་སྐྲ་རལ་པ་གྱེན་དུ་བརྫེས་ཤིང་ལན་བུ་གཡོན་དུ་འཁྱིལ་བ། དབུ་སྐྲ་ལ་སྦྲུལ་དང་ཐོད་ཕྲེང་གིས་བརྒྱན་པ།སྙན་ཆ་གཡས་ན་སྦྲུལ་གྱི་མགུལ་ན་དྲིལ་བུ་གསིལ་བ། སྙན་ཆ་གཡོན་པ་ན་སེང་གེའི་རལ་པ་དམར་བ།རྣ་ལྟག་གཉིས་ན་མེ་ཏོག་དང་དར་དམར་པོའི་ཅོད་པན་འཕུར་པ། ལྷ་མ་ཡིན་ལ་སོགས་པའི་ཐོད་པས་དོ་ཤལ་དུ་བྱས་པ། གླང་པོ་ཆེའི་ཀོ་རློན་གྱིས་སྟོད་གཡོགས་བྱས་པ། བ་ལང་གི་ཀོ་རློན་ཆན་པས་དྲས་པ་ལ། རེ་ལྡེ་སེར་པོས་ཤམ་བུར་བཏགས་པས་སྐུ་སྨད་དཀྲིས་པ། ཁྲག་དང་ཞག་གི་ཐིག་ལེས་བྲིས་པ།ཀླུའི་རྒྱལ་པོ་གཤིབས་པས་སྐ་རགས་བྱས་པ།ཞབས་གཉིས་ལྕགས་སྒྲོག་གིས་བརྒྱན་པ། བོང་བུ་གྭ་པའི་སྟེང་ན་བཙན་སྐྱིལ་དུ་བཞུགས་པ། དུར་ཁྲོད་བརྒྱད་ཀྱི་དབུས་ན་སྐད་དུང་དང་འབྲུག་གི་སྒྲ་ལྟ་བུ་སྒྲོགས་ཤིང༌། མ་མོ་དང་མཁའ་འགྲོ་དང༌། ཤ་ཟ་ཐམས་ཅད་དབང་དུ་སྡུད་པ་ཅིག་ཏུ་བསྒོམ་མོ། །ཞེས་གསལ་ཡོད།

མདོག་དང་རྒྱན་ཆ་ལུགས་འདི་དང་གཅིག་མཚུངས་ཅན་ད་ལྟར་མཐོང་དུ་ཡོད་པ་ནི། ང་ཚོ་འཚོ་གནས་བྱ་སའི་འཁོར་སྐར་འཛམ་བུ་གླིང་འདིའི་སྐམ་ས་ལ་གླིང་ཆེན་ལྔར་ཕྱེས་པའི་ཡ་གྱལ་ཨ་ཧྥི་རི་ཀའི་གླིང་གི་ལྷོ་ནུབ་མཚམས་ཀྱི་རྒྱལ་ཁབ་ན་མི་བྷི་ཡ་ (Namibia) ཡི་བྱང་གི་ཆ་ཀུན་ནེ་(Kunene) ཞེས་པའི་ཡུལ་དུ་གནས་འཆའ་བ་ཧིམ་བྷ་ (Himba) ཞེས་པའི་མི་རིགས་གདོད་མའི་ཆ་ལུགས་དང་གོམས་གཤིས་མ་འགྱུར་བ་མི་གྲངས་ཉུང་ངུ་ཞིག་ཡོད་པ་དེའི་བུད་མེད་ཚོ་རེད། ཁོ་ཚོའི་རྒྱུད་པ་མི་རིགས་ནག་པོ་ཡིན་ཕྱིར། བསྟོད་པ་ཏིལ་མར་མ་ལས། རྐུབ་ཚོས་ཆེ་ལ། ཞེས་པའང་ཡོད་ཅིང་། ཁོ་ཚོའི་སྤྱི་བོར་སྐྲ་ཚོམ་ལྟ་བུ་གྱེན་དུ་བསླངས་ཤིང་། སྐྲ་རྣམས་ལན་བུར་སླས་ཏེ་མར་འཕྱང་བ་ནི།རལ་པ་གྱེན་འགྲེང་ལན་བུ་གཡོན་དུ་འཁྱིལ། །ཞེས་པ་དང་། སྐེ་དང་ལག་པ་ལ་གདུབ་བུ་མང་པོ་དང་།སེ་རལ་ཁ་རྒྱ་གྲམ་དུ་ཐོགས་པ་ནི། རིན་ཆེན་རུས་རྒྱན་སྦྲུལ་གྱིས་སྤྲས། །མཆེ་བ་ཟུར་གསུམ་ཅུང་ཟད་གཙིགས། །ཁྲོ་གཉེར་ཐོད་ཕྲེང་སེ་རལ་འཆང་། །ཞེས་པ་དང་། ཀོ་བའི་སྨད་དཀྲིས་རིང་ཐུང་ཅན་ལ་སྐ་རགས་ལེབ་མོ་བཅིངས་པ་ནི། སྨད་ནི་བ་ལང་ཀོ་རློན་དྲས་པ་ལ། །ཕྱེད་ནི་རེ་ལྡེ་སེར་པོ་ཤམ་བུར་དཀྲིས། །ཀླུ་ཡི་དབང་པོ་གཤིབས་པའི་སྐེད་བཅིངས་ཅན། །ཞེས་པ་དང་། ཐལ་བ་དམར་པོ་སྣུམ་ཅན་ལུས་ལ་བྱུགས་པ་ནི། ལུས་ནི་སྣུམ་གྱིས་གསར་དུ་བྱུགས་ཤིང་ཁྲག་དང་ཞག་མང་འཛག་པའི་ཐིག་ལེས་ཚོམ་བུར་བྲིས། །ཞེས་པ་དང་། རྐང་གདུབ་ལྕགས་ཕྲེང་ཀོ་བའི་ངོས་སུ་རྒྱུས་ནས་གྱོན་པ་ནི། ཞབས་གཉིས་ལྕགས་སྒྲོག་དག་གིས་མཛེས་པར་བརྒྱན། །ཞེས་པ་དང་། བོང་བུ་ཞོན་ནས་འགྲོ་བ་ནི།བོང་བུ་གྭ་ཞོན་མཚན་མོ་དུར་ཁྲོད་རྒྱུ། །ཞེས་པ་དང་།མཚམས་རེ་ཁོ་ཚོ་དགའ་བ་རྒྱས་པ་ན་མཉམ་དུ་ཨུག་ཨུག་ཅེས་པའི་སྒྲ་དུང་སྐད་དང་འདྲ་སེ་བ་ཡང་སྒྲོག་གིན་གདའ་བ་ནི། སྐད་ནི་དུང་དང་འབྲུག་གི་སྒྲ་ལྟ་བུས། །མ་མོ་མཁའ་འགྲོ་ཤ་ཟ་དབང་དུ་སྡུད། །ཅེས་པ་དག་ཡིན་པ་འདྲའོ། །

དུད་སོལ་མའི་མཆེད་ཁུངས་ནི། ཨ་ཧྥི་རི་ཀའི་གླིང་ནས་ཡིན་དགོས་པ་ཡང་ཡོད་དེ། འཇམ་མགོན་ཀོང་སྤྲུལ་གྱིས། གསང་བ་རྡོ་རྗེ་བཙུན་མོའི་འཕྲུལ། །ཁྲག་འཐུང་དབང་མོ་དུད་སོལ་མ། །འདོད་ཁམས་བདག་མོ་རང་བྱུང་རྒྱལ། །ཞི་མཛད་དཀར་མོ་དུང་སྐྱོང་མ། །རབ་ཏུ་ཁྲོས་པ་དམག་ཟོར་རྒྱལ། །སྐུ་གཅིག་སྤྲུལ་པ་བྱེ་བ་འབུམ། །མིང་བརྒྱ་མཚན་སྟོང་ཆོ་འཕྲུལ་ཅན། །ཞེས་གསུངས་པ་ལྟར། རྗེ་མོ་རང་བྱུང་མའི་ཚུལ་སྟོན་པ་ན། སྲིན་པོ་ནག་པོའི་ཆུང་མ་རལ་པ་ཅན། །ཞེས་སྲིན་པོའི་ཆུང་མ་བྱས་པར་བཤད་ལ། སྲིན་པོ་ནི། སྡོམ་པའི་རྒྱུད་དུར་ཁྲོད་རྨད་བྱུང་ལས། ལྷོ་ནུབ་སྲིན་པོ་སྨུག་ནག་ལ། །རལ་གྲི་ཐོགས་ནས་མི་ལ་ཞོན། །ཞེས་པ་བཞིན། རྒྱ་གར་རྡོ་རྗེ་གདན་དབུས་སུ་བྱས་ནས་གཞལ་བའི་ལྷོ་ནུབ་ཏུ་ཡོད་དགོས་ཤིང་། དགོས་པ་ལྟར་ཡོད་པ་ནི་ཨ་ཧྥི་རི་ཀའི་གླིང་ཁོ་ན་རེད།

དུད་སོལ་མའི་ཆེ་བ། བསྐལ་པ་མེ་ལྟར་འབར་བའི་ཀློང་དཀྱིལ་ན། །རླུང་ནག་འཚུབ་ཆེན་རབ་ཏུ་འཁྱིལ་བའི་དབུས། །འཕྲུལ་གྱི་གཞལ་ཡས་ཐོད་པའི་སྐུ་མཁར་ན། །འདོད་ཁམས་དབང་ཕྱུག་ལྷ་མོ་དུད་སོལ་མ། །ཞེས་པའི་རླུང་ནག་འཚུབ་མ་དགུ་ཀློང་འཁྱིལ་བ་ངོ་མ་ནི་ཨ་ཧྥི་རི་ཀའི་སྟོན་དཔྱིད་ན་ཡོད་ཅིང་། ཐོད་པའི་སྐུ་མཁར་ཡང་དབྱིབས་ཀྱི་ཁྱད་པར་ཏེ། ཧིམ་བྷའི་མི་རིགས་ཀྱི་ཁང་པ་རྣམས་མི་ཐོད་ཁ་སྦུབ་པ་ལྟ་བུའི་དབྱིབས་ཅན་དུ་ཡོད་ལ། བྲོ་གར་ཞིག་གི་སྐབས་སུ་ཧིམ་བྷའི་བུད་མེད་རྣམས་བང་བསྒྲིགས་ནས་སྒུར་སྒུར་གྱིས་འགྲོ་བ་ནི། དམར་ནག་རྩང་ཕུར་སྲིན་མོ་འགྲོས་སུ་བཙུགས། །ཞེས་པ་མངོན་སུམ་དུ་ཡོད་དོ། །

དུད་སོལ་མའི་མཆེད་ཁུངས་ཨ་ཧྥི་རི་ཀའི་གླིང་ནས་ཡིན་ན། སྲིད་པའི་རྒྱལ་མོ་སྲིད་པ་གསུམ་ཀྱི་བདག །ཅེས་པའང་གྲུབ་པ་སྟེ། འཕེལ་འགྱུར་སྨྲ་བའི་ཚན་རིག་པ་དག་གིས། ཨ་ཧྥི་རི་ཀའི་གླིང་ནི་མི་རིགས་ཐོག་མའི་མཆེད་ཁུངས་ཡིན་པར་འདོད་པ་ལྟར་ན། སྲིད་པ་ཡ་ཐོག་གི་རྒྱལ་མོའམ་གཙོ་མོ་ནུས་པ་ཅན་ཞིག་ཡིན་པར་གོ་ནུས་ལ། ས་གཤིས་རིག་པ་བ་དག་གིས། རྒྱ་གར་གྱི་ས་གཞི་སོག་ཁའི་དབྱིབས་སུ་ཡོད་པ་འདི། ཨ་ཧྥི་རི་ཀའི་གླིང་ནས་ཆད་དེ། ཨེ་ཤ་ཡའི་གླིང་ལ་གདོང་ཐུག་བརྒྱབས་པས། ཧི་མ་ལ་ཡའི་རི་རྒྱུད་འདི་ཡར་ལངས་ཤིང་། བོད་ཡུལ་གྱི་ས་ཆ་སྒང་གཤོང་གཉེར་མའི་རྣམ་པ་ཅན་དུ་གྱུར་པར་བཤད་པ་ལྟར་ན། རྒྱ་གར་གྱི་གདོད་མའི་མི་རིགས་ཚོས་གཙུག་ཏུ་བཀུར་བའི་ལྷ་མོ་ཡིན་པའང་གོ་བར་ནུས་སོ། །

དེ་ལྟར་ན་དུད་སོལ་ལྷ་མོ་ནི་ཆེས་གདོད་མའི་དུས་ནས་ཨ་ཧྥི་རི་ཀའི་གླིང་ན་གནས་ཤིང་། ལྷ་དང་མི་གཉིས་སྤྱོད་པ་གཅིག །ཅེས་པའི་དཔེ་ལྟར། ཆ་ལུགས་མི་རིགས་ནག་པོའི་བུ་མོའི་ཆས་སུ་ཡོད་པ།ཕྱིས་རྒྱ་གར་བ་དག་གིས་མཆོད་ལྷར་བཀུར་བ་ཞིག་གིས། བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པ་རྒྱ་གར་རྡོ་རྗེ་གདན་བྱང་ཆུབ་ཤིང་གི་དྲུང་ན་མངོན་པར་རྫོགས་པར་སངས་རྒྱས་པའི་ག་ལ་བ་དེར་བཅར་ནས།སྔོན་ཚེ་དཔག་བསམ་བྱང་ཆུབ་ཤིང་གི་དྲུང་། །རྒྱལ་བ་ཐུབ་པ་ཆེན་པོའི་སྤྱན་སྔ་རུ། །བསྟན་པ་གཉན་པོ་བསྲུང་བར་དམ་བཅས་པ། །ཁྲག་འཐུང་དུད་སོལ་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་བསྟན་པ་བསྲུང་བར་ཁས་བླངས་དམ་བཅས་ཏེ། བདག་གིས་འདི་ནས་འཁོར་བ་ཇི་སྲིད་བར། །དཀར་པོའི་ཕྱོགས་ཀྱི་ནད་དང་སྡུག་བསྔལ་སོགས། །ཞི་བར་བྱ་ཕྱིར་ཚེ་དང་ལོངས་སྤྱོད་སྤེལ། །ནག་པོའི་ཕྱོགས་ནི་དགུག་ཅིང་དབང་དུ་བསྡུ། །སྨྱོ་འབོག་གསད་ལ་སོགས་པའི་ལས་འདི་དག །བསྟན་པ་བསྲུང་ཕྱིར་ལས་འདི་གྲུབ་པར་བགྱི། །ཞེས་ཞི་རྒྱས་དབང་དྲག་གི་ལས་རྣམས་སྒྲུབ་པར་བྱེད་པའི་ལྷ་མོ་ནུས་མཐུ་ཕུལ་དུ་ཕྱིན་པ་ཅན་ཞིག་ཡིན་པ་ཤེས་པར་བྱའོ། །

ལོ་རྒྱུས།

Post navigation

Previous Post: དྭ་ཕྲུག་གཉིས་ཀྱི་སྐྱོ་གདུང་།
Next Post: ཆོས་ལུགས་ཀྱི་མཚམས་ལས་འདས་པའི་འཇིག་རྟེན་སྤྱི་སྨན་གྱི་བཟང་སྤྱོད་བཀླགས་པའི་བརྗེད་བྱང་། ( 1 )

Comments (4) on “དུད་སོལ་ལྷ་མོའི་མཆེད་ཁུངས།”

  1. འབྲོང་གི་བུ་བརྒྱུང། says:
    2020-07-20 at 1:40 pm

    བོད་བརྒྱུད་ནང་བསྟན་གྱི་སྲུང་མ་དེ་ཚོ་ངོ་མ་ཅི་ཡིན་ཤེས་ས་མ་རེད།

  2. བྱང་ཆུབ་ལོ་མ། says:
    2020-07-20 at 4:24 pm

    ངོ་སྤྲོད་འདི་སྙན་མོ་བྲིས་གདའ། བཀའ་དྲིན་ཆེ།

  3. བན་དེ་བ་ཉི་མ། says:
    2020-07-21 at 8:28 am

    སྲིད་པ་རྒྱལ་མོ་ཞེས་པ་ནི་བོན་པོའི་སྲུང་མའི་གཙོ་མོ་ཞིག་ཡིན་པར་གོ།

  4. ཀརྡོ་རབ་འབྱམས་པ་ says:
    2020-07-30 at 9:31 am

    སྔོན་ཚེ་ལངྐའི་སྒོ་སྲུང་ཡིན་པ་ཞིག དེང་སང་ར་གྲེང་སྲུང་མ་ཡིན་པ་ཞིག་ཀྱང་ང་ཚོའི་འཕྲིན་བཅོལ་ནང་ལ་ཡོད་ཡོད་རེད་འདུག་པ་ཞིག་ཀྱང་དྲན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (60)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme