Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབྱིན་ཡིག་རྩོམ་འབྲི་བ་སྡོམ་པ་ཚེ་རིང་དབང་མོ་ལགས་བོད་དུ་བསྐྱོད་པའི་སྐོར་ལ་བཅར་འདྲི།

Posted on 2010-03-092010-03-13 By ཁ་བརྡ་ 14 Comments on དབྱིན་ཡིག་རྩོམ་འབྲི་བ་སྡོམ་པ་ཚེ་རིང་དབང་མོ་ལགས་བོད་དུ་བསྐྱོད་པའི་སྐོར་ལ་བཅར་འདྲི།

dhom(བཅར་འདྲི་ཞུ་ཡུལ། སྡོམ་པ་ཚེ་རིང་དབང་མོ། བཅར་འདྲི་ཞུ་མཁན། རིག་འབྱུང་དོན་གྲུབ་བཀྲ་ཤིས། )

༡ ཁྱེད་རང་བོད་ལ་ག་དུས་ཕྱིན་པ་ཡིན་ནམ།
ལན། ང་བོད་ལ་ཐོག་མ་དེ་ཕྱི་ལོ་༡༩༩༤ལོར་ཕྱིན་པ་ཡིན། དེ་དུས། བོད་ནས་ཟླ་ངོ་བདུན་ཙམ་བསྡད་པ་ཡིན། ངའི་ཨ་མའི་སྐྱེས་ཡུལ་ཁམས་ནང་ཆེན་ལ་ཕྱིན་པ་ཡིན།
དེ་ནས། ཕྱི་ལོ་༢༠༠༠ལོར་བོད་ལ་ཕྱིན་ནས་ཟླ་ངོ་བཞི་ཙམ་བསྡད་པ་ཡིན། ཕྱི་ལོ་༢༠༠༤ལོར་བོད་དུ་ཟླ་ངོ་ལྔ་ཙམ་བསྡད་པ་ཡིན། ཕྱི་ལོ་༢༠༠༦ལོར་ཡང་ཕྱིན་པ་ཡིན།
ན་ནིང་། ཕྱི་ལོ༢༠༠༩ལོར་བོད་དུ་ཕྱིན་ནས་ཟླ་ངོ་བཞི་དང་ཕྱེད་ཀ་ཙམ་བསྡད་པ་ཡིན། ཁྱོན་བསྡོམས་བོད་དུ་ཐེངས་ལྔ་ཙམ་བསྐྱོད་པ་ཡིན།

༢ བོད་ལ་འགྲོ་རྒྱུའི་ཐོག་མའི་བསམ་བློ་དེ་ཇི་ལྟར་འཁོར་བ་ཡིན་ནམ།
ལན། ཕྱི་ལོ་༡༩༩༤ལོར་ངའི་ཨ་མ་ལགས་སྐུ་གྲོངས་བ་རེད། དེ་དུས། ང་མོ་ལོ་ཉེར་ལྔ་ལ་སོན་ཙམ་རེད། ཨ་མའི་གཉེན་ཉེ་དང་སྤུན་མཆེད་ཚང་མ་བོད་ལ་ཡོད་རེད།
ཁོང་ཚོར་ལྟ་བར་ཕྱིན་པ་ཡིན། དེའི་རྗེས་ཀྱི་ལོ་དེ་ཚོར་ཡང་གཉེན་འཕྲད་ལ་ཕྱིན་པ་ཡིན། ན་ནིང་། ངའི་ཨ་ཞང་བླ་མ་ཞིག་ཡོད་པ་དེ་ཅུང་ཙམ་སྐུ་སྙུང་གི་འདུག་ཟེར་པས།
ཁོང་ལ་བལྟ་བར་བསྐྱོད་པ་ཡིན། ཁོང་རྒྱ་ནག་གི་བཙོན་དུ་ལོ་ངོ་༢༠ལྷག་ཚུད་པ་རེད།

༣ ཁྱེད་རང་ཐོག་མར་བོད་ལ་སླེབས་དུས་ཚོར་སྣང་དམིགས་བསལ་ག་རེ་བྱུང་སོང་།
ལན། གོང་དུ་ཞུས་བ་བཞིན། ང་ཐོག་མར་བོད་ལ་ཕྱི་ལོ་༡༩༩༤ལོར་ཕྱིན་པ་རེད། ངའི་ཨ་མ་ལགས་སྐུ་ཚེ་མ་ཟིན་པའི་ལོ་དེ་རེད། དེ་དུས་ང་མོ་ལོ་ཉེར་ལྔ་རེད།
ང་ལ་ཚོར་སྣང་མ་འདྲ་བ་གསུམ་བྱུང་། དང་པོ་དེ། ང་རང་ཆུང་ཆུང་ཡིན་དུས་ནས། ངའི་ཨ་མས་དུས་རྟག་ཏུ་ང་ལ་ཕ་ཡུལ་གྱི་ས་ཆ་དང་དགོན་པ། མི་ཚང་སོགས་ཀྱི་སྐོར་མང་པོ་གསུང་བ་མ་ཟད་། ད་དུང་མི་ཚང་རེ་རེའི་མིང་དང་ལོ་རྒྱུས་སོགས་ཀྱང་གཅིག་གཅིག་གཉིས་གཉིས་བྱས་ནས་གསུངས་གི་རེད། ཐ་ན། ཕ་ཡུལ་དུ་མེ་ཏོག་དང་ཤིང་ནགས་ཀྱི་རིགས་ག་རེ་ཡོད་མེད་ཀྱི་སྐོར་ཡང་མང་པོ་གསུངས་གི་རེད། ཨ་མའི་སྐད་ཆ་དེ་ཚོས་ངའི་སེམས་ལ་བག་ཆགས་ཆེན་པོ་བཞག་འདུག དེར་བརྟེན། ཕ་ཡུལ་དུ། ཐོག་མར་སླེབས་དུས། ཕ་ཡུལ་གྱི་རི་ལུང་དང་དགོན་པ། གྲོང་པ་སོགས་གསར་བ་མ་ཡིན་པར་སོ་སོ་དང་འདྲིས་ཆ་ཡོད་པའི་ཚོར་སྣང་ལྟ་བུ་ཞིག་བྱུང་། གཉིས་པ་དེ། བརྒྱད་ཅུ་གྱ་གྲངས་ཀྱི་ནང་ལ། བོད་ནས་རྒྱ་གར་དང་བལ་ཡུལ་སོགས་ལ་གནས་མཇལ་དང་གཉེན་འཕྲད་དུ་ཡོང་མཁན་མང་དུ་ཕྱིན་པ་རེད་ལ། ཕྱི་ལོགས་ནས་བོད་དུ་གཉེན་འཕྲད་དུ་བསྐྱོད་མཁན་ཡང་མང་པོ་བྱུང་བ་རེད། དེ་དུས། ངའི་ཨ་མའི་
སྐྱེས་ཡུལ་ཁམས་ནང་ཆེན་གྱི་གྲོང་མི་མང་པོ་བལ་ཡུལ་དང་རྒྱ་གར་སོགས་ལ་གནས་མཇལ་དུ་སླེབས་སོང་། ཁོང་ཚོ་མང་པོ་ང་ཚོའི་ནང་ལ་བསྡད་པ་རེད་། ངའི་ཨ་མ་ལགས་ཀྱིས་ཁོང་ཚོར་ཕྱག་རོགས་གང་ཐུབ་གནང་བ་རེད། དེ་དུས་ནས། ངའི་ཕ་ཡུལ་གྱི་ཡུལ་མི་རྒན་པ་དེ་ཚོ་ངོ་ཤེས་བ་རེད། དེར་བརྟེན། ཕ་ཡུལ་དུ་དང་པོར་འགྲོ་དུས། སྔོན་ཆད་ཐུག་མྱོང་བའི་ཡུལ་མི་རྒན་པ་མང་པོ་ཡོད་ཙང་། རང་གི་ཁྱིམ་ལ་སླེབས་པའི་ཚོར་སྣང་ལྟ་བུ་ཞིག་བྱུང་། གསུམ་པ་དེ། ང་ཐོག་མར་བོད་ལ་སླེབས་དུས། ངའི་སེམས་ཀྱི་ནང་ལ། ངས་ད་ལྟ་བར་དུ་འཚོལ་བཞིན་པའི་ཕ་ཡུལ་ངོ་མ་དེ་འདི་ན་འདུག་བསམ་པའི་ཚོར་སྣང་དེ་ཤུགས་ཆེན་པོ་བྱུང་སོང་། ཚོར་བ་དེའི་རྐྱེན་པས་རང་གི་ཕ་ཡུལ་ལ་བརྩེ་ཞེན་སྨྲ་མ་ཤེས་བ་ཞིག་སླེབས་སོང་། དེའི་སྐབས་སུ།
ཕ་ཡུལ་གྱི་སྡོད་ཁང་དང་ཁ་ལག་སོགས་ཀྱི་སྒང་ལ་དཀའ་ངལ་གཅིག་ཀྱང་འཕྲད་མ་སོང་། ཐ་ན། གསང་སྤྱོད་སོགས་བེད་སྤྱོད་གཏོང་སྟངས་ལ་ཡང་ང་རང་སྒེར་ངོས་ནས་མ་གོམས་པ་གཅིག་ཀྱང་མི་འདུག དུས་དེ་ནས་བཟུང་། ཕ་ཡུལ་ཟེར་བའི་ཐ་སྙད་དེ་ངའི་སེམས་ལ་ཟབ་དུ་ཕྱིན་སོང་།

༤ ཁྱེད་རང་འགྲོ་སའི་ཁམས་ཁུལ་གྱི་བོད་མིའི་འཚོ་བ་སྐྱེལ་སྟངས་ཇི་འདྲ་རེད།
ལན། ཁམས་ཁུལ་ལབ་ན་རྒྱ་ཆེན་པོ་རེད། ཚང་མ་ངས་ཤེས་ཀྱི་མེད། ང་འགྲོ་ས་གཙོ་བོ་དེ་ངའི་ཨ་མའི་སྐྱེས་ཡུལ་ཁམས་ནང་ཆེན་རེད། ང་ཚོའི་གྲོང་པའི་ས་ཆ་དེའི་མིང་ལ་དོམ་པ་ཟེར་གི་ཡོད་པ་རེད། གྲོང་པ་ཆུང་ཆུང་རེད། ཡུལ་མི་མང་ཆེ་བ་འབྲོག་པ་རེད། ཁྱིམ་ཚང་མང་ཆེ་བས་རྟ་ནོར་སོགས་འཚོ་སྐྱོང་བྱས་ནས་མི་ཚེ་སྐྱེལ་གྱི་ཡོད་པ་རེད། ད་དུང་། ང་ཚོའི་གྲོང་པའི་ནང་དུ་། རྒན་འཁོགས་ཀྱང་གང་འཚམ་ཡོད་པ་རེད། རྒན་འཁོགས་དེ་ཚོ་ཕལ་ཆེ་བ། སྔོན་མ་རིག་གནས་གསར་བརྗེའི་སྐབས་སུ། བཙོན་དུ་ཚུད་པ་དང་སྡུག་སྦྱོང་མྱངས་མྱོང་མཁན་དེ་འདྲ་རེད། ཁོང་ཚོ་ཕལ་ཆེ་བ་དགོན་པའི་ཐག་ཉེར་སྡོད་ཀྱི་འདུག ནམ་རྒྱུན་ནས། དགོན་པར་བསྐོར་བ་བརྒྱབ། མ་ཎི་བསགས། ཕྱག་འཚལ། དེ་ལྟར་བྱས་ནས་སྡོད་ཀྱི་འདུག
དགོན་པས་ཀྱང་ཁོང་ཚོའི་ཟ་འཐུང་སོགས་ལ་རོགས་རམ་མང་པོ་གནང་གི་འདུག

༥ ཡུལ་མི་ཚོའི་འཚོ་བ་སྐྱེལ་སྟངས་ཀྱི་ཁྲོད་ན། ད་དུང་ཡང་སོ་སོའི་ཆོས་དང་རིག་གཞུང་སོགས་མ་ཉམས་པར་བསྡད་འདུག་གམ།
ལན། མ་ཉམས་པར་བསྡད་འདུག་གམ་ལབ་ན། ངས་གསལ་བོ་ཞིག་ལབ་ཐུབ་ཀྱི་མི་འདུག སྔོན་མའི་གནས་སྟངས་མང་པོ་ཞིག་ངས་གསལ་གསལ་ཐང་ཐང་ཞིག་ཤེས་ཀྱི་མེད། ངའི་ཨ་མའི་སྐྱེས་ཡུལ་ནང་ཆེན་དུ། ཡུལ་མི་ཚོ་བླ་མ་དང་ཆོས་ལ་འབྲེལ་བ་ཆེན་པོ་འདུག ཡུལ་མི་ཚོས་བླ་མ་དང་དཔོན་པོ་གཉིས་རྩ་ཆེ་ཤོས་ལ་བརྩི་གི་རེད། ང་ཚོའི་ནང་མིའི་མིང་ལ་ཡང་དོམ་པ་ཚང་ཟེར་གྱི་ཡོད་པ་རེད། ང་ཚོའི་ནང་ཡང་སྔོན་མ་དཔོན་ཚང་ཞིག་རེད། ངའི་ཨ་མ་ལགས་བོད་ལ་ཐེངས་དང་པོར་འགྲོ་དུས། ཕ་ཡུལ་དུ་དགོན་པའི་བླ་མ་བཞི་མ་གཏོགས་ལྷག་མི་འདུག་ཟེར། སྔོན་ཆད་ཡུལ་ལུང་ཆུང་ཆུང་དེ་ག་རང་ལ་ཡང་། དགོན་པ་༡༡ཙམ་ཡོད་རེད་ཟེར། དགོན་པ་དེ་ཚོ་ཕལ་ཆེ་བ་རིག་གནས་གསར་བརྗེའི་སྐབས་སུ། གཏོར་བཤིག་ཐེབས་པ་རེད་ཟེར། རྗེས་སུ། དགོན་པ་ཁ་ཤས་ཉམས་གསོ་བྱས། ཆོས་སྒོ་ཕྱེས། བླ་མ་ཚོས་ཀྱང་ཡུལ་མི་རྣམས་ལ་བཀའ་ཆོས་གསུངས། དེ་འདྲ་བྱས་ནས། ཡུལ་མི་ཚོའི་བསམ་པ་ཡང་ཆོས་ཀྱི་ཕྱོགས་ལ་འཁོར་འདུག ང་འགྲོ་དུས། ཡུལ་མི་ཚོ་ཆོས་དང་བླ་མ་ལ་དད་པ་ཆེན་པོ་འདུག ཆོས་ཀྱི་བསམ་བློ་དེ་ཤུགས་ཆེན་པོ་འདུག

༦ ཕ་ཡུལ་དུ། ཡུལ་མི་ཚོས་སོ་སོའི་ཆོས་རིག་ལ་བཅིངས་པའི་བརྩེ་བ་དང་དེའི་དབར་གྱི་འབྲེལ་ཐག་དེ་ཇི་འདྲ་ཞིག་རེད་དམ།
ལན། ང་དང་པོ་བོད་ལ་འགྲོ་དུས། ཡུལ་མི་རྒན་པ་ཚོས་སོ་སོའི་ཆོས་དང་རིག་གཞུང་གི་ཕྱོགས་ལ་བསམ་བློ་གཏོང་སྟངས་ཡག་པོ་འདུག བསམ་བློ་གཏོང་སྟངས་ཀྱང་ཧ་ཅང་ཡག་པོ་འདུག ཆོས་དང་བླ་མ་ལ་དད་པ་ཆེ་བ་མ་ཟད་སོ་སོའི་ཡུལ་སྲོལ་གོམས་གཤིས་སོགས་ཀྱང་ཉར་ཚགས་ཡག་པོ་བྱས་འདུག འོན་ཀྱང་། དེ་དུས། དམར་ཕྱོགས་རིང་ལུགས་ལབ་ན། ག་རེ་ཡིན་དང་ལམ་ལུགས་དེའི་རྒྱབ་ལྗོངས་སོགས་མཁྱེན་གྱི་མི་འདུག ཆོས་ལ་དོ་སྣང་ཆེ་རུ་ཆེ་རུ་ཕྱིན་ནས། རྗེས་སུ། སོ་སོའི་རང་དབང་དང་ཐོབ་ཐང་ངོ་འཕྲོད་ཀྱི་འདུག རྒྱ་ནག་གི་འོག་ཏུ་སོ་སོར་ཆོས་བྱེད་ཀྱི་ཐོབ་ཐང་དང་རང་དབང་སོགས་མེད་པའི་བསམ་ཚུལ་དེ་ཤུགས་ཆེན་པོ་འདུག སྔོན་མ། ཁོང་ཚོས་ལྷ་ས་བ་ལ་བོད་པ་ཟེར་གྱི་འདུག་མ་གཏོགས་སོ་སོར་བོད་པ་ཞེས་འབོད་ཀྱི་མི་འདུག རྗེས་སུ། ང་ནང་བ་ཡིན། ང་ཚོ་ཚང་མ་བོད་པ་རེད་ཟེར་གྱི་འདུག སྔོན་མ་ང་ཐེངས་དང་པོར་བོད་ལ་འགྲོ་དུས། ཡུལ་མི་ཚོས་སོ་སོའི་ས་གནས་ཀྱི་བླ་མ་དེ་གལ་ཆེན་པོར་བརྩི་གི་འདུག ༧རྒྱལ་བ་རིན་པོ་ཆེའི་སྐོར་ལ་དམིགས་བསལ་མཁྱེན་གྱི་མི་འདུག ཕྱིས་སུ། ༧རྒྱལ་བ་རིན་པོ་ཆེའི་སྐོར་ལ་མང་པོ་འདྲི་གི་འདུག ཕ་ཡུལ་གྱི་ཡུལ་མི་ཚོས། སོ་སོའི་ཆོས་དང་རིག་གཞུང་སོགས་ལ་བཅིངས་བའི་བརྩེ་ཞེན་དང་མཐོང་དུས། ངའི་སེམས་ལ། ཆོས་འདི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་འདུག་དྲན་སོང་། བོད་མི་ཚོ་རྡོག་རྡོག་བྱས་ནས་བསྡམས་འདུག་བྱེད་དེ་ཆོས་རེད་དྲན་སོང་། ཆོས་དེ་མེད་པ་ཡིན་ན། ང་ཚོ་རྡོག་རྡོག་བྱས་ནས་ཁ་མ་འཐོར་བར་འདུག་ཐུབ་རྒྱུ་ཁག་པོ་རེད་དྲན།

༧ ཕ་ཡུལ་གྱི་ཡུལ་མི་ཚོའི་གནས་སྟངས་ལ་བལྟས་ན། བོད་ཟེར་བ་འདི་མུ་མཐུད་དུ་གནས་ཐུབ་རྒྱུའི་རེ་བ་མཐོང་གི་འདུག་གམ།
ལན། ངའི་བསམ་པར། བོད་ནང་གི་ས་ཆ་མ་འདྲ་བ་རེ་ལ་གནས་སྟངས་ཀྱང་མ་འདྲ་བ་རེ་ཡོད་རེད་དྲན། དཔེར་ན། དར་རྩེ་མདོ་ལྟ་བུ་ཡིན་ན་སྔོན་མ་དང་བསྡུར་ན་། འགྱུར་བ་ཆེན་པོ་ཕྱིན་འདུག ཡང་ཁམས་ཁུལ་གྱི་ས་ཆ་གཞན་པ་ཁ་ཤས་ལ། ད་དུང་ཡང་སྲོལ་རྒྱུན་གྱི་འགྲོ་སྟངས་དེ་ཚོར་དང་དོད་ཆེན་པོ་བྱེད་ཀྱི་འདུག གཙོ་བོ། བོད་མི་ཚོའི་བསམ་བློ་གཏོང་སྟངས་དང་འདུ་ཤེས་འཛིན་སྟངས་ལ་རག་ལས་ཀྱི་ཡོད་རེད་དྲན། ང་བོད་དུ་འགྲོ་དུས། རྒྱ་ནག་གི་རྒྱལ་ས་པེ་ཅིང་སོགས་སུ་སློབ་སྦྱོང་ལ་འགྲོ་མཁན་གྱི་བོད་རིགས་སློབ་མ་མང་པོར་ཐུག་བྱུང་། ཁོང་ཚོའི་མཉམ་དུ་ཁ་བརྡ་མང་པོ་བྱས་བ་ཡིན། ཁོང་ཚོང་མང་པོ་ཞིག་གིས་འདི་འདྲ་གསུངས་ཀྱི་འདུག པེ་ཅིང་དུ་ཕྱིན་ནས་སྤྱི་ཚོགས་གཞན་དང་མི་རིགས་གཞན་གྱི་གནས་སྟངས་དེ་ཚོ་མཐོང་ཡོང་དུས། སོ་སོ་བོད་མི་རིགས་ཀྱི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་སོགས་ལ་དོ་སྣང་དང་བརྩེ་ཞེན་ཆེ་རུ་འགྲོ་གི་འདུག་ཟེར། བོད་ནང་ན། ལོ་ཆུང་ལྷ་བྲིས་བ་དང་གཞས་པ། རྩོམ་འབྲི་མཁན་སོགས་མང་པོ་འདུག གཞས་གཏོང་མཁན་ཚོས་ཀྱང་ཆོས་ཀྱི་གཞས་དང་ཡུལ་སྲོལ་དང་འབྲེལ་བའི་གཞས། ལྷག་པར་དུ་སོ་སོའི་མི་རིགས་ཀྱི་གནས་སྟངས་མཚོན་པའི་གཞས་སོགས་བཏང་ཡོང་དུས། ཡུལ་མི་ཚོས་དེ་ལ་ཧ་ཅང་དགའ་སྣང་བྱེད་ཀྱི་འདུག དཔེར་ན། ཡར་དུང་དང་ཀུན་དགའ། རིག་དགའ། ཤེར་བརྟེན་སོགས་ཀྱི་གཞས་ལ་ཡུལ་མི་ཚོས་དགའ་མོས་ཆེན་པོ་བྱེད་ཀྱི་འདུག རྩོམ་འབྲི་མཁན་མང་པོས་ཀྱང་སོ་སོའི་མི་རིགས་ཀྱི་སྐོར་ལ་མང་པོ་བྲིས་འདུག གཞས་གཏོང་མཁན་ཚོ་ཡིན་ན་ཡང་། རྒྱ་ནག་གི་བཙན་འོག་ལ་ཡོད་བཞིན་དུ། ་སོ་སོའི་མི་རིགས་ཀྱི་བདེ་སྡུག་མཚོན་པའི་གཞས་ཚིག་གཏོང་བཞིན་པ་དེ་ཚོ་ཧ་ཅང་རླབས་ཆེན་རེད་དྲན། སྙིང་སྟོབས་ཀྱང་ཆེན་པོ་རེད། དེ་ཚོ་མཐོང་དུས།
རྒྱ་ནག་གི་དབང་བསྒྱུར་འོག་ན་ཡོད་མེད་ལ་མ་བལྟས་བར། ང་ཚོའི་མི་རིགས་འདི་བརླག་གི་མ་རེད་དྲན། བོད་མི་ཟེར་བ་འདི་ལས་སླ་བོའི་སྒང་ནས་གཞན་ལ་འགྱུར་འགྲོ་བ་ཞིག་ཁྱོན་ནས་མ་རེད་བསམ།

༨ བོད་ནང་དང་བོད་ཕྱིའི་བོད་མི་ཚོའི་དབར་ན། སོ་སོའི་རིག་གཞུང་ཉར་ཚགས་བྱེད་སྟངས་ལ་ཁྱད་པར་འདུག་གམ།
ལན། ངའི་མཐོང་ཚུལ་ལ། བོད་ནང་དུ། རི་མོ་དང་གླུ་གཞས། ཞབས་བྲོ། རྩོམ། ད་དུང་། ཤིང་བཟོ་དང་རྡོ་བཟོ་སོགས་ཕྱོགས་ག་རེའི་སྒང་ལ་ཡིན་ན་ཡང་། སྣ་འཛོམས་པ་དང་རྒྱ་ཆེ་བ། སྤུས་དག་པ། ད་དུང་དེ་དག་གི་ཤུགས་རྐྱེན་ཡང་ཆེན་པོ་འདུག བོད་ཕྱི་ལ་མཚོན་ན། དེ་ཙམ་མི་འདུག དེ་སྔོན། ང་བོད་ལ་མ་ཕྱིན་སྔོན་ལ། ཕྱི་ལོགས་སུ་སྡོད་མཁན་ལོ་གཞོན་མང་པོའི་སེམས་ལ། བོད་ནང་གི་བོད་མི་ཚོ་ཕྱོགས་གང་ཅིའི་ཐད་ནས་རྗེས་ལུས་རེད་བསམ་ཀྱི་ཡོད་པ་རེད། དོན་དངོས་སུ་དེ་འདྲ་རེད་མི་འདུག བོད་ནང་དུ། ག་རེའི་སྒང་ལ་ཡིན་ན་ཡང་འཇོན་པ་དེ་ཚོ་འདུག དེང་སང་། ཕྱི་ལོགས་སུ་ཡང་སྔོན་མའི་བསམ་བློ་གཏོང་སྟངས་དེ་ལ་འགྱུར་བ་ཕྱིན་འདུག ལོ་ཆུང་བ་དེ་ཚོས་དོ་སྣང་མང་བ་སྤྲོད་ཀྱི་འདུག

༩ ཁྱེད་རང་ན་ནིང་བོད་ནས་ཕྱིར་འཁོར་མཚམས། ཁྱེད་ཀྱི་ཨ་མའི་སྐྱེས་ཡུལ་དང་ཡུལ་མི་ཚོའི་སྐོར་ལ་དེབ་ཅིག་འབྲི་གིན་ཡོད་པ་རེད་ཟེར། དེ་བདེན་པ་རེད་དམ།
ལན། དེ་བདེན་པ་རེད། དེབ་དེ་བྲིས་ཚར་ནས་ཨ་རིའི་ནང་གི་དཔར་བསྐྲུན་ཁང་ཞིག་ལ་བསྐྱལ་ཡོད། དེབ་དེའི་མིང་ལ་( Imagined Country) ཟེར།

༡༠ དེབ་དེའི་བརྗོད་བྱའི་སྐོར་བོད་རིགས་ྐློག་པ་པོ་ཚོར་མདོར་བསྡུས་ཤིག་བརྗོད་ན་འགྲིག་གམ།
ལན། ཡིན་དང་ཡིན། དེབ་དེ་བརྗོད་བྱ་གལ་ཆེ་བ་གསུམ་གྱི་སྒང་ལ་ཡིན། གཅིག་དེ། ཕ་ཡུལ་གྱི་ཡུལ་མི་ཚོའི་འཚོ་བ་སྐྱེལ་སྟངས་དང་ཆོས་བྱེད་སྟངས།
ས་དང་ཡུལ་མིའི་བར་གྱི་བརྩེ་དུང་། ས་གནས་ཀྱི་ཡུལ་ལྷ་དང་གཞི་བདག་སོགས་ལ་བསམ་བློ་གཏོང་སྟངས་བཅས་ཀྱི་སྐོར་ཡིན། གཉིས་པ་དེ། ངའི་དྲིན་ཆེན་ཨ་མའི་སྐོར་ཡིན།བོད་དང་ང་། ངའི་ཨ་མའི་སྐྱེལ་ཡུལ་གསུམ་གྱི་དབར་ལ། འབྲེལ་ཐག་བཟོ་མཁན་དང་བརྩེ་དུང་འཇོག་མཁན་དེ་ངའི་ཨ་མ་རེད། གསུམ་པ་དེ། ང་རང་སྒེར་གྱི་མཐོང་ཐོས་དང་ཉམས་མྱོང་གི་སྐོར་ལ་ཡིན། དེབ་དེའི་སྐོར་མདོར་བསྡུས་འདི་འདྲ་ཞིག་རེད།

བཅར་འདྲི་དང་ལེན་གནང་བར་བཀའ་དྲིན་ཆེ།
བུད་མེད་རྩོམ་པ་མོ་དོམ་པ་ཚེ་རིང་དབང་མོ་ལགས་ཀྱི་མི་ཚེའི་ལོ་རྒྱུས་མདོར་བསྡུས་ཤིག་འདི་རུ་ཡོད།
འདི་ལ་བསྣུན་རོགས།

བཅར་འདྲི།

Post navigation

Previous Post: ཇ་ཕོར་བ་གང་འཐུང་ཞོར་དུའང་ཁྱེད་དྲན་པ།
Next Post: ༧གོང་ས་མཆོག་གིས་གྲོས་ཚོཊ་སུ་བསྩལ་བའི་གསུང་འཕྲིན།

Comments (14) on “དབྱིན་ཡིག་རྩོམ་འབྲི་བ་སྡོམ་པ་ཚེ་རིང་དབང་མོ་ལགས་བོད་དུ་བསྐྱོད་པའི་སྐོར་ལ་བཅར་འདྲི།”

  1. མི་རྐང་གླིང་བུ། says:
    2010-03-09 at 4:23 am

    སྙིང་རྗེ་བོ་འདྲ་ཞིག་བཤད་འདུག་བསམས་བྱུང་། བོད་ཀྱི་བུ་མོ་མཚན་ཉིད་ཚང་བ་ཞིག་ཡིན་ལས་ཆེ།
    འདིས་བོད་ཡིག་ཤེས་ཀྱི་ཨེ་ཡོད་ན་་་་་་་་་་་་་་་་་་་་་་་་་་་་་་་་་་་་

  2. མི་རྐང་གླིང་བུ། says:
    2010-03-09 at 4:25 am

    ཨོ་ཅིག་བརྗེད་འདུག་་་་་་་་་་་་་་འདིའི་ཕ་ཡུལ་དོམ་པ་མ་རེད། སྡོམ་པ་རེད་དྲན་སོང་།

  3. བསོད་ནམ་དགའ་བ says:
    2010-03-09 at 7:12 am

    ཁྱེད་ཀྱི་གནས་ཚུལ་དེ་ཚོ་དངོས་གནས་གསལ་བོ་བྲིས་འདུག་པ་མ་ཟད། སེམས་ཤུག་དང་སྤོད་པ་དེ་ལ་དངོས་གནས་རྗེས་སུ་ཡི་རིང་ཞུ་གི་ཡིན། ང་ཚོས་བོད་པ་ཚང་མ་སེམས་ཤུག་མ་ཉམས་པ་ཐོག་ནས་དྲང་བོ་དང་ཞི་བདེ་གི་ལམ་དུ་སྐྱོད་ཐུབ་པ་གལ་ཆེ་པོ་རེད།

  4. གུ་ར་རྫ། says:
    2010-03-09 at 7:22 am

    སྐད་ཆ་ཡག་པོ་བཤད་འདུག

  5. གཞིས་ལུས་བོད་པ། says:
    2010-03-09 at 9:55 am

    སྐད་ཆ་སྙིང་རྗེ་བོ་བཤད་འདུག

  6. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-03-09 at 1:10 pm

    མི་རྐང་གླིང་བུ་ལགས།
    ཁོ་མོའི་ཕ་ཡུལ་གྱི་མིང་དངོས་ལ་། དོམ་པ་ཟེར་དང་སྡོམ་པ་ཟེར་གྱི་ཐད་ལ་སྔོན་མར་ཡང་དོགས་འདྲི་བྱེད་མཁན་འགའ་ཤས་བྱུང་།
    ངེད་ལ་གསལ་ཆ་དམིགས་བསལ་མེད། མོ་རང་ལ་ཡང་ཡུལ་མིང་གི་དག་ཆའི་ཐད་ལ་བསམ་ཚུལ་དམིགས་བསལ་མི་འདུག ཁྱེད་ཚོར།
    དོམ་པ་མིན་པར་སྡོམ་པ་ཡིན་པའི་ཁུངས་འདྲ་ཡོད་ན། འདི་རུ་འགོད་རོགས་གནང་། ངེད་ཀྱིས་དོམ་པའི་ཚབ་ལ་སྡོམ་པ་ཞེས་བཀོད་ཆོག
    དོམ་པ་ཚེ་རིང་དབང་མོའི་བོད་ཡིག་ཨེ་ཤེས་ཞེས་བའི་ཐད།
    དོམ་པ་ཚེ་རིང་དབང་མོས་དབུས་སྐད་དང་ཁམས་སྐད་གཉིས་ཀ་བཤད། ཁམས་སྐད་ལྷག་ཏུ་མོ་ལ་བདེ་བ་འདུག་ཟེར།
    བོད་ཡིག་ྐློག་ཐུབ་ཀྱི་རེད། ྐློག་ཐུབ་པ་ནང་བཞིན་གོ་བ་ཆ་ཚང་ལོན་གྱི་མི་འདུག་ཟེར། དེ་ཙམ་ཡིན།

  7. ཁྲ་གླག་སྤྱང་གསུམ་ says:
    2010-03-09 at 8:55 pm

    བོད་རིགས་བུད་མེད་ཚུལ་ལྡན་ཞིག་རེད་སྐད་ཆ་ཡག་པོ་འདུག། ཐུགས་རྗེ་ཆེ།།།

  8. ཆུ་སྐྱེས་སྒྲོལ་མ། says:
    2010-03-10 at 12:50 am

    བོད་མོ་ཞིག་དང་ལྷག་པར་ཕྱིར་བསྡོད་བོད་མི་ཞིག་གིས་ཕ་ཡུལ་ལ་བཅངས་བའི་བརྩེ་གདུང་དང་དེ་འབྲེལ་གྱི་མཐོང་ཐོས་མྱོང་གསུམ་སྐུ་ཞབས་རིག་འབྱུང་དོན་གྲུབ་བཀྲིས་ལགས་ནས་ངོ་སྤྲོད་གནང་བར་ཐུགས་ཆེ།
    ལྷ་དོན་ཁོ་མོས་རང་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རྣམས་ལ་དོ་སྣང་ཆེན་པོས་གང་ཤེས། གང་མཐོང་རྣམས་དེབ་གཟུགས་སུ་བཀོད་པར་ཐུགས་རྗེ་ཆེ་ཞུ་རོགས།

  9. འཕྲིན་དོན་ says:
    2010-03-10 at 9:26 am

    རྩོམ་པ་མོ་ལགས་ཀྱིས་གསུང་པ་ཐམས་ཅད་ཡིད་འགུལ་ཐེབས་ཡག་ཞིག་རེད་འདུག་པས་ཐུགས་རྗེ་ཆེ་ཞུ། ལྷག་པར་དུ་དྲི་བ་བརྒྱད་པའི་ནང་བོད་ཕྱི་ཕྱོགས་ཀྱི་གཞོན་སྐྱེས་ཚོས་བོད་ནང་ལ་བལྟ་སྟངས་གསུང་པ་དེ་དོན་ལ་འཕིགས་པ་གསུང་འདུག་དྲན་བྱུང་་།།།ུ

  10. གནམ་ལྕགས། says:
    2010-03-11 at 3:24 am

    རིག་འབྱུང་བས་དྲི་བ་དྲིས་ལན་གྱི་ཟིན་བྲིས་ཡག་པོ་ཞིག་སྤེལ་འདུག དོམ་པ་ཚེ་རིང་དབང་མོ་ཟེར་བའི་བུད་མེད་སྙན་ངག་པ་འདི་སྔོན་མ་བོད་ཀྱི་དཔེ་མཛོད་ནས་ངས་ཀྱང་ངོ་ཤེས་སོང་། འོན་ཀྱང་འབྲེལ་འདྲིས་དམིགས་བསལ་བ་གང་ཡང་མེད། གཞན་དུ་ན། ཡུལ་དེའི་མིང་ལ་སྡོམ་པ་མ་རེད། དོམ་པ་རང་ཡིན་པ་ཡོད། སྔོན་མ་ཞིག་ལ་ངས་དཔེ་མཛོད་ནས་བཏོན་པའི་དེབ་ཅིག་ཏུ་ནང་ཆེན་གྱི་རྒན་པོ་ཞིག་གི་ལོ་རྒྱུས་མདོར་བསྡུས་ཤིག་མཐོང་བ་དེའི་མིང་གི་མགོ་ནའང་དོམ་པ་ཅིག་ཅིག་ཅིག་ཟེར་བ་ཞིག་དྲན་གྱི་འདུག་ལ། ཡང་བོད་གཞུང་གི་སྐུ་ངོ་ཡང་དོམ་པ་ཅིག་ཅིག་ཅིག་ཟེར་བ་དེ་འདྲ་ཡོད་པ་དྲན་གྱི་འདུག དེ་རིང་ཡང་ངས་ནང་ཆེན་གྱི་ལོ་རྒྱུས་དེབ་གཟུགས་བོད་དཔེ་ཀློག་སྟངས་སུ་དཔར་བ་དེ་བཙལ་བ་ཡིན་མོད། རྙེད་སོན་མ་བྱུང་། གལ་སྲིད་དེབ་དེའི་ནང་དུ་འདིའི་སྐོར་ཡོད་ངེས་ཡིན་ན། རྗེས་སུ་ངས་ནམ་མཐོང་ན་ཁྱེད་ལ་གསལ་བཤད་ཞུ་ཆོག་པ་ཞུ།

  11. ཁྲ་གླག་སྤྱང་གསུམ། says:
    2010-03-11 at 7:30 am

    ཆོས་རྒྱལ་དྲུང་པ་རིན་པོ་ཆེའི་གོང་མ་དང༌། ཡོན་དགེ་གཏེར་བཏོན་གྱི་རྣམ་ཐར་ནང་ཡང་སྡོམ་པ་ཟེར་ཡོད། ནང་ཆེན་རྒྱལ་རབས་ཚང་མས་ནང་སྡོམ་པ་བྲིས་ཡོད། གཞན་ཡང་བཙན་བྱོལ་ནང་སྡོམ་པ་ཚེ་རིང་ཆོས་སྒྲོན་ཞེས་མདོ་སྟོད་ཀྱི་སྤྱི་འཐུས་སྐབས་གཉིས་རིང་བྱས་པ་རེད། སྡོམ་པ་ཚེ་རིང་ཆོས་སྒྲོན་ཞེས་བོད་གཞུང་གི་ཡིག་ཚགས་ནང་གསལ་པོ་འཁོད་ཡོད་རེད། དེ་ལས་གཞན་ཁུངས་ཅང་མེད། དོམ་པ་ཟེར་བྲིས་དགོས་པའི་ཁུངས་ཡོད་ན་གང་འཐད་བལྟས་ཆོག

  12. བཀྲིས། says:
    2010-03-11 at 8:45 am

    ཨ་ཅེ་ཚེ་རིང་དབང་མོ་ལགས་ཀྱི་སྐོར་སྔོན་མ་ཞིག་ནས་གོ་ཐོས་བྱུང་།་་་་ལ་རྩེ་དུས་དེབ་ལ་འཁོད་པ་ནས་བཟུང་ངས་དོ་སྣང་བྱས་པ་ཡིན། ཡིན་ཀྱང་།་་དྭོགས་པ་ཞིག་ཡོོད་པ་ན་ི་ཁོ་མོས་གཉེན་སྒྲིག་བྱས་ཡོད་དམ། ཡང་ན་ཟླ་བོ་བོད་པ་ཡིན་ནམ། དེང་སྐབས་བོད་པ་ཚང་གི་རིགས་རྒྱུད་ལ་བསྲེས་ལྷད་མང་ཞིང་མྱུར་བའི་སྐབས་དང་།་་་ལྷག་པར་དུ་འཇོན་ཐང་ཅན་རྣམས་ཀྱི་བུ་ཕྲུག་རྒྱ་མ་བོད་དང་། དབྱིན་མ་བོད་སོགས་སུ་ར་མ་ལུག་ཏུ་གྱུར་དུ་ང་ལ་ཕངས་སྣང་ཧ་ཅང་ཆེ་སྟབས།་་་་་རྒྱུན་དུ་བོད་རིགས་འཇོན་པོ་ཞིག་འདུག་ཟེར་དུས་ངར་རང་དབང་མེད་པར་དྲི་བ་འདི་འཁོར་ཡོང།

  13. མི་རྐང་གླིང་བུ། says:
    2010-03-12 at 2:01 pm

    རིག་འབྱུང་དོན་བཀྲ་ལགས།
    སྡོམ་པ་ཟེར་བ་འདི་ནི་སྔ་མ་ནང་ཆེན་རྒྱལ་པོའི་མགྲོན་གཉེར་ཁག་བཞིའི་ནང་ཚན་ཞིག་རེད། ཕྱིས་སུ་རྒྱ་ནག་གོང་མ་ཡུང་ཀྲིང་གི་དུས་སུ་ནང་ཆེན་རྒྱལ་པོ་ལ་ཆིན་ཧུ་དང་། མགྲོན་གཉེར་སོགས་ལ་བེ་ཧུའི་གོ་ཐོབ་སྤྲད་པ་ནས་བཟུང་ནང་ཆེན་ཆིན་ཧུ་དང་། སྡོམ་པ་བེ་ཧུ་ཞེས་གྲགས།
    དེ་ལྟར་སྡོམ་པ་ཟེར་བ་ནི་དཔོན་པོ་ཞིག་དང་། དཔོན་དེའི་མངའ་ཁོང་གི་འབངས་མི་གཉིས་ཀ་ལ་ཁྱབ་ཐུབ་པའི་ཐ་སྙད་ཅིག་རེད།
    ཡི་གེ་ནི་སྡོམ་པ་ཞེས་འབྲི་བཞིན་པ་རེད་ལ་སྒྲ་བཤད་སོགས་ནི་མ་ཤེས།

  14. རིག་འབྱུང་དོན་གྲུབ་བཀྲ་ཤིས། says:
    2010-03-13 at 5:42 pm

    མི་རྐང་གླིང་བུ་དང་ཁྲ་གླག་སྤྱང་གསུམ་གཉིས་ཀྱིས་བསམ་ཚུལ་གནང་བར་བཀའ་དྲིན་ཆེ།
    ངེད་ཀྱིས་དོམ་པ་དེ་སྡོམ་པར་བཅོས་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme