Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དམ་ཆོས་བདུད་ཀྱི་སྤྱོད་ཡུལ།

Posted on 2013-02-022013-02-02 By ཁ་བརྡ་ 28 Comments on དམ་ཆོས་བདུད་ཀྱི་སྤྱོད་ཡུལ།

དོལ་སྨྱོན།

ན་མོ་གུ་རུ་ཌཱ་ཀི་ནི་ཡེ།
རང༵་བཞིན་རྣམ་དག་ཆོས་སྐུའི་ཀློང་ན་མཚན་བཅས་སྤྲོས་པའི་མཐའ་བྲལ་ཡང་།།
རང༵་སྣང་འགག་མེད་སྣ་ཚོགས་གཟུགས་ཀྱིས་འགྲོ་བློའི་ཁམས་དང་རྗེས་འཇུག་ཅིང་།།
རང༵་རིག་འོད་གསལ་དོན་གྱི་སྙིང་པོར་ལུས་ཅན་ངལ་གསོའི་དབུགས་དབྱུང་བའི།།
རང༵་བྱུང་མ་ཅིག་མཁའ་འགྲོའི་ཚོགས་ལ་སྒོ་གསུམ་དད་པས་ཕྱག་འཚལ་བསྟོད།།

དོན་དམ་བདེ་བ་ཆེན་པོའི་དབྱིངས་རུམ་ནས།།
སྣ་ཚོགས་ཐབས་ཀྱིས་གཟུགས་ཀྱི་སྐུར་སྤྲུལ་བ།།
རྩ་བའི་བླ་མ་དྲིན་ཅན་ཆོས་ཀྱི་རྗེ།།
དུས་ཀུན་འབྲལ་མེད་སྤྱི་བོའི་གཙུག་ཏུ་མཆོད།།

ཧཱུྃ་ཕཊཿསྔགས་ཀྱི་རང་སྒྲ་སྐྱེན་པོས་སྣང་སྲིད་སེམས་ཀྱི་རང་ངོར་རྟོགས།།
མི་རྐང་ཌ་རུའི་སྒྲ་སྐད་གཅིག་གིས་སྲིད་གསུམ་གདོན་བགེགས་རྡུལ་དུ་བྱས།།
དུར་ཁྲོད་སྦས་མཐའ་བྲག་ཕུག་ཀུན་ཏུ་བག་ཡངས་ཚུལ་གྱིས་ལེགས་བཞུགས་པའི།།
གཅོད་ཡུལ་བརྒྱུད་པའི་བླ་མའི་ཚོགས་ལ་མི་ཕྱེད་དད་པས་གུས་ཕྱག་འཚལ།།

ཤིན་ཏུ་སྤྲོས་མེད་ཟབ་ལམ་བདུད་ཀྱི་གཅོད༵།།
གཅོད༵་བྱེད་མན་ངག་ཕུན་སུམ་ཚོགས་པའི་དོན༵།།
དོན༵་དམ་དབྱིངས་སུ་འདྲེན་པའི་ལམ་མཆོག་འ༵དི།།
འ༵དི་ན་ཡོད་པས་སྤྲོ་བས་འཇུག་པར་གྱིས།།

ཞེས་པའི་ཚིགས་སུ་བཅད་པ་འགས་སྔོན་བསུས་ནས། འདིར་གླེང་བར་བྱ་བ་ནི། དེ་ཡང་བཀའ་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་དགོངས་པ་ཡོངས་སུ་རྫོགས་པ་གཅིག་ཏུ་བསྡུས་ཤིང་། དོན་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་ངོ་གསལ་བར་སྟོན་པ། དུས་གསུམ་གྱི་བདེ་བར་གཤེགས་པ་ཐམས་ཅད་ཀྱི་བགྲོད་པ་གཅིག་པུའི་ལམ་དུ་གྱུར་ཅིང་། གྲུབ་ཐོབ་དང་རྟོགས་ལྡན་རྣམས་ཀྱི་དངོས་གྲུབ་འཇོ་བའི་སྟེགས་བུར་གནས་པ། ཡུམ་སྲས་གཉིས་ཀྱི་གདམས་པ་ཕྱིན་ཅི་མ་ལོག་པར་རབ་ཏུ་གསལ་ཞིང་འོད་དུ་འཚེར་ལ། ལམ་ཕ་རོལ་ཏུ་ཕྱིན་པ་ལ་བར་དུ་གཅོད་པའི་བདུད་འཇོམས་པའི་ལག་ལེན་གཟི་འོད་འབར་བ། སྟོན་པ་ཤཱཀྱའི་གཙོ་བོ་ནས་བརྒྱུད་པའི་ཆུ་བོ་བར་མ་ཆད་ཅིང་། མ་ཅིག་ལབ་ཀྱི་སྒྲོན་མ་ནས་གདམས་ངག་གི་རླངས་པའི་ངད་མ་ཡལ་བ། དོན་ཟབ་ཅིང་རྒྱ་ཆེ་ལ་ལག་ཏུ་ལེན་བདེ་ཞིང་བྱིན་རླབས་ཀྱི་མཚན་ཁ་ཆེ་བ། གྲངས་མེད་གསུམ་གྱི་ངལ་བ་མི་དགོས་ཤིང་ཚེ་གཙིག་ལུས་གཅིག་ལ་གྲོལ་བའི་གདམས་ངག་ཁྱད་པར་ཅན་གྱིས་རབ་ཏུ་
ཕྱུག་ཅིང་། བདུད་བཞི་དབྱིངས་ཐོག་ཏུ་གཅོད་པའི་ཟབ་ཆོས་ཕུན་གསུམ་ཚོགས་པ་ཟབ་མོ་དོན་གྱི་ཉིང་ཁུ་ཞེས་བྱ་བའི་ཆོས་ཚན་འདི་དག སྔར་གྱི་མ་དཔེ་རྙིང་པ་དག་རལ་ཟད་དུ་གྱུར་ཅིང་གསར་དུ་དཔར་པ་རེ་ཟུང་དག་ཀྱང་དོན་ནོར་དང་ཡིག་ནོར་ཤིན་ཏུ་མང་བར་བརྟེན། ད་ལན་གྲགས་འདོད་དང་ངོམས་འདོད་ཀྱི་ཀུན་སློང་ངན་པས་མ་བསླད་ཅིང་། སྤྱིར་རྒྱལ་བསྟན་སྤྱི་དང་ཡང་དགོས་ཟབ་མོ་བདུད་ཀྱི་གཅོད་ཡུལ་གྱི་བསྟན་པ་ལ་ཕན་དུ་རེ་བའི་ལྷག་བསམ་བཟང་པོ་ཀུན་ནས་བསླངས་ཏེ། ལག་ཏུ་གང་འབྱོར་གྱི་དཔེ་རྙིང་དག་ལ་ཁུངས་གཏུག་ཞིབ་བསྡུར་བྱས་ཤིང་། དོན་ནོར་ཚིག་ནོར་དག་ལ་ཞུ་དག་དང་ལེགས་བཅོས་གང་ཐུབ་གྱིས་བསྒྲུབས་པར་བརྟེན། རང་གཞན་སུས་ཀྱང་ཡིད་རྟོན་ངེས་པའི་གནས་སུ་གྱུར་བའི་ཟབ་ཆོས། བདུད་གཅོད་ཟབ་མོ་དོན་གྱི་ཉིང་ཁུ་ཞེས་སུ་གྲགས་པའི་ཆོས་ཚན་རྣམས་རིམ་པར་བཀོད་ན། གཞུང་དང་འདོན་ཆ་གཉིས། དང་པོ་གཞུང་ལའང་རྩ་བ་དང་ཡན་ལག་གཉིས་ལས།
༈ དང་པོ་རྩ་བའི་སྐོར་ལ།
༡༽ ཆོས་ཚན་འདིའི་སྤྱི་ཆིངས་སུ་གནས་པ་ཟབ་མོ་དོན་གྱི་ཉིང་ཁུ།
༢༽ བརྒྱུད་གཏམ་མུ་ཏིག་ཕྲེང་བ།
༣༽ དབང་བསྐུར་བྱིན་རླབས་རྒྱ་མཚོ།
༤༽ དོན་ཁྲིད་ཡིད་བཞིན་ནོར་བུ།
༥༽ ཉམས་ལེན་དངོས་གྲུབ་ལག་བཅངས།
༦༽ གེགས་སེལ་གནད་ཀྱི་ལྡེ་མིག
༧༽ བོགས་འདོན་ཡོན་ཏན་གཏེར་འཛོད།
༨༽ མན་ངག་ཟ་འོག་རས་མ།
༩༽ ལྷན་ཐབས་དགོས་འདོད་ཀུན་འབྱུང་བཅས་ཆོས་ཚན་དགུ་རུ་བཞུགས་པའོ།།

༈ གཉིས་པ་ཡན་ལག་གི་ཆོས་སྐོར་ནི།
༡༽ གཅོད་ཀྱི་གེགས་སེལ་ཆེན་མོ་ཤོག་སྒྲིལ་བདུན་མ།
༢༽ བདུད་བཞི་ངོས་འཛིན་རྒྱལ་ཐང་པས་མཛད་པ།
༣༽ རི་ཆོས་ཞལ་གདམས་བདུད་རྩིའི་ཐིགས་པ།
༤༽ སློབ་དཔོན་པདྨས་མཛད་པའི་ཕཊཿཀྱི་རྣམ་བཤད།
༥༽ མ་ཅིག་གི་ཕཊཿཀྱི་བསྙེན་པ་སྐྱེལ་ཚུལ།
༦༽ ཌ་མ་རུ་དང་རྐང་གླིང་གི་སྒྲ་བཤད།
༧༽ མ་ཅིག་ཁྲོས་མ་ནག་མོའི་མཐའ་གཏད་ཉེར་ལྔ།
༨༽ གཅོད་བསྡུས་རིན་ཆེན་སྒྲོན་མེ།
༩༽ གཉན་ཁྲོད་ཞགས་བདུན་མ་བཅས་ཡོངས་རྫོགས་བསྡོམས་པས་ཆོས་ཚན་བཅུ་དགུར་བཞུགས་སོ།།

གཉིས་པ་འདོན་ཆའི་སྐོར་ལ། དེ་ལའང་གཞུང་དང་གར་འཆམ་གཉིས་ལས།
དང་པོ་ལ།
༡༽ ཡུམ་ཆེན་མོའི་སྒྲུབ་ཐབས།
༢༽ རྒྱལ་ཐང་གཞུང་།
༣༽ ཚོགས་མཆོད་སྤྲིན་ཕུང་རྒྱ་མཚོ་བཅས་ཆོས་ཚན་གསུམ་མོ།།

གཉིས་པ་གར་འཆམ་གྱི་སྐོར་ལ།
༡༽ མཁའ་འགྲོ་འབུམ་སྐུལ།
༢༽ ས་འདུལ་བསྟན་པའི་བདག་པོ།
༣༽ གོམ་སྟབས་བརྒྱད་མ།
༤༽ མ་ཅིག་ཁྲོས་མ་ནག་མོ།
༥༽ རྒྱལ་ཐང་པས་མཛད་པའི་ཚོགས་མཆོད།
༦༽ མ་ཅིག་གི་ཚོགས་མཆོད།
༧༽ གཤེད་འབྲལ།
༨༽ བྱ་འགུག
༩༽ བྲོ་རྡུང་བསྡུས་པ།
༡༠༽ བྲོ་རྡུང་ཀུན་གྲོལ་ཆེན་མོ།
༡༡༽ དབང་བསྐུར་དགོངས་སྐྱོད།
༡༢༽ དཀར་མོ་དགོངས་སྐྱོད།
༡༣༽ བདུར་ཁྲོད་དགོངས་སྐྱོད། བཅུ་གསུམ་བཅས་བསྡོམས་པས་ཆོས་ཚན་བཅུ་དྲུག་ཏུ་བཞུགས་ཤིང་ཁྱོན་བསྡོམས་ཆོས་ཚན་སུམ་ཅུ་སོ་ལྔར་བཞུགས་པའོ།།

སླར་སྨྲས་པ།
རྣམ༵་དག་ལྷག་བསམ་གཙང་མའི་སྟོབས་ནི་ཟད་མེད་ག་བུར་བདུད་རྩིའི་རྒྱུན།།
རྣམ༵་མཁྱེན་ཞི་བའི་རྒྱ་མཚོ་ཆེན་པོར་ཐ་དད་མེད་པར་རབ་འདྲེས་ཤིང་།།
རྣམ༵་གྲོལ་ཞི་སིལ་རྒྱལ་བའི་ལམ་བཟང་སྲིད་པའི་མིག་ཏུ་རྟག་བརྟན་ནས།།
རྣམ༵་མང་འགྲོ་བའི་དུ་ཁ་ཡོངས་རྫོགས་ཞི་བའི་དབྱིངས་སུ་ཡལ་གྱུར་ཅིག།།

༡༽
རྣམ་འདྲེན་མཚུངས་མེད་ཤཱཀྱའི་རྒྱལ་པོ་དང་།།
ཞི་བ་ཆགས་བྲལ་གསུང་རབ་དམ་པའི་ཆོས།།
ཚོགས་ཀྱི་དམ་པ་སྐྱབས་མཆོག་དགེ་འདུན་ཏེ།།
སྐྱབས་གནས་གསུམ་གྱིས་དེང་འདིར་ཤིས་པར་མཛོད།།

༢༽
རང་རིག་དམ་པ་དོན་གྱི་གཞལ་ཡས་ནས།།
རང་སྣང་འགག་མེད་འགྲོ་ལ་རྗེས་བརྩེ་བའི།།
རང་བྱུང་དོན་གྱི་མཁའ་འགྲོ་སྡེ་ལྔ་ལ།།
རང་རིག་རང་གསལ་དག་པས་གུས་ཕྱག་འཚལ།།

༣༽
སྐྱེ་མེད་ཡུམ་གྱི་མཁའ་ལ་རྟག་རོལ་ཀྱང་།།
འགག་མེད་ཐུགས་རྗེའི་སྤྱན་ཟུང་མི་ཟུམ་པར།།
འབྲལ་མེད་སྐལ་ལྡན་བུ་ལ་ལེགས་གཟིགས་པའི།།
དབྱེར་མེད་གཅོད་ཡུལ་བརྒྱུད་པས་དུས་ཀུན་སྐྱོངས།།

༤༽
བརྒྱད་ཁྲི་བཞི་སྟོང་ཆོས་ཀྱི་སྙིང་པོའི་དོན།།
མ་ཚང་མེད་པ་གཅིག་ཏུ་རབ་འདུས་ཤིང་།།
སྐལ་ལྡན་ཐར་པར་འདྲེན་པའི་ལམ་མཆོག་སྟེ།།
དམ་ཆོས་གཅོད་ཡུལ་སྤྱི་བོའི་གཙུག་ཏུ་བཀུར།།

༥༽
དབྱེར་མེད་ཆོས་ཀྱི་དབྱིངས་སུ་འབྱམས་ཀླས་ཀྱང་།།
སྣ་ཚོགས་སྒྱུ་མའི་རོལ་གར་ཅིར་ཡང་སྟོན།།
མཐུ་སྟོབས་ཆེན་པོས་དགྲ་བགེགས་རྡུལ་དུ་རློག །
དམ་ཅན་ཆོས་སྐྱོང་རྣམས་ཀྱིས་རྟག་ཏུ་སྲུངས།།

༦༽
འདི་ན་ཟབ་ལམ་དམ་པ་བདུད་ཀྱི་གཅོད།།
ཚེ་གཅིག་གྲོལ་བ་སྟེར་བའི་དམ་པའི་ཆོས།།
སྐལ་ལྡན་ཡིད་ཀྱི་གསོས་སུ་སྤེལ་ལགས་ན།།
བློ་དང་ལྡན་རྣམས་སྤྲོ་བས་འཇུག་པར་གྱིས།།

༧༽
དམ་པའི་སྐྱེས་བུ་དག་ནི་ཞིང་གཞན་གཤེགས།།
སྙིགས་མའི་རྒུད་ཚོགས་དག་ཀྱང་རབ་ཏུ་བདོ།།
ཚུལ་མིན་སྤྱོད་པས་ཉིན་མཚན་དུས་འདའ་བའི།།
མི་སྲུན་སྐྱེས་བུའི་ཚོགས་ནི་རླུང་ལྟར་འཚུབ།།

༨༽
གཅིག་ཏུ་བསྟན་པའི་དོན་ལ་རབ་ཕྱོགས་ཤིང་།།
གཞན་ཕན་སེམས་ཀྱི་དྲི་ངད་མ་ཡལ་བའི།།
སྐྱེས་བུའི་ཚོགས་ནི་ཉིན་མོའི་སྐར་མ་སྟེ།།
གང་དུ་བཞུགས་ནའང་སྒོ་གསུམ་གུས་པས་འདུད།།

༩༽
ཡང་དག་ལམ་ལ་དཀྲི་བའི་ཆོས་ཕུང་ཀུན།།
འགྲོ་བློའི་མོས་པའི་ཁམས་དང་བསྟུན་ལགས་ན།།
རང་རང་གང་ལ་དད་པའི་དམ་ཆོས་ལ།།
སྤྲོ་བས་འཇུག་པར་སུ་ཡིས་འགོག་ནུས་སམ།།

༡༠༽
སྙིགས་མའི་རྒུད་ཚོགས་བདོ་བའི་དོ་ར་འདིར།།
མི་འདོད་དུཿཁས་མནར་བའི་བརྩོན་ར་ལས།།
ཐར་བར་འདོད་པའི་སྐྱེས་བུ་ཇི་སྙེད་ཅིག །
ཅི་སྟེ་ཡོད་ན་ཆོས་འདི་དང་དུ་ལོངས།།

༡༡༽
འདི་ན་ཤེར་ཕྱིན་སྙིང་པོའི་དོན་སྟོན་ཅིང་།།
བདུད་བཞི་དབྱིངས་སུ་གཅོད་པའི་ཐབས་མཆོག་སྟེ།།
གྲངས་མེད་གསུམ་གྱི་ངལ་བ་མི་དགོས་པར།།
ཚེ་གཅིག་གྲོལ་བའི་ཟབ་ལམ་རྨད་དུ་བྱུང་།།

༡༢༽
གྲུབ་མཐའ་བཞི་ལ་འབད་པར་མི་དགོས་ཤིང་།།
ཕར་ཕྱིན་དྲུག་ལ་རིམ་གྱིས་མི་སློབ་པར།།
ཡོད་ཚད་གདན་ཐོག་གཅིག་ཏུ་ཁྱེར་བ་སྟེ།།
ཟབ་ཆོས་འདི་ནི་ཨུ་དུམ་ཝ་ར་ཉིད།།

༡༣༽
སེམས་ཉིད་ཡུལ་གྱི་རྗེས་སུ་མི་འབྲངས་ཤིང་།།
སྣང་ཚད་སེམས་ཀྱི་སྟེང་དུ་འུབ་བསྡུད་པ།།
སེམས་ཀྱང་བཅོས་སུ་མེད་པའི་རང་ངོ་ལ།།
ལྷོད་ཀྱིས་འཇོག་པ་གཅོད་ཀྱི་ཁྱད་ཆོས་ཉིད།།

༡༤༽
སྣ་ཚོགས་སྤྱོད་པས་ཆགས་ཞེན་རྩད་ནས་གཅོད།།
དམིགས་མེད་ལྟ་བས་བདག་འཛིན་དྲུང་ནས་གཅོད།།
ཧཱུྃ་ཕཊཿསྔགས་ཀྱིས་འདྲེ་གདོན་སེམས་སུ་གཅོད།།
སྟོང་ཉིད་ལྟ་བས་འཁོར་འདས་དབྱིངས་སུ་གཅོད།།

༡༥༽
དེ་ལྟར་ཁྱད་དུ་འཕགས་ཤིང་ཟབ་པའི་ཆོས།།
འདི་ཉིད་ནམ་ཡང་སྲིད་པའི་ཁམས་ཀུན་ཏུ།།
ཡལ་བ་མེད་པར་རྟག་ཏུ་རབ་བརྟན་ནས།།
སྐྱེ་དགུའི་རྒུད་ཚོགས་ཞི་བའི་རྒྱུར་གྱུར་ཅིག །

༡༦༽
འདིར་འབད་རྣམ་དཀར་ལེགས་ཚོགས་ཇི་སྙེད་པ།།
གཅིག་ཏུ་བསྡུས་ཤིང་འདུས་པའི་ཕུང་པོ་དེ།།
སྦྱིན་བདག་གཙོ་བྱས་མཁའ་མཉམ་འགྲོ་བ་ཀུན།།
སྐྱེ་མེད་ཡུམ་གྱི་ཀློང་དུ་ངལ་གསོ་ཤོག །

༡༧༽
བསྟན་འཛིན་སྐྱེས་བུའི་སྐུ་ཚེ་བརྟན་པ་དང་།།
བསྟན་པའི་སྦྱིན་བདག་བར་ཆད་ཞི་བ་དང་།།
བསྟན་འཛིན་བུ་སློབ་དག་ཀྱང་ཐུགས་མཐུན་ནས།།
བསྟན་པ་དར་ཞིང་རྒྱས་པའི་རྒྱུ་རུ་བསྔོ།།

ཞེས་པ་འདི་ཡང་ཟབ་མོ་བདུད་ཀྱི་གཅོད་ལ་དད་ཅིང་མོས་པའི་སྙོམས་ལས་པ་དོལ་སྨྱོན་ཧཱུྂ་ནག་མེ་འབར་གྱིས་མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་འགྲམ་དུ་བྲིས་པ་དགེའོ།། །།

རྩོམ་རིག

Post navigation

Previous Post: ཀ་རྩོམ་འདོད་བསྟན་སྙིང་པོ།
Next Post: རེབ་གོང་རོང་པོ་དགོན་ཆེན་དུ་ཡི་གེ་འདི་བཀྲམས་འདུག

Comments (28) on “དམ་ཆོས་བདུད་ཀྱི་སྤྱོད་ཡུལ།”

  1. BONPO says:
    2013-02-02 at 3:29 pm

    དོལ་སྨྱོན་ལགས། །
    ཁྱེད་ཀྱིས༼སྟོན་པ་ཤཱཀྱའི་གཙོ་བོ་ནས་བརྒྱུད་པའི་ཆུ་བོ་བར་མ་ཆད་ཅིང་། མ་ཅིག་ལབ་ཀྱི་སྒྲོན་མ་ནས་གདམས་ངག་གི་རླངས་པའི་ངད་མ་ཡལ་བ༽གསུངས་པའི། སྟོན་པ་ཤཱཀྱའི་གཙོ་བོ་ནས་གཅོད་ཀྱི་གདམས་པ་འདི་བརྒྱུད་པའི་བརྒྱུད་ཚུལ་བློར་བདེ་བ་མདོར་བསྡུས་པ་ཤིག་གསུང་རོགས་གནང་། ལྷག་པར་དུ་ཁྱེད་ཀྱིས་༼གྲངས་མེད་གསུམ་གྱི་ངལ་བ་མི་དགོས་ཤིང་ཚེ་གཙིག་ལུས་གཅིག་ལ་གྲོལ་བའི་གདམས་ངག་ཁྱད་པར་ཅན་གྱིས་རབ་ཏུ་ཕྱུག་ཅིང༽གསུངས་འདུག་པས་ཚེ་གཙིག་ལུས་གཅིག་གི་གདམས་ངག་འདི་སྟོན་པ་ཤཱཀྱའི་གཙོ་བོས་ཡུལ་གང་དུ་བསྟན་པ་དང་གདུལ་བྱ་སུ་ལ་བསྟན་པ་བཅས་ཀྱི་སྐོར་ནས་བློ་བསྐྱེད་དུམ་ཆུང་ཞིག་གི་རོགས་དན་ཡོད་པ་ཞུ། །

  2. ཀླུ་སྨྱོན། says:
    2013-02-02 at 4:24 pm

    སྟོན་པ་ཤྰཀྱ་ཐུབ་པ་ཡིས། །
    ཌྰ་རྐང་བསྣམས་ནས་གཅོད་མ་གསུངས། །
    ཡིན་ཡང་བརྒྱད་སྟོང་ཤེར་ལེའུ་ལ། །
    བརྟེན་ནས་མ་གཅིག་གཅོད་ལུགས་བཏོད། །

  3. དོལ་སྨྱོན། says:
    2013-02-02 at 10:38 pm

    BONPO ལགས།
    དེའི་སྐོར་ལ་ཁྱེད་ཀྱིས་མཁྱེན་ཤས་ཆེ། ཅི་སྟེ་མིན་ན་གཅོད་ཚོགས་རིན་ཆེན་འཕྲེང་བའི་བརྒྱུད་པའི་གསོལ་འདེབས་དང་། དེ་མིན་མ་གཅིག་གི་རྣམ་ཐར་དང་གཅོད་ཀྱི་ཟིན་བྲིས་སོགས་ལས་མཁྱེན་མཛོད་ཞུ།

  4. དོལ་སྨྱོན། says:
    2013-02-02 at 10:40 pm

    ཀླུ་སྨྱོན་གྱིས་གསུངས་པ་ཤིན་ཏུ་རྨད།

  5. BONPO says:
    2013-02-02 at 11:19 pm

    འོ་ལགས་སོ་སྙན་ངག་ཚད་ལྡན་སྨྲ་བ་མཁས་དབང་ཀླུ་སྨྱོན་ལགས་དང་དོལ་སྨྱོན་ལགས་རྣམ་པ་གཉིས་ནས་ལན་གནང་བར་བཀའ་དྲིན་ཆེ་ཞུ། །
    གྲུབ་མཐའ་བཞི་ལ་འབད་པར་མི་དགོས་ཤིང་།།
    ཕར་ཕྱིན་དྲུག་ལ་རིམ་གྱིས་མི་སློབ་པར།།
    ཡོད་ཚད་གདན་ཐོག་གཅིག་ཏུ་ཁྱེར་བ་སྟེ།།
    ཟབ་ཆོས་འདི་ནི་ཨུ་དུམ་ཝ་ར་ཉིད།།
    ཡ་ཡ་སྙན་མོ་བྲིས་འདུག། མཆོད་རྟེན་ཆེན་པོ་བྱ་རུང་ཁ་ཤོར་གྱི་འགྲམ་ནས་རྫོགས་ཆེན་ཀྱི་དོན་ཞིག་མཇལ་གྱོ་ཡོད་ཚོད་རེད། གཞན་ལ་འདི་ལྟར་སྨྲས་ན་སྣ་བཤུད་བརྒྱབ་ནས་འདྲོག་འགྲོ་ཡོང་།

  6. གཡུ་འབྲུག་དཀར་པོ། says:
    2013-02-02 at 11:53 pm

    མཚན་བྱང་ལ་བལྟས་ན་པདྨ་གླིང་པའི་གཏེར་མར་གྲགས་པའི་དྲི་མེད་པའི་ལུགས་ཀྱི་གཅོད་༼སྤྱོད་ཡུལ་༽ཟབ་དོན་ཐུགས་ཀྱི་ཉིང་ཁུ་དང་འདྲ་པོ་འདྲ་པོ་འདུག། གཉན་ས་ཞག་བདུན་མ་ཟེར་བ་དེ་ཡང་ཉམས་ལེན་ཞག་བདུན་མ་དང་འདྲ་པོ་ཡོད་ས་རེད།

  7. གཡུ་འབྲུག་དཀར་པོ། says:
    2013-02-02 at 11:57 pm

    དོལ་སྨྱོན་ལགས་ཀྱིས་རྩོམ་བྱང་དུ་སྤྱོད་ཡུལ་ཟེར་འཁོད་འདུག་ཀྱང་། གཤམ་དུ་རྩོམ་དངོས་སུ་གཅོད་ཅེས་བཀོད་འདུག་པར་བལྟས་ན་གཅོད་དང་སྤྱོད་གཉིས་རེས་མོས་སུ་འཇུག་པ་འདྲ། དེ་འདྲ་ཡིན་ནམ། པདྨ་གླིང་པའི་གཏེར་མ་དེར་ཡང་མཚམས་རེར་སྤྱོད་ཡུལ་དང་མཚམས་རེར་གཅོད་ཡུལ་ཞེས་གཉིས་ཀ་རེས་མོས་སུ་མཐོང་། འདིར་རང་གཅོད་དང་སྤྱོད་གང་ཡིན་ནམ་བསམས་ནས་མགོ་བོ་འཁོར་ནས་ཡོད།

  8. གཡུ་འབྲུག་དཀར་པོ། says:
    2013-02-02 at 11:58 pm

    ཉམས་ལེན་ཞག་བདུན་མ་་་་་་ཉམས་ཁྲིད་ཞག་བདུན་མར་བཅོས།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-02-03 at 12:39 am

    ༡༤༽
    སྣ་ཚོགས་སྤྱོད་པས་ཆགས་ཞེན་རྩད་ནས་གཅོད།།
    དམིགས་མེད་ལྟ་བས་བདག་འཛིན་དྲུང་ནས་གཅོད།།
    ཧཱུྃ་ཕཊཿསྔགས་ཀྱིས་འདྲེ་གདོན་སེམས་སུ་གཅོད།།
    སྟོང་ཉིད་ལྟ་བས་འཁོར་འདས་དབྱིངས་སུ་གཅོད།།

  10. ཀརྡོ་གཉེར་ཕྱག་པ་ says:
    2013-02-03 at 12:55 am

    བདུད་བགེགས་ངར་འཛིན་འདྲེར་འདྲིས་ལ། །

    དང་པོ་སྟོན་པ་ཤྰཀྱ་ཐུབ་པ་ཡིས། །
    ཤེར་ཕྱིན་མ་ཡུམ་བདག་མེད་ཆེན་མོ་གསུངས། །

    བར་དུ་དེ་དོན་བསམ་སྒོམ་ཞལ་འདོན་དང་། །
    བོད་ལུགས་ཌྰ་རྐང་བསྣམས་ནས་གཅོད་ལུགས་དར། །

    མཐའ་མ་བལ་འབྲུག་མགོ་སེར་མི་རིགས་ནང་། །
    བོད་བླས་བསླབས་ནས་རྒྱ་ཆེར་འཕེལ་བཞིན་འདུག །

    ང་ཡང་ལོ་ཆུང་དུས་ནས་དེ་ལ་མོས། །
    ད་ལྟ་གཅོད་ལུགས་འདྲ་མིན་སྦྱོང་དུས་འདིར། །

    དོལ་སྨྱོན་ཁྱོད་ཀྱིས་ཁ་བརྡར་དྲངས་པ་འདིས། །
    ང་ལ་ཆོས་གྲོགས་ཚུལ་དུ་བློ་སྐྱེད་བྱུང་། །

    གཅོད་ཡུལ་བདག་འཛིན་མྱུར་དུ་ཆོད་པར་ཤོག །

  11. ཟུར་གནས། says:
    2013-02-03 at 1:03 am

    ཆོས་འདི་འདྲའི་ཟབ་པོ་གོ་མྱོང་མཁན་གྱི་མི་ཞིག་ཡིན་ན། ཁ་བརྡ་ལ་ཁྲོམ་བསྒྲགས་བྱེད་པའི་སྐུལ་སློང་ལས་རྣམ་པར་རྒྱལ་བ་ཞིག་ཡོང་དགོས། བདག་འཛིན་དང་ང་འཛིན་གྱིས་བདུད་དཔུང་འོག་ལ་ཁྱེད་ཤོར་ང་ཤོར་གཅིག་པ་རེད་འདུག། ཆོས་འདི་འདྲ་ཞིག་ཡོད་ཟེར་ན་ཡིད་མི་ཆེས། ང་ཚོ་ཚང་མ་བདག་འཛིན་གྱིས་ཟིན་པའི་ནད་པ་གཅིག་པ་རེད་འདུག། ཁྱེད་ན་རྒྱུ་དེ་དང་ང་ཚོ་གཅིག་པ་ན། བཤད་རྒྱུ་དེར་ཁྱེད་ལ་སྨན་ཞེ་བོ་གཅིག་གི་ཡག་པོ་ཡོད་ཟེར་ན། གཞན་པ་ན་རེ། འོ་ན་ཁྱེད་ཅིའི་ཕྱིར་ནད་འདིས་བཅོམས་ཟེར་ན་ཇི་འདྲ་ཤོད།

    སྔོན་མ་རྒྱལ་བ་རིན་པོ་ཆེར་འཛམ་གླིང་ནང་གི་མི་རྒྱུ་ཆེ་ཤོས་སྦིལ་རྒ་ཌི་ཟེར་བའི་ཆུང་མ་དེས་རྡ་སར་བཅར་ནས་དཔལ་འབྱོར་གྱི་རོགས་པ་སྤྲོད་པར་བྱ་རྒྱུ་ཡིན་ཟེར་དུས། རྒྱལ་བ་རིན་པོ་ཆེས་ང་ལ་མི་དགོས། ཁྱེད་ཨ་ཕ་རི་ཀའི་མི་སྐྱོ་བོ་ཚོ་ལ་སྦྱིན་གསུངས་འདུག། ངོ་མ་འདི་ཚོ་ཆོས་ཟབ་པོ་མྱོང་བའི་བྲོ་བ་རེད། སྨན་བཅུད་ལེན་བཟས་པའི་གསོ་རྟགས་རེད། དེ་མིན་ཁ་བརྡ་འདི་ལ་ཡོང་ནས་ཆོས་འདི་ཤེས་དེ་ཤེས་ཟེར་ན། བགོད་ཤིན་དུ་བྲོ་བོ་འདུག། རྗེས་མ་འདི་འདྲ་མ་བྱེད་རོགས། ཁྱེད་ངོ་མ་ཚ་ནའང་། ང་ཚོ་ཀློག་མཁན་ཚོ་ཅུང་བདེ་པོ་མིན་འདུག

  12. བན་དེ་བ། says:
    2013-02-03 at 1:15 am

    དོལ་སྨྱོན་གྱིས་ཡག་པོ་གསུང་འདུག
    ཡིན་ནའང་་་་་ཁ་བྱང་དུ་་་་་དམ་ཆོས་བདུད་ཀྱི་སྤྱོད་ཡུལ་་་་་་་ཟེར་དུས་ཅུང་ཡ་མཚན་སོང་བདུད་ཀྱི་དམ་ཆོས་སྤྱོད་པ་ཡིན་ན་བདུད་ཡིན་མདོག་མེད། བདུད་ནི་དགེ་བ་ལ་བར་ཆོད་བྱེད་པ་ལས་རྒྱུ་འབྲས་ལ་གཙིགས་མི་ཆེ་བ་རྟག་ཏུ་དམ་ཆོས་ལས་བཤད་པ་དང་རྒྱབ་འགལ་དུ་བྱེད་པའི་ལས་སྤྱོད་ལ་ཞུགས་མཁན་ཞིག་ཡིན་དུས་གང་འདྲ་ཡིན་ནམ་བསམ་བྱུང།

  13. དོལ་སྨྱོན། says:
    2013-02-03 at 1:35 am

    ཟུར་གནས་ལགས།
    ལོ་སྔོན་མར་གུས་པ་དཔེ་ཚན་དེ་དག་ལ་ཞུ་དག་བྱེད་སྐབས་དད་པའི་སྤུ་ལོང་གཡོས་ནས་འདི་འདྲ་ཞིག་བྲིས་པ་ཡིན། དེ་མིན་འདིར་གྲགས་འདོད་དང་ངོམས་འདོད་སོགས་གང་ཡང་མིན་ལགས།

  14. དོལ་སྨྱོན། says:
    2013-02-03 at 1:43 am

    བན་དེས་གསུང་བ་བདེན།
    འོན་ཀྱང་ཟབ་ཆོས་འདི་ལ་མིང་དེ་ལྟར་དུ་འབོད་པ་ནི་གནད་དམ་པ་ཞིག་ཡིན་ཏེ།
    གང་གིས་ཞེ་ན། སྤྱིར་བདུད་ནི་དགེ་བ་ལ་བར་དུ་གཅོད་པའམ་ཡང་ན་གཉན་པའམ་འཇིགས་སུ་རུང་བ་ཞིག་ཡིན་པ་ལྟར། ཟབ་ཆོས་འདི་ཡང་ཆོས་གཞན་དང་མི་འདྲ་བར་ཤིན་ཏུ་གཉན་པའམ་ཟབ་པའི་ཕྱིར་ན་མིང་དེ་ལྟར་དུ་བཏགས་པ་སྟེ། ཉམས་སུ་ལེན་ཤེས་ཤིང་བོགས་འདོན་ནུས་ན་ཆོས་གཞན་ལས་དངོས་འགྲུབ་མྱུར་ལ། དེ་ལྟར་མ་བྱུང་བར་གང་བྱུང་དུ་སྤྱད་ན་བར་ཆད་དུ་མ་འབྱུང་བ་མངོན་གསུམ་ཡིན་པས་སོ།།

  15. ཨོ་རྒྱན་ཉི་མ། says:
    2013-02-03 at 1:53 am

    དམ་ཆོས་བདུད་ཀྱི་སྤྱོད་ཡུལ་དང་། རིགས་ཚོགས་ལ་རིག་ཚོགས་ཞེས་འབྲི་བ་ནི་རང་སྣང་གང་དྲན་ལས་མེད་པ་འདྲ། ཧཧཧ

  16. དོལ་སྨྱོན། says:
    2013-02-03 at 2:04 am

    དཔེ་ཚན་ལ་ལར་གཅོད་དང་ལ་ལར་སྤྱོད་ཅེས་གཉིས་སུ་འབྱུང་བ་ལས། སྔ་མ་ལྟར་ན་ཟབ་ཆོས་འདི་ཡི་ངོ་བོའམ་རང་བཞིན་སྟོན་པར་སེམས་ཏེ། ཕུང་པོ་ཟན་དུ་བསྐྱུར་བ་ཕྱི་ཡི་གཅོད།། བདག་འཛིན་འཆིང་བ་གཅོད་པ་ནང་གི་གཅོད།། ཅེས་འབྱུང་བ་ལྟར་རོ།།
    ཕྱི་མ་ལྟར་ན་དེ་ཉིད་ཉམས་སུ་ལེན་པའི་གང་ཟག་སྟོན་པར་སེམས་ཏེ། དེ་ཡང་བདུད་ཀྱི་སྤྱོད་ཡུལ་ཞེས་གསུངས་དུས་གང་ཟག་རེ་འགའ་བ་ལས་ཀུན་གྱིས་སྤྱོད་མི་ཐུབ་པར་དགོངས་པའོ།།

  17. ལུང་རྟོགས། says:
    2013-02-03 at 4:08 am

    ཡག་པོ་བྲིས་གནང་འདུག རང་ལྟ་མཆོག་འཛིན་ཅན་ཁ་ཤས་ལ་ནི་རང་ཕྱོགས་མ་གཏོགས་གཞན་ཚང་མ་སྐྱོན་ཅན་དུ་མཐོང་བས་དེ་འདྲའི་རིགས་ལ་ཁ་ཡ་བྱེད་ཚོད་མེད། གཅོད་ཀྱི་བསྟན་པ་འདི་བོད་ལ་དེང་སྐབས་ཅུང་ཉམ་བཞིན་པ་ལྟར་སྣང་ཡང་། དགའ་རབས་རིན་པོ་ཆེའི་བཀའ་དྲིན་ལས་འབྲུག་ཕྱོགས་ལ་དར་རྒྱས་ཆེན་པོ་ཡོད་པར་མངོན། འདི་ཡང་བསྒྲུབ་རྒྱུད་ཤིང་རྟ་ཆེ་བརྒྱད་ཀྱི་ནང་ཚན་ཞིག་ཡིན་པས་ང་ཚོས་ངེས་པར་དུ་བདག་པོ་རྒྱག་དགོས་ངེས་རེད།

  18. ཀླུ་སྨྱོན། says:
    2013-02-03 at 4:24 am

    ཡུལ་མདོ་སྨད་སྤྱི་དང་ཁྱད་པར་ངའི་ཕ་ཡུལ་ཕྱོགས་སུ་གཅོད་འདི་དར་ཁྱབ་ཆེན་པོ་ཡོད། དགོན་སྡེའི་གཅོད་པ་དང་དམངས་ཁྲོད་ཀྱི་གཅོད་པ་རིགས་གཉིས་འདུག ཡིན་ཡང་དེང་སྐབས་ཀྱི་གྲྭ་གཞོན་ཚོས་དོ་སྣང་ཅི་ཙམ་བྱེད་ཀིན་ཡོད་མེད་བརྗོད་དཀའ། ང་ནི་གཅོད་འདི་དང་མཉམ་དུ་ལག་ཆགས་པ་ཞིག་ཡིན། དེང་སྐབས་ཀྱང་ཌྰ་རྐང་ཞིག་དང་མཉམ་དུ་ཉལ་བསྡད་ཡོད།

  19. ཨོ་རྒྱན་ཉི་མ། says:
    2013-02-03 at 4:55 am

    ཕུང་པོ་གཟན་དུ་བསྒྱུར་བ་ཕྱི་ཡི་གཅོད།།
    བདག་འཛིན་རྩད་ནས་གཅོད་པ་ནང་གི་གཅོད།།
    ཟུང་འཇུག་བདེ་ཆེན་སྦྱོར་བ་གསང་བའི་གཅོད།།
    ཡེ་རྫོགས་དག་མཉམ་ཆེན་པོ་དོན་གྱི་གཅོད།།

  20. བན་དེ་བ། says:
    2013-02-03 at 5:22 am

    སྣང་སྲིད་ལྷ་འདྲེ་ཞི་བདེར་སྙོམ་པ་ཞི་བའི་གཅོད།
    གདུལ་བྱའི་ཚེ་བསོད་དབང་ཐང་རྒྱས་པ་རྒྱས་པའི་གཅོད།
    དབང་ཆེན་འཇིག་རྟེན་ལྷ་འདྲེ་དབང་སྡུད་དབང་གི་གཅོད།
    གདོན་ཆེན་ཨར་གཏད་གནམ་ལྕགས་ཐོག་མདའ་དྲག་པོའི་གཅོད།

    གཅོད་ཅེས་བྱ་བ་ལམ་སྲང་རྒྱ་མདོ་དང།
    མཛེས་སྡུག་ལྡན་པའི་གྲོང་ཁྱེར་ཁང་ཆེན་ནང།
    གཅོད་འདོན་གཅོད་ཀྱི་ལག་ལེན་བྱེད་པ་དག
    གཅོད་གནས་གཉན་ས་བཅུ་གཉིས་མ་ཤེས་རྟགས།

    གཅོད་ཅེས་བྱ་བ་གུར་སྒོ་དང་ནི་ཁང་པའི་སྒོར།
    རང་གི་འཚོ་གོས་ཆེད་དུ་གཏོང་བའི་ཚུལ་འདི་དག
    གཅོད་གནས་འཇིགས་རུང་དུར་ཁྲོད་གནས་བརྒྱད་སོགས།
    གཅོད་ཀྱི་གཞུང་དོན་རྒྱ་མཚོ་དང་ནི་ཕྱིན་ཅི་ལོག

    གཅོད་ཅེས་བྱ་བ་ཆགས་སྡང་རྨོངས་པའི་དུག
    རྩད་ནས་དྲུང་དུ་འབྱིན་པའི་ཕྱིར་ཡིན་ན།
    ཞིང་ཆེན་གཡང་གཞི་ལྟག་སྤྲོད་ཐོད་དྷར་རྐང།
    ལུས་ལ་འབྲལ་མེད་འཆང་ཀྱང་ལྷ་འདྲེའི་རྟེན།

  21. སྤོབས་པ་མཐའ་ཡས། says:
    2013-02-03 at 6:50 am

    གཅོད་འདི་རྙིང་མ་དགེ་ལྡན་བཀའ་བརྒྱུད་སོགས་ལ་ཁྱབ་འདུག ས་སྐྱ་དང་བོན་ལུགས་ལ་ཡོད་དམ།

  22. བན་དེ་བ། says:
    2013-02-03 at 7:35 am

    བོན་ལུགས་ལ་གཅོད་གོང་དུ་བཤད་པའི་ཞི་རྒྱས་དབང་དྲག་འཕྲིན་ལས་བཞི་ཡི་གཅོད་ཆེན་ཡོད་འདུག

  23. མེ་ཏོག་དཀར་པོ says:
    2013-02-03 at 10:53 am

    ཕྱི་ནང་གསང་བའི་བདུད་གཅོད་བྱེད། །
    མན་ངག་བྱིན་རླབས་ཐོལ་ལེ་བ། །
    བྱ་རུང་ཁ་ཤོར་ནས་བཏོན་པའི། །
    དོལ་སྨྱོན་ཧཱུྂ་ནག་མེ་འབར་རྒྱལ།།

  24. ཀླུ་སྨྱོན། says:
    2013-02-03 at 11:45 am

    ས་སྐྱའི་གཅོད་གཞུང་མ་མཐོང་། བོན་པོར་གཅོད་གཞུང་འདུག

  25. ཀླུ་སྨྱོན། says:
    2013-02-03 at 11:46 am

    ཡིན་ཡང་ཁམས་ཕྱོགས་སུ་ས་སྐྱའི་གྲྭ་རྒན་གཅོད་ཀྱི་སྒོ་ནས་གྲུབ་པ་བརྙེས་པ་དེ་འདྲ་བྱུང་བའི་ལོ་རྒྱུས་ཐོས།

  26. ཀརྡོ་གཉེར་ཕྱག་པ་ says:
    2013-02-03 at 11:51 am

    རྐང་གླིང་དང་། ཌ་མ་རུ་ཆེན་པོ་འདི་བོད་མི་སུས་ཐོག་མར་བཟོས་པ་ཡིན་ནམ། ལགས།

  27. ཟུར་གནས། says:
    2013-02-03 at 2:36 pm

    དོལ་སྨྱོན་གྱི་མཆན་༡༣ཡི་ལན་དུ།

    གལ་ཏེ་ངོ་མ་དེ་ལྟར་ཡིན་ན། ལེགས་སོ་བརྗོད་རྒྱུ་དང་། ཁྱེད་ཀྱི་བསམ་པ་དེ་དེ་བཞིན་གྲུབ་གྱུར་ཅིག

  28. ཆོས་ལྡན་དཔལ་མོ། says:
    2017-04-19 at 7:57 pm

    དོལ་སྨྱོན་ལགས། གཅོད་ཀྱི་དཔེ་ཆ་འདི་པར་དུ་སྐྲུན་ཟིན་པས་ཡིན་ནམ། གང་ནས་ཐོབ་ཀྱི་ཡོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme