Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དམིགས་བསལ་ཚོགས་ཆེན་ལ་བསམ་ཚུལ་ཙམ་དུ།

Posted on 2012-09-202012-09-20 By ཁ་བརྡ་ 14 Comments on དམིགས་བསལ་ཚོགས་ཆེན་ལ་བསམ་ཚུལ་ཙམ་དུ།

ངག་དབང་མཁས་བཙུན།

ཕྱི་ལོ་ང་དགུ་ལོར།
ཤར་མཐའི་རླུང་དམར་གྱི་འཚུབ་ཁ་རྒོད་ཅིང།
པོ་ཏཱ་ལའི་རྒྱ་ཕིབས་ཀྱི་གསེར་མདོག་ཉམས་པས།
སྲོང་བཙན་གྱི་བང་མཛོད་ལ་གཏོར་བཅོམ་བྱུང་།
མེས་པོའི་ཤུལ་བཞག་གི་རིག་གཞུང་ལ་གས་ཆག་ཤོར།
དེ་བས། སྨྲ་བརྗོད་ལ་སྒོ་གླེགས་བསྐོན་ཞིང་།
དད་མོས་ཀྱི་རང་དབང་འཕྲོག་ལ།
འགྲོ་འདུག་གི་གོ་སྐབས་བཅོམ།
ཡིན་ཡང་། དད་ལྡན་ཁྲི་ཚོ་འབུམ་གྱིས་རེ་བའི་མིག་འབུར་ལྷོ་ཕྱོགས་སུ་ཅེར་ཞིང་།
༸སྐྱབས་མགོན་ཁྱེད་ཕེབས་རྒྱུར་བསྒུགས་ནས་ཡུན་རིང་སོང་།
གཞིས་བྱེས་མཉམ་འཛོམས་གྱི་རེ་སྒུག་རིང་དྲགས་སོང་།
ཡང་མེས་ཚོ་འགྱོད་གདུང་ངང་འདས་ཤིང་།
ཕ་མེས་ཚོས་འཆི་ཁའི་འཕྲང་ལམ་ནས། ཁྱེད་མཇལ་རྒྱུར་སྒུག་བཞིན་ཡོད།

ཁ་སང་། ང་ཚོའི་མེས་པོ་ཚོ་རྒྱ་དམར་གྱི་སྒྱོགས་མདེལ་འོག
འཇིགས་ཞུམ་གྱི་ཉམ་ང་མེད་པར།
དཔའ་བོའི་རལ་གྲི་གནམ་ལ་ཕྱར་ཏེ།
རྒྱལ་ཁབ་ཀྱི་བདག་དབང་རྩོད་ཕྱིར།
མི་རིགས་ཀྱི་རང་དབང་ཆེད་དུ།
རྩ་ཆེ་བའི་ཚེ་སྲོག་ཤོར་སོང་།

དེ་རིང་། ཤ་རྒྱས་ཁྲག་དར་གྱི་སྤུན་ཟླ་མང་པོ།
གཅིག་རྗེས་གཉིས་མཐུད་ཀྱིས།
མེ་ལྕེའི་ཀློང་ཡངས་ཀྱི་ཁྲོད་དུ།
ན་ཟུག་གི་སྨྲེ་ངག་མེད་པར།
འུར་འུར་དུ་འབར་བའི་ཚེག་སྒྲའི་གསེང་ནས།
༸གོང་ས་མཆོག་བོད་དུ་གདན་འདྲེན་དགོས་་་་་་་་
བོད་ལ་རང་དབང་དགོས་་་་་་་་
བོད་མི་ཚོ་ཆིག་སྒྲིལ་བྱོས་་་་་་་་་་་
ཞལ་ཆེམས་དེ་དག་མི་ཡུལ་དུ་བཞག་ནས་ཕེབས་སོང་།

ཨེ་མ། དཔའ་བོ་ལགས།
ཁྱེད་ལ་འདི་ལྟ་བུའི་སྙིང་སྟོབས་ཤིག་ཇི་ལྟར་ལྡན་ནམ།
རེད་ཨང་། ཁྱེད་ལ་བཙན་རྒོལ་གྱི་སྙིང་སྟོབས་དང་རྒྱལ་གཅེས་ཀྱི་ལ་རྒྱ་ལྡན་ཞིང་།
རྒྱང་རིང་གི་ཕུགས་བསམ་དང་ཆོད་སེམས་ཀྱི་དར་མདུད་བརྟན་པས།
དགའ་བའི་གཉེན། བྱམས་པའི་ཕ་མ། བརྩེ་བའི་བུ་ཕྲུག
གཅེས་པའི་ལུས་སྲོག་ཀྱང་ཕངས་མེད་དུ་མཆོད་སྦྱིན་ལ་ཕུལ་བ་ནི།
ཅི་འདྲའི་རླབས་ཆེ་བ་ཞིག

ཨེ་མ། དཔའ་མོ་ལགས། ཁྱེད་ལ་འདི་ལྟ་བུའི་གཏོང་ཕོད་ཅིག་ཇི་ལྟར་མངའ་འམ།
རེད་ཨང་། ཁྱེད་ནི་ཕ་སྤྲེལ་རྒན་གྱི་རྒྱུད་པ།
མ་བྲག་སྲིན་གྱི་བུ་ཕྲུག།
བཙན་པོ་ཡི་གདུང་རྒྱུད།
ཞི་བདེ་ལ་དགའ་བའི་དཔའ་བོའི་རྒྱུད་པ་ལགས།
དེ་བས་ན། ཁྱེད་ལ་སྙིང་མེད་སྡར་མ་ཡི་ངང་ཚུལ་མེད་ཅིང་།
དཔོན་ངན་གྱི་བཙན་བཀའ་དང་། འཇམ་པོའི་གཡོ་སྒྱུ་ལ་མགོ་བོ་མི་འཁོར་བས།
རང་དོར་གཞན་གཅེས་ཀྱི་ངལ་བ་འཁུར་དུ་ལེན།
མི་རིགས་ཀྱི་ལ་རྒྱ་ཁོག་ལ་བཅངས།
བཟོད་པར་དཀའ་བའི་ན་ཟུག་དྲག་པོ་དང་དུ་ལེན་ནུས་པ་ནི།
ཅི་འདྲའི་གཟི་བརྗིད་ལྡན་པ་ཞིག

རྒྱལ་གཅེས་ཀྱི་དཔའ་བོ་ལགས།
ཁྱེད་རྣམ་པའི་སྐུ་ལུས་ལས་འབར་བའི་མེ་ལྕེ་ནི།
སྒྲོན་མེ་རང་ག་བ་ཞིག་ག་ལ་ཡིན།
དེ་ནི། རང་དབང་རྩོད་ལེན་གྱི་འཐབ་རྩོད་གསར་པ་ཞིག
འཛམ་གླིང་གཉིད་ལས་བསད་ཆེད་ཀྱི་མར་མེ་ཞིག
ཁ་བ་རི་པ་རྨོངས་པ་ལས་དཀྲོག་ཆེད་ཀྱི་འབོད་སྒྲ་ཞིག
རྒྱ་དམར་གྱི་སྡིག་ཉེས་སྲེག་ཆེད་ཀྱི་མེ་ཟླུམ་ཞིག མ་ཡིན་ནམ་་་་་་

ཨེ་མ། དཔའ་བོ་ལགས།
ཁྱེད་རྣམས་ཀྱིས་ང་ཚོར་གངས་ཅན་པའི་སྙིང་སྟོབས་ཤིག་དང་།
མི་རིགས་ཀྱི་ལ་རྒྱ་ཞིག
རྒྱལ་ཁའི་རྔ་སྒྲ་ཞིག་བཞག་སྟེ། མི་ཡུལ་ནས་ཞལ་གྱེས་བཞུད་ཀྱང་།
ཁྱེད་རྣམས་ཀྱི་མཛད་རྗེས་ནོར་བུའི་འོད་སྣང་།
འཛམ་གླིང་ཀུན་ལ་འབར་བཞིན།
རྒྱ་དམར་གྱི་ངོ་གདོང་སྲེག་བཞིན།
བུ་རབས་ཚ་རྒྱུད་ཚོའི་སེམས་ལ།
མི་རིགས་ཀྱི་ལ་རྒྱ་ཞིག་བརྐོས་སོང་།
གངས་ཅན་པའི་སྙིང་སྟོབས་ཤིག་བསྐྲུན་སོང་།
དཔའ་བོ་ལགས། དཔའ་མོ་ལགས།
ཁྱེད་རྣམས་རྒྱལ་གྱུར་ཅིག བོད་རྒྱལ་གྱུར་ཅིག བདེན་པ་རྒྱལ་གྱུར་ཅིག །

སྙན་ངག

Post navigation

Previous Post: མགོ་སྐོར་མང་པོ་བཏང་སོང་།
Next Post: སྨན་ཤར་བུ་མོ་དེ་ཚོའི་ལས་དབང་སྐྱོ་བ།

Comments (14) on “དམིགས་བསལ་ཚོགས་ཆེན་ལ་བསམ་ཚུལ་ཙམ་དུ།”

  1. གནམ says:
    2012-09-20 at 12:25 pm

    དོན་འགྲུབ་རྒྱལ་གྱི་བཀའ་དྲིན་དྲན་བཞིན་དྲན་བཞིན་བྲིས་ཡོད་པ་འདྲ། ཨོ། དགོངས་དག། ཁ་ནོར་སོང་བ་རེད། བོད་གྱི་དཔའ་བོ་དཔའ་མོ་ཚོ་དྲན་བཞིན་དྲན་བཞིན་བྲིས་བ་ལོས་ཡིན་ཟེར་དགོས་ནས་ལོས་ཡིན།
    དྲང་མོར་བཤད་ན། རྒྱལ་གྱུར་ཅིག་ཟེར་ཡ་དེ་ཚིག་གདུང་གྲོགས་ཅན་ཞིག་ཡིན་མིན་མི་ཤེས་འི། ཨ་རོགས་ཆ་བོ།

  2. ཐོར་རྒོད་པ་སྤྱན་ཆབ། says:
    2012-09-20 at 1:54 pm

    གྲོགས་པོའི་སེམས་ཚོར་སེམས་ཀྱི་གཞིབས་ཡོད། བཀའ་དྲིན་ཆེ།

  3. ཀརྡོ་གཉེར་ཕྱག་པ་ says:
    2012-09-20 at 2:10 pm

    འུར་འུར་དུ་འབར་བའི་ཚེག་སྒྲའི་གསེང་ནས།
    ༸གོང་ས་མཆོག་བོད་དུ་གདན་འདྲེན་དགོས་་་་་་་་
    བོད་ལ་རང་དབང་དགོས་་་་་་་་
    བོད་མི་ཚོ་ཆིག་སྒྲིལ་བྱོས་་་་་་་་་་་
    ཞལ་ཆེམས་དེ་དག་མི་ཡུལ་དུ་བཞག་ནས་ཕེབས་སོང་། ་་་ཟེར།

  4. ཀརྡོ་གཉེར་ཕྱག་པ་ says:
    2012-09-20 at 2:16 pm

    ཞལ་ཆེམས་ཚིག་གསུམ།
    ༸གོང་ས་མཆོག གདན་འདྲེན་གྱིས།
    བོད་རིགས་ཀྱི། རང་དབང་རྩོད།
    ཆོལ་ཁ་གསུམ་པོ། ཆིག་སྒྲིལ་བྱོས།

  5. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-20 at 9:01 pm

    ཁྱོད་བཞིན་བོད་ཀྱི་སྐད་ཡིག
    རིག་གཞུང་ཉམས་མེད་འཛིན་ན།
    བོད་དུ་བདེ་སྐྱིད་འབྱུང་ངེས
    པོ་ཏ་ལ་ཞེས་ངོམ་ཆོག།
    མིང་མཐའ་འདྲེན་ཚུལ་ཚུན་ཆད་ནས་ཡི་གེ་དག་ཅིང་སྙན་པར་བྲིས་པ་བཀླགས། སྤྲོ་བ་བརྟས། པོ་ཏ་ལ་ཞེས་པ་ལེགས་སྦྱར་སྒྲ་སྟེ། བོད་སྐད་དུ། གྲུ་འཛིན་ཞེས་བརྗོད། སྒྲ་དེའི་ཏ་ཞེས་པ་ཐུང་ངུ་དག་པར་སེམས་སོ།།

  6. ཀརྡོ་གཉེར་ཕྱག་པ་ says:
    2012-09-20 at 9:12 pm

    ཁོང་ཚོ་ཡི་ཞལ་ཆེམས།
    གདན་འདྲེན་གྱིས།
    རང་དབང་རྩོད།
    ཆིག་སྒྲིལ་བྱོས།

  7. ཀརྡོ་གཉེར་ཕྱག་པ་ says:
    2012-09-20 at 9:22 pm

    པོ་ཏ་ལ་གསུམ་དགོས་ཏེ།

    ལྷ་སའི་པོ་ཏ་ལ་ནི། །
    མི་མངས་འགྲེམ་སྟོན་གྱུར་ཟིནད། །

    དྷ་སའི་པོ་ཏ་ལ་ནང་། །
    སྤྱན་རས་གཟིགས་དབང་བཞུགས་ཡོད། །

    འབྱུང་འགྱུར་གྲུ་འཛིན་ཞིང་གསར། །
    པོ་ཏ་ལ་ཡང་བཞེང་དགོས། །

  8. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-20 at 9:25 pm

    འཛམ་གླིང་གཉིད་ལས་བསད་ཆེད་ཀྱི་མར་མེ་ཞིག
    སྔོན་ངས་ཀྱང་འདི་འདྲ་བསམས་ཀྱང་། གསོད་ བསད་ གསད་ སོད། ཅེས་པའི་བྱ་ཚིག་མ་ཡིན་པར་། སད་ཅེས་པ་སངས་པའི་དོན་ཏེ། དུས་གསུམ་སྐུལ་ཚིག་ཀུན་ལ། སད། ཅེས་ཚིག་མཛོད་དུ་བྲིས་ཀྱང་། ངའི་ཁ་སྐད་དུ། སྐུལ་ཚིག་ལ། སོད་ཅེས་འདོན། ཁྱེད་ཀློག་པ་པོ་རྣམས་ཀྱིས་བརྟག་དཔྱད་མཛོད།།

  9. ཀརྡོ་གཉེར་ཕྱག་པ་ says:
    2012-09-20 at 9:55 pm

    བོད་རྒྱ་ཚིག་མཛོད་ཆེན་མོ་། ཤོག་གྲངས་༣༡༩༢དང་༣༡༩༣ནང་ལ།
    སད་པ། སད་པ། སད་པ། སད།
    གསོད་པ། བསད་པ། གསད་པ། སོད། ཅེས་བཀོད་འདུག་པས། གསལ་བཤད་མཐར་ཕྱིན་པ་ཅིག་དགོས་འདུག་ལགས།

  10. འབྲི་ཆུ། says:
    2012-09-21 at 12:30 am

    བོད་ཡིག་དག་ཆ་མ་ནོར་བ་ཞིག་བྲི་དགོས་ན་བོད་མི་བརྒྱ་ཆ་༩༩ལ་ཁག་པོ་ཡོད་རེད། བོད་མི་ཞིག་ཡིན་ནས་བོད་ཡིག་བྲི་བ་ལ་དགའ་ཞེན་ཡོད་པ་བཤད་མ་དགོས་ཡིན་ན་ཡང་དག་ཆ་ནོར་དོགས་ཀྱིས་འབྲི་མ་ཕོད་པ་རེད། བོད་མི་ཡི་གེ་བཏོན་ཤེས་ཁན་ཚོས་འབྲི་ཡང་ཤེས་པ་ཞིག་འོང་བའི་ཆེད་དུ་ཕྱག་ལས་ག་རེ་གནང་དགོས་མཁས་པ་ཚོས་ལམ་སྟོན་བྱེད་པར་བཀའ་དྲིན་མ་ཆུང་།

  11. ཀརྡོ་གཉེར་ཕྱག་པ་ says:
    2012-09-21 at 12:49 am

    བོད་རིགས་ཡིན་ཕྱིན་བོད་པར་དགའ་དགོས། །
    བོད་རིགས་ཡིན་ཕྱིན་བོད་སྐད་རྒྱབ་དགོས། །

    བོད་རིགས་ཡིན་ཕྱིན་བོད་དོན་ཤོད་དང་། །
    བོད་རིགས་ཡིན་ཕྱིན་བོད་ཡིག་བྲིས་དང་། །

    བོད་པར་བོད་སྐད་དཀའ་དོན་མེད་ལ། །
    བོད་པར་བོད་ཡིག་དཀའ་དོན་མེད་དོ། །

  12. ཀརྡོ་གཉེར་ཕྱག་པ་ says:
    2012-09-21 at 12:56 am

    རྒན་འཇམ་དཔལ་ལགས།
    སད་པ། སད་པ། སད་པ། སད།
    གསོད་པ། བསད་པ། གསད་པ། སོད།
    འདི་གཉིས་ཀར་ཐ་མི་དད་པའི་གྲས་སུ་འདུག་པས། བསེད་བཀྲོལ་ཁུངས་ཐུབ་གསར་པ་ཅིག་ཡོད་ན་གསུང་གྲོགས་གནོངས།

  13. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-09-21 at 9:31 am

    འབྲི་ཆུ་ལེགས་དང་། ཀརྡོ་གཉེར་ཕྱག་པ་མཆོག་ལ།
    འབྲི་ཆུ་མཆོག་གིས་གསུངས་པ་བདེན། འོན་ཀྱང་མ་ནོར་བ་ཞིག་ཡོངས་གྲགས་མཁས་པས་ཀྱང་མ་ནོར་བ་དཀོན། དཔེ་ཆ་སོགས་སྤར་སྐྲུན་བྱེད་པ་ན། ཀློག་དང་དག་ཆ་ཤེས་པ་མང་པོས་ཞུས་དག་གཏོངདགོས་པ་འདུག ད་ནོར་མེད་བསམས་ཀྱང་། ཤེས་དཀའ་བ་མ་ཡིན་པ་ལ་ཡང་དག་ཆ་ནོར་ཤོར་བ་མང་། སྔར་གྱི་བཀའ་བསྟན་གསུང་འབུམ་བཅས་ན། རེ་གཉིས་ནོར་ཤོར་མ་གཏོགས་པས། མང་ཆེ་བ་དག་པར་མཐོང་། ལོ་རེར་བཀའ་འགྱུར་རམ། ཡང་ན་བསྟན་འགྱུར། ཡང་ན། གསུང་འབུམ་རེ་ན། ཉུང་མཐར་ཡང་པོ་ཏི་རེ་བཀླགས་ཏེ། བོད་ཀྱི་ཆོས་སྐད་ལ་གོམས་དགོས་པ་མཐོང་། བདག་རང་གིས་ཀྱང་། དེ་ལྟར་བྱས་དང་། ད་ཆ་ལོ་ངོ་བརྒྱད་ཅུར་སླེབས་ཀྱང་། གང་ཐུབ་ཐུབ་བྱེད་བཞིན་པ་ཡིན།

    སད་པ། སད་པ། སད་པ། སད།
    གསོད་པ། བསད་པ། གསད་པ། སོད།
    འདི་གཉིས་ཀར་ཐ་མི་དད་པའི་གྲས་སུ་འདུག་པས། འདི་ལེགས་པར་མ་གོ བྱ་ཚིག་འདི་གཉིས་ཀ་བྱ་ཡུལ་དང་བྱེད་པ་པོ་ངོ་བོ་ཐ་དད་ཟེར། སྐུལ་ཚིག་ཡོད་ཕྱིན་བྱ་ཚིག་གང་ཡིན་ན་ཡང་དེ་ལྟར་འདོད། བྱ་བྱེད་ངོ་བོ་ཐ་དད་དང་། ཐ་དད་མིན་པ་ཟེར་ན། གོ་དཀའ་བས བྱ་ཡུལ་ཡོད་མེད་དེ། བྱ་ཚིག་གང་ཡིན། ཡུལ་ཡོད་དང་། ཡུལ་མེད་གང་རུང་ཡིན་དགོས། གོང་གསལ་བྱ་ཚིག་གཉིས་ཀ་ཡུལ་ཡོད་ཡིན། སད་ཀྱི་ཡུལ་གཉིད་དང་། གསོད་སོགས་ཀྱི་ཡུལ་བདག་འཛིན་དགྲ་ལྟ་བུ་ལགས།
    ང་འདུག་ཡོད། ཅེས་པ་ལྟ་བུ་ཡུལ་མེད་བྱ་ཚིག་གི་དཔེ་ལྟ་བུ་སྙམ་པ་ལགས། འདི་ལ་དགོངས་འཆར་འདྲ་ཡོད་ན། གསུང་གྲོགས་ཞུ་བ་ལགས་སོ།།

  14. འཁྱམ་པོ says:
    2012-09-22 at 3:42 am

    དེ་རིང་། ཤ་རྒྱས་ཁྲག་དར་གྱི་སྤུན་ཟླ་མང་པོ།
    གཅིག་རྗེས་གཉིས་མཐུད་ཀྱིས།
    མེ་ལྕེའི་ཀློང་ཡངས་ཀྱི་ཁྲོད་དུ།
    ན་ཟུག་གི་སྨྲེ་ངག་མེད་པར།
    འུར་འུར་དུ་འབར་བའི་ཚེག་སྒྲའི་གསེང་ནས།
    ༸གོང་ས་མཆོག་བོད་དུ་གདན་འདྲེན་དགོས་་་་་་་་
    བོད་ལ་རང་དབང་དགོས་་་་་་་་
    བོད་མི་ཚོ་ཆིག་སྒྲིལ་བྱོས་་་་་་་་་་་
    ཞལ་ཆེམས་དེ་དག་མི་ཡུལ་དུ་བཞག་ནས་ཕེབས་སོང་།

    དཔེ་བཤུས་ནས་ཉལ་ཡོད། ཀློག་ཀླད་ནང་ཉལ་བ་ཙམ་མིན་པར་སེམས་ནང་ཉལ་དགོས། སེམས་ནང་ཉལ་བ་ཙམ་མིན་པར་དོན་དུ་གནས་དགོས། དོན་དུ་གནས་པའི་ཆེད་དུ་དམ་བཅའ་ཞིག་བཞག་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme