Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དུག་འཐུང་མཁན།

Posted on 2010-12-182010-12-18 By ཡེ་ཤེས་ 11 Comments on དུག་འཐུང་མཁན།

ཀླུ་སྨྱོན།
poisen

དྲག་ཆར་དང་རླུང་འཚུབ་འཇགས་མ་ཐག

མི་ཚང་མ་སྨྱོས་པ་ལྟར་ཁྲོམ་སྲང་དུ་བརྒྱུགས་ཏེ་རང་རང་ས་ནས་ཅི་ཞིག་བཙོང་མགོ་བརྩམས་བྱུང་།

ཡིན་ན་ཡང་།

ངས་ཁུག་ཀྱོག་ཅིག་ནས་ལྐོག་ལྟ་བྱེད་བཞིན་བསྡད་པ་ཡིན།

མི་རེ་རེའི་སྙིང་ཀའི་ཐད་དེར་ཨུ་ཁུང་རེ་རེ་ཡོད་ཅིང་།

དེའི་ནང་དུ་མར་མེ་ཆུང་ཆུང་རེ་འབར་བཞིན་འདུག

མར་མེ་རེ་རེའི་གཡོ་སྟངས་དང་འབར་སྟངས་མི་མཚུངས་ལ།

མར་མེ་རེ་རེའི་ཆེ་ཆུང་ཡང་མི་འདྲ་བ་དེ་ལས་ལྟད་མོ་ཆེ་བ་ཞིག་མི་འདུག

ཡིན་ན་ཡང་།

ང་རང་སྟེས་དབང་གིས་དུག་བཙོང་མཁན་ཞིག་ལ་འཕྲད་བྱུང་།

མི་དེའི་གདོང་རིས་ནི་ངོ་མ་འཇིགས་སྐྲག་སྐྱེ་དགོས་པ་ཞིག་འདུག་ཅིང་།

ལུས་པོ་ལས་དྲི་ངན་སྣས་མི་བཟོད་པ་ཞིག་བར་མེད་དུ་འཐུལ་བཞིན་འདུག

མི་དེས་ང་ཁུག་ཀྱོག་ནས་ཀྱང་ཁུག་ཀྱོག་ཅིག་ཏུ་ཁྲིད་སོང་།

གད་སྙིགས་དང་གཤང་ལྕིས་གང་བའི་རྩིགས་ཟུར་ཞིག་ཏུ།

མི་དེའི་སྡོད་ཁང་སྐྱུག་བྲོ་བོ་ཞིག་ཡོད་ཅིང་།

སྡོད་ཁང་དེའི་ནང་དུ་མཛེས་མ་གཅེར་བུའི་སྣང་བརྙན་དཔར་བའི་དུས་དེབ་རྙིང་ཧྲུལ་འགའ་དང་།

གློག་བརྙན་འཁྲབ་མཁན་དག་གི་སྐྱོན་མཚང་སྔོགས་བཤམས་ཀྱི་ཚགས་ཤོག་འགའ་ལས་ཅི་ཡང་མི་འདུག

མི་དེའི་གདོང་མདོག་སྔར་ལས་ཀྱང་འཇིགས་ཤིང་སྐྱི་གཡའ་བར་གྱུར་ཅིང་།

མཐའ་མཇུག་ཁོས་ཉལ་ཁྲིའི་འོག་ནས་ཤེལ་དམ་ཞིག་བཏོན་བྱུང་།

གློག་འོད་མི་གསལ་བས་ངས་ཤེལ་དམ་དེའི་ཁ་དོག་ངོ་མ་དེ་ཅི་ཡིན་མ་ཤེས་ཀྱང་།

ཁོས་བརྗོད་པ་ལྟར་ན་དེའི་ནང་དུ་འཐུང་མ་ཐག་ཏུ་ཤི་འགྲོ་བའི་དུག་ཁུ་འདང་ངེས་ཤིག་ཡོད་ཟེར།

ཁོས་ཟུར་སྣོན་གྱི་ཚུལ་དུ་དུག་ཁུ་འདི་བསྙལ་ནས་དུས་རབས་གསུམ་འགོར་ཡོད་ལ།

དུས་རབས་འདི་དག་གི་རིང་ལ་དུག་ཁུ་འདིར་རླབས་ཆེ་བའི་སྐྱེ་བོ་དག་གིས་བྱིན་རླབས་བསྩལ་ཡོད་ཟེར།

དུག་ཁུ་འདི་དང་མཉམ་དུ་ཁོས་ད་དུང་དུག་ཁུའི་ནུས་པ་ཇི་ལྟར་ཐོན་ཚུལ་གྱི་ཤོག་ལྷེ་ཞིག་ཀྱང་རིན་མེད་དུ་སྤྲད་བྱུང་།

ང་གང་མྱུར་གཏན་ནས་མཐོང་ན་མི་འདོད་པའི་མི་དེ་དང་ཁ་བྲལ་ཏེ་སྲང་ལམ་དུ་ལོག་ཅིང་།

གྲང་རླུང་བར་མེད་ལྡང་ཞིང་ཁ་བས་གང་སར་གཡོགས་པའི་སྲང་ལམ་དུ།

ངས་དུག་ཁུ་འདི་འཐུང་ན་ལེགས་སམ་མ་འཐུང་ན་ལེགས་ཞེས་བསམ་བློ་གཏོང་བཞིན་པའི་སྐབས་དེར།

གློ་བུར་དུ་ངའི་ཁུག་མའི་ནང་གི་ཁ་པར་དེས་འདར་སིག་ཅིག་བརྒྱབ་སོང་།

ངས་མྱུར་དུ་ཁ་པར་གྱི་སྒོ་ཕྱེས་པ་ན།

འཆི་ལ་ཁད་ཀྱི་ནད་པ་ཉམ་ཐག་ཅིག་གི་སྐད་གདངས་ལས་མེད་པ་ཞིག་གིས་འདི་སྐད་དུ།

“དུག་དེ་འཐུངས་ཤིག མྱུར་དུ་འཐུངས་ཤིག ལྷག་མ་མེད་པར་འཐུངས་ཤིག”

ཁ་པར་གྱི་སྒོ་གཏན་མ་ཐག

ངའི་མགོ་ནང་ཧྲིལ་བོར་མུན་པ་འཐིབས་སོང་།

མུན་པ་དེའི་ཀློང་དུ་ངས་ཤེལ་དམ་སྟོང་པ་ཞིག་རང་གི་རྐང་པ་གཉིས་ཀྱི་མདུན་དེར་ལྷུང་ནས་ཆག་ཧྲུལ་དུ་སོང་བ་མཐོང་ཞིང་།

དེའི་ཤེལ་ཆག་རེ་རེ་ནི་སྐར་མདའ་བཞིན་མཐའ་ཡས་པའི་སྟོང་པའི་ཁམས་ཤིག་ཏུ་འོད་འཚེར་རེར་འཕུར་བཞིན་འདུག

མཐའ་མཇུག

ངས་དུག་དེ་མ་འཐུངས་ན་ཇི་འདྲས་ལེགས་ཨང་ཞེས་བསམ་གཞིག་ཅིག་བྱེད་དུས།

ངའི་གློ་སྙིང་མཆིན་གསུམ་ལ་ན་ཟུག་ཅིག་བརྒྱབ་ཅིང་།

ན་སྟངས་དེས་ང་རང་ངོ་མ་ཧང་སངས་པར་བྱས་པ་སྟེ།

དེ་ནི་རྗེ་མི་ལས་ཞོ་དུག་དེ་ཁང་པའི་སྒོ་རྙིང་དེའི་སྟེང་དུ་སྤོས་པ་ཇི་བཞིན།

ངའི་དོན་ལྔ་སྣོད་དྲུག་ལ་མེ་ལྕེ་འབར་བ་ལྟར་དུ་གྱུར་སོང་།

སྐད་ཅིག་མ་དེར་བར་སྣང་སྟོང་པའི་ཁམས་ནས་སྐད་སྒྲ་ཞིག་མཆེད་ཡོང་།

“དུག་སྨན་དུ་སྒྱུར་ནུས་པའི་སྐྱེས་བུ་དེ་ལ་མཐའ་མཇུག་གི་བདེ་སྐྱིད་ཅིག་ཡོད།”

ཚངས་དབྱངས་རྒྱ་མཚོ་ས་སྟོང་ཞིག་ཏུ་ཟས་དུག་གིས་མནར་ནས་ཉལ་བསྡད་ཡོད་དུས་ཀྱང་འདི་འདྲ་ཞིག་ཐོས་པ་རེད་ཨང་།

དུག་དེ་འཐུངས་རྗེས་ང་ལ་རང་དབང་ཅི་ཞིག་ཐོབ་པ་ཡིན་ནམ།

དུག་དེ་འཐུངས་རྗེས་ང་ལ་ཤེས་རབ་གང་ཞིག་རྙེད་པ་ཡིན་ནམ།

གློ་བུར་དུ་ཡིག་སྐྱེལ་བ་ཞིག་ངའི་གམ་དུ་བསླེབས་སོང་།

ཁོས་འཛུམ་དམུལ་བཞིན་ཡིག་ལྐོགས་དམར་པོ་ཞིག་ངའི་ལག་ཏུ་བཞག་ཅིང་།

ཡིག་སྐོགས་དེ་ལས་དྲི་ཞིམ་ཞིག་ཀྱང་འཐུལ་བཞིན་འདུག་ལ།

དེའི་སྟེང་དུ་མཁའ་འགྲོའི་བརྡ་ཡིག་རྐྱང་རྐྱང་ལས་ཅི་ཡང་བྲིས་མི་འདུག་པས།

ངས་བློ་བདེ་བའི་དབུགས་རིང་ཞིག་ཕྱུངས་རྗེས་དེ་ལམ་སེང་མེ་ལ་བསྲེགས་པ་ཡིན།

དེའི་དུ་བ་བན་བུན་གྱི་ཀློང་ནས།

གྲོགས་པོ་ཚོས་ཀྱང་ངའི་ལུས་པོ་དེ་མེ་ལ་བསྲེགས་སོང་ལ།

དེའི་མེ་ལྕེ་བན་བུན་གྱི་ཀློང་ནས།

ངས་རང་གི་མི་ཚེ་འདིའི་ཡོད་ཚད་མཐོང་སོང་།

དེ་ནི་དོན་སྙིང་མེད་ཅིང་དཀའ་ཁག་ཆེ་བ་ཞིག་སྟེ།

མཛེས་སྡུག་གི་མཚོ་འགྲམ་ཞིག་ཏུ།

བྱིས་པ་བསམ་མེད་ཅིག་གིས་ངལ་དུབ་ཆེན་པོའི་སྒོ་ནས་བྱེ་མའི་ཁང་བརྩེགས་ཤིག་བསྐྲུན་པ་དེ།

སྙིང་རྗེ་མེད་པའི་རྒྱ་མཚོའི་རྦ་རླབས་ཐེངས་ཤིག་གིས་རྨེག་མེད་དུ་བཤིགས་པ་དང་ཧ་ཅང་འདྲ་འདུག

གསར་འགྱུར། Tags:ཅཅཅ

Post navigation

Previous Post: སྐྱེས་སྐར་དང་ལོ་ཚོད།
Next Post: བཙན་བྱོལ་བོད་གཞུང་བཀའ་ཤག་གིས་བོད་རིག་པའི་མཁས་དབང་ཇིན་ སི་མི་ཐི་མཆོག་ཚེ་འདས་སུ་གྱུར་བར་གསུང་འཕྲིན་བསྩལ་བ།

Comments (11) on “དུག་འཐུང་མཁན།”

  1. ཟླ་བ་ཆོས་འཛོམས། says:
    2010-12-18 at 2:43 am

    སྐུ་ཞབས་ཀླུ་སྨྱོན་ཧེ་རུ་ཀ་ལགས།ངས་ཁྱེད་ཀྱི་རྩོམ་དེབ་ཤམ་བྷ་ལའི་དུད་སྤྲིན་ཀློག་དུས་ཡིད་ཕྲོགས་སོང་།དེ་ནས་ཁྱོད་ཀྱིས་གདན་ས་བསྐྱུར་ཏེ་བལ་ཡུལ་ལ་སོང་།བལ་ཡུལ་ནས་ཁྱོད་སྤྲུལ་སྐུ་ཆགས།དེ་ནས་ཁྱོད་ཀྱི་མི་གཞི་ལ་འགྱུར་བ་ཐེབས་སོང་།དེ་ནས་ཁྱོད་མར་མར་དུ་ཟགས་སོང་།ཁྱོད་ཀྱི་རྩོམ་ཡིག་དག་ཀྱང་ཇེ་ངན་ནས་ཇེ་ངན་རེད།ད་ལྟ་ཁྱོད་ཨ་རི་ལ་ཡོད་པ་འདྲ།ཁྱོད་ཀྱི་ཁ་བརྡ་དྲ་བར་རྩོམ་ཡིག་མང་པོ་ཞིག་འཇོག་གི་ཡོད་པ་འདྲ།ངས་ནམ་རྒྱུན་ཁ་བརྡ་དྲ་བ་ཀློག་གི་མེད་ཀྱང་མཚམས་རེར་ཀློག་སྐབས་ཁྱོད་ཀྱི་རྩོམ་ཞིག་ཡོད་ཡོད་པ་རེད།ང་ནི་ཁྱོད་ཀྱི་རྩམ་ཡིག་ལ་ཉོབ་ཀྱིན་འདུག་པ་མ་ཟད།རྩོམ་པ་པོ་ཡག་ཏུ་འགྲོ་བའི་ཚབ་ལ་སྡུག་ཏུ་འགྲོ་བཞིན་འདུག་པས་འཕང་སེམས་ཤིག་ཀྱང་སྐྱེ་ཡོང་གིན་འདུག

  2. ཀརྨ་ཡེ་ཤེས། says:
    2010-12-18 at 12:40 pm

    ཧ་ཧ་ཧ། ཀླུ་སྨྱོན་ནི་ཀླུ་སྨྱོན་རང་རེད་འདུག སྔོན་བལ་ཡུལ་༼གཉེན་ཆེ་ཐང་ལྷའི་གསར་ཤོག་༽ནང་དུ་ཉིན་རེ་བཞིན་ཀླུ་སྨྱོན་གྱིས་ཆགས་གཏམ་དང་ཨ་ནེ་གྲ་པའི་སྐོར་གྱི་འདོད་པའི་བསྟན་བཅོས་དེ་ཉིད་འཐོང་བའི་སྐབས་སུ་དངོས་སུ་མ་མྱོང་ཡང་རྩོམ་གྱི་རྒྱུ་རྩལ་གྱིས་རང་བཞིན་དུ་བདེ་བ་སྟེར་ནུས་པ་དེ་འདྲ་མཐོང་སོང་། དེང་སང་ཡིན་ན་ཀླུ་སྨྱོན་ནི་ཡང་སྨྱོན་ཆགས་ཡོད་ས་རེད།

  3. ཀརྨ་ཡེ་ཤེས། says:
    2010-12-18 at 12:41 pm

    སྤྱི་ལོ་ ༢༠༡༠ ཟླ་ ༡༢ ཚེས་ ༡༨ གི་ཆུ་ཚོད་ ༡༢ སྐར་མ་ ༤༠
    ཧ་ཧ་ཧ། ཀླུ་སྨྱོན་ནི་ཀླུ་སྨྱོན་རང་རེད་འདུག སྔོན་བལ་ཡུལ་༼གཉེན་ཆེན་ཐང་ལྷའི་གསར་ཤོག་༽ནང་དུ་ཉིན་རེ་བཞིན་ཀླུ་སྨྱོན་གྱིས་ཆགས་གཏམ་དང་ཨ་ནེ་གྲ་པའི་སྐོར་གྱི་འདོད་པའི་བསྟན་བཅོས་དེ་ཉིད་འཐོང་བའི་སྐབས་སུ་དངོས་སུ་མ་མྱོང་ཡང་རྩོམ་གྱི་རྒྱུ་རྩལ་གྱིས་རང་བཞིན་དུ་བདེ་བ་སྟེར་ནུས་པ་དེ་འདྲ་མཐོང་སོང་། དེང་སང་ཡིན་ན་ཀླུ་སྨྱོན་ནི་ཡང་སྨྱོན་ཆགས་ཡོད་ས་རེད།

  4. འབུམ་དྲུག་ཚེ་རིང་། says:
    2010-12-18 at 1:16 pm

    སྙན་ངག་འདི
    སྒྲུང་རིང་ཞིག་ཀྱང་རེད།

    རྩོམ་འདི་འདྲ་ཀློག་ཐེངས་རེར།
    སེམས་གཏིང་ནས་བཤད་མི་ཤེས་པའི་སྐྱོ་བ་ཞིག་སྐྱེས་བྱུང་།

  5. ཀླུ་སྨྱོན། says:
    2010-12-18 at 2:15 pm

    སྙན་ངག་རེ་བྲིས་ཚར་རྗེས་གོ་མེད་ཚོར་མེད་དུ་མ་སོང་བར་ཀློག་མཁན་གཅིག་གཉིས་རེ་རྙེད་པ་ལས་ལྷག་པའི་དགའ་བ་ཞིག་ངོ་མ་རྙེད་ཐབས་མི་འདུག དྲང་ལྡོག་གང་རུང་ནས་དགོངས་ཚུལ་གསུངས་པར་ཐུགས་རྗེ་ཆེ་ཞུ། ངའི་སྙན་ངག་ཅིག་བཀླགས་རྗེས་དང་དེ་མཉམ་དུ་མི་ཞིག་གིས་ཀ་ཁ་སུམ་ཅུ་ཕལ་ཆེར་བཀླགས་ཚར་བ་རེད། ཉི་མ་གཅིག་དྲ་ངོས་འདི་རུ་ཀ་ཁ་སུམ་ཅུ་ཀློག་མི་ཤེས་མཁན་དག་ཡོང་དུས་སུ་ངའི་སྙན་ངག་གི་ཚེ་ཚད་ཀྱང་རྫོགས་ཚར་བ་རེད། ཀ་ཁ་སུམ་ཅུའི་ཚེ་སྲོག་དང་ངའི་སྙན་ངག་གི་ཚེ་ཚད་གཉིས་ཀྱང་གཅིག་མཚུངས་འདྲ་ཞིག་རེད། དཔེར་ན་མགོན་པོ་ཀླུ་སྒྲུབ་དང་བདེ་སྤྱོད་བཟང་པོ་གཉིས་བཞིན་ནོ།།

  6. ཀརྡོ་རབ་འབྱམས་པ་ says:
    2010-12-18 at 4:57 pm

    ཀླུ་སྨྱོན་ལགས་ཀྱི་མ་བསྐུལ་དྭངས་བླང་ཕྱག་ལས་ལ་རྗེས་སུ་ཡི་རང་ཡོད། མུ་མཐུད་གནོངས་རོགས་ཞུ།

  7. ཇ་མ་ says:
    2010-12-19 at 12:39 pm

    ཀླུ་སྨྱོན་པའི་རྩོམ་ཡིག་རྣམས་མང་པོ་ལྟ་མྱོང་། དཔེ་ཆ་ཡང་མང་པོ་ལྟ་མྱོང་། དེང་སང་ཡར་རྒྱས་ཡག་པོ་བྱིན་འདུག ཡིན་ནའང་ཆགས་རྩོམ་གྱི་རིགས་སྙན་ངག་ལ་སྦྱར་ནས་བྲིས་པ་ལ་བྲོ་བ་ཧ་ཅང་ཆེན་པོ་འདུག

  8. ཤེས་རབ། says:
    2010-12-20 at 2:11 am

    ཀླུ་རིན་པོ་ཆེ། སྙན་ངག་བྲིས་ནས་བཞུགས་རོགས། ཡིན་ནའང་། རང་སྲོག་འཇེབས་པའི་བསམ་བློ་སོགས་རྩ་བ་ནས་མ་གཏོང་རོགས། རྒྱུ་མཚན་ནི། ངའི་གྲོགས་པོ་གཅིག་གིས། སྙན་ངག་མང་པོ་ཞིག་གི་ནང་ལ་མི་ཚེ་འདི་ལ་སྙིང་པོ་མེད་པ་པ་དང་། ཤི་ན་མཁའ་འགྲོས་བསུ་མ་བྱེད་ཀྱི་ཡོད་པའི་སྐོར་བ་ཐེངས་ཁ་ཤས་ཤིག་བྲིས་ནས། ཉིན་གཅིག་རང་ཤི་བརྒྱབ་སོང་།ཁྱེད་ཀྱི་སྙན་ངག་རྣམས་མཐོང་དུས་སེམས་ནང་ལ་”འོད་་ཀླུ་སྨྱོན་འདི་གང་ཙམ་བསླེབས་འཚར་འདུག་”སྙམ་པའི་སེམས་ཁྲལ་ཡོང་གི་འདུག

    མཚམས་རེ་མི་ཚེ་ལ་དོན་སྙིང་ཡོད་པའི་རྩོམ་ཁ་ཤས་བྲིས་ན་སེམས་ཁམས་མི་བཞུམ་པར་ཕན། སྐུ་མཁྱེན་རང་སྲོག་དེ་ལ་གཅེས་པར་བྱེད་རོགས། མི་ལུས་རིན་ཆེན་གསེར་ལས་དཀོན་ཟེར་བ་འདིར་བསམ་བློ་གཏོང་རོགས།

    རྒན་ཁྱེད་ཀྱི་རྩོམ་བཀླགས་རྗེས་སེམས་ལ། ད་སྤྲུལ་སྐུ་ཡེ་ཤེས་འདི་ངོ་མ་སེམས་ཁམས་འཁྲུག་འགྲོ་བཞིན་འདུག་སྙམས་ནས་ངོ་མ་སེམས་ཁྲལ་ཡོང་གི་འདུག ཐུགས་རྗེ་གཟིགས་བསམ་བློ་རྒྱ་ཆེ་ཙམ་གཏོང་རོགས།

  9. ཀླུ་སྨྱོན། says:
    2010-12-20 at 3:04 am

    ཤེས་རབ་ལགས། ག་རེ་གསུང་གིན་ཡོད། བོད་རང་ལ་གཏམ་དཔེ་འདུག་ག སྐྱིད་པོའི་མི་ཚེ་རིང་ན་དགའ། །སྡུག་པོའི་མི་ཚེ་ཐུང་ན་དགའ། །

  10. ཐོན་མའི་བུ། says:
    2010-12-21 at 12:40 am

    ཨ་ཁུ་ཀླུ་སྨྱོན་ལགས། དེ་ལྟར་སྡུག་པོའི་མི་ཚེ་ཐུང་ན་དགའ་ཞེས་སྡུག་དགོས་དོན་ཅི་ཡོད། ཁྱོད་དང་ངེད་གཉིས་ལ་བཟའ་ཚང་མི་སོས་པའི་དཀའ་ངལ་ནི་མེད། དགའ་མ་གཞན་གྱིས་འཕྲོག་དོགས་པའི་སེམས་ཁུར་ནི་མེད། རྒྱབ་ན་གོས་དང་ཁ་ན་ཟས་མི་མི་རེག་པའི་དཀའ་ངལ་ནི་མེད། དེ་ལྟར་ན་ཡང་འཁོར་བའི་གཡང་རོང་འདིར་ལས་ཀྱིས་འཕངས་པས་ཐམས་ཅད་ལེགས་པར་ཚིམས་པ་ཞིག་མེད་མོད། གཞན་ལ་ལྟོས་ཏེ་ངེད་གཉིས་གང་གི་ཕྱོགས་ནས་ཀྱང་འགྲིག་ཙམ་གདའ། གནས་སྐབས་རིང་རང་སྲོག་གཅོད་རྒྱུའི་བསམ་བློ་ཁྱོན་ནས་མི་འཁོར་རོགས། དེ་ལས་དུས་ཚོད་འདྲ་ཡོད་ན། འདིའི་སྒང་དུ་ 206 583-8326 ཁ་པར་རེ་ཐོངས་དང་ཁྱོད་ལ་སྤྲོ་སྐྱིད་ལྡན་པའི་འཚོ་བ་ཞིག་བཤམས་ཡོང་། གལ་སྲིད་དེ་ལས་ཀྱང་སྤུས་དག་པོ་འདྲ་དགོས་ན། ༦༥༠ ༣༨༠ ༢༢༣༩ སྒང་དུ་གཏོང་རོགས། གལ་སྲིད་དེ་ནས་ཀྱང་ཁྱེད་ལ་དགོས་པ་དེ་མ་རེག་ན། ངས་རྗེས་སུ་འབྲེལ་བ་བྱེད་ས་གཞན་ཞིག་ངོ་སྤྲོད་བྱེད་ཡོང་།

  11. ཀརྡོ་རབ་འབྱམས་པ་ says:
    2010-12-22 at 8:46 am

    བསྟོད་པས་དགའ་རྒྱུ་ཅི་ཞིག་ཡོད། །
    སྨད་པས་མི་དགའ་དེ་བས་མིན། །
    རྒྱགས་ཚེ་རང་སྐྱོན་བསམ་དགོས་བཞིན། །
    ཞུམ་ཚེ་རང་གི་ཡོན་ཏན་སྒོམས། །

    ཀླུ་སྨྱོན་མཁས་བཙུན་བཟང་གསུམ་ཁྱེད། །
    འཆད་རྩོད་རྩོམ་གསུམ་བྱ་བའི་སྟེང་། །
    གསུམ་ལྡན་རྡོ་རྗེ་འཛིན་པ་སྟེ་། །
    ཀླུ་སྒྲུབ་དངོས་དང་མཚུངས་པར་གྱིས། །

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme