Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་རྐྱང་རོ་གསུམ་གྱི་ཐོག་མའི་ཤེས་བྱ།

Posted on 2018-01-132018-01-13 By ཁ་བརྡ 7 Comments on དབུ་རྐྱང་རོ་གསུམ་གྱི་ཐོག་མའི་ཤེས་བྱ།

ཡར་འབྲོག་རྡོ་རྗེ།    འཕགས་ཡུལ་སྨན་རྩིས་མཐོ་སློབ་ཁང་།

 

གླེང་གཞི།

དུས་རབས་ཉེར་གཅིག་ནི་ཚན་རྩལ་རིག་པས་ཁ་ལོར་གྱུར་བའི་བར་སྐབས་ཞིག་ཡིན་པས་གནས་ལུགས་ཅི་འདྲ་ཞིག་ཡིན་རུང་ལམ་ཁ་འདིའི་ཐོགས་ནས་ཐག་བཅོད་མི་ཐུབ་པ་མེད་ཅེས་བརྗོད་བཞིན་ཡོད།   འོན་ཀྱང་གནས་ལུགས་འགའ་ཞིག་ནི་རིག་གསར་དངོས་གཙོ་བོ་སྨྲ་བའི་གསར་བུ་ཚོས་ཐབས་ལམ་འདྲ་མིན་སྤྱད་ཀྱང་ཁ་གསལ་གཏིང་ཟབ་ཀྱི་ངོས་འཛིན་ཐུབ་ཀྱི་མེད།  གནས་ལུགས་དེ་དག་ལ་རིག་རྙིང་སེམས་གཙོ་བོ་སྨྲ་བའི་རྒན་པོ་ཚོས་ཉམས་ལེན་ཐོགས་ནས་འཐུས་སྒོ་ཚང་བའི་འགྲེལ་བརྗོད་རེ་བྱེད་བཞིན་ཡོད།   དཔེར་ན་དེང་དུས་གླེང་བཞིན་པའི་སེམས་ཁམས་ཀྱི་རྣམ་གཞག་དང་།  སྐྱེ་བ་སྔ་ཕྱི་ཡོད་མེད་།  ལས་འབྲས་ཀྱི་རྣམ་གཞག་སོགས་མི་ཉུང་བ་ཞིག་ཡོད། འདིར་ཁོ་བོས་བརྗོད་པར་བྱ་བ་དེ་ཡང་མིའི་ལུས་ཁམས་ཀྱི་ཆགས་གནས་འཇིགས་གསུམ་ཀྱི་རྩ་བ་ཡིན་པའི་རྩ་འཁོར་གྱི་གནས་ལུགས་དེ་ཡིན།  སྤྱིར་དེང་རབས་རིག་གསར་ཚོས་མིའི་ལུས་ཁམས་ནང་སྒྲུབ་ཡོད་པའི་རྩ་འཁོར་གྱི་གནས་ལུགས་ཐད་རྒྱ་ཆེ་ཞིང་གཏིང་ཟབ་ལ་ཤིན་ཏུ་ཕྲ་བའི་གནས་ལུགས་མང་པོ་ཞིག་འགྲེལ་བརྗོད་བྱེད་བཞིན་ཡོད།  ཡིན་ཡང་རྩ་འཁོར་གྱི་གནད་ལུག་དེའི་ཐད་ད་དུང་ཡང་ལྐོག་འགྱུར་གྱི་གནད་དོན་མང་དག་ཞིག་ཡོད་པས་དེ་དག་ལ་རྒན་པོའི་ཉམས་ལེན་གྱི་ཐོག་ནས་མ་གཏོགས་འགྲེལ་བརྗོད་བྱ་ཐབས་མེད།  འོན་ཀྱང་ཁོ་བོ་ལ་དེ་ལྟ་བུའི་ཉམས་ལེན་ཞིག་ཕར་ཞོག་དེ་ལ་དཔྱད་པའི་རིག་སྟོབས་ཞིག་ཀྱང་དེ་བས་མེད། དེར་རྟེན་ཁོ་བོས་རྒན་ལགས་རྣམས་པའི་བཤད་ཁྲིད་དང་རང་ཉིད་ཀྱི་དཔེ་ཀློག་ཁྲོད་ནས་རྙེདཔའི་ཆུ་ཐིག་གི་ཐོས་པ་ཙམ་ཞིག་འདི་རུ་བརྗོད་པར་བྱའོ་སྙམས།།

 བོད་ལུགས་གསོ་རིག་ནང་འཁོད་པའི་རྩ་ཡི་གནས་ལུགས།

རླུང་ཁྲག་རྒྱུ་བའི་བུ་ག་ཕྱི་ནང་ཀུན། ། འབྲེ་བྱས་ལུས་ནི་སྐྱེད་ཅིང་གནས་པ་དང༌། ། སྲོག་གི་རྩ་བ་ཡིན་ཕྱིར་རྩ་ཞེས་བྱ། ། ཞེས་པ་ལྟར་མིའི་ལུས་ཁམས་འདི་འཚོ་བའི་དབུགས་གི་རྟེན་རླུང་དང་དྲོད་ཀྱི་རྟེན་ཁྲག་གཉིས་རྒྱུ་བའི་བུ་ག་འདི་དག་ནི་ལུས་ཀྱི་སྟོད་སྨད་དང་ཕྱི་ནད་གང་སར་ཁྱབས་ཅིང་འབྲེལ་བས་སྲོག་འདི་ཉིད་ཐོག་མར་ཆགས་པའི་གཞི་དང་།  བར་དུ་གནས་པའི་རྟེན་པ།  མཐར་འཇིགས་པའི་གཤེད་མ་བཅས་ཀྱི་རྩ་བ་ལྟ་བུར་བྱེད་པས་ན་རྩ་ཞེས་བྱ་ལ་དེ་ལའང་གཙོ་བོ་ཆེའི་དབང་དུ་བྱས་ན་ཆགས་པའི་རྩ་དང་། སྲིད་པའི་རྩ།འབྲེལ་བའི་རྩ། ཚེ་ཡི་རྩ་བཅས་བཞི་ཡོད། དེ་དག་ལ་ཡན་ལག་དང་དེ་ལ་ཡང་ཉིང་ལག་སོགས་རྒྱས་པར་ཕྱེ་ན་ལུས་འདི་ལ་དྲ་བ་ལྟར་འབྲེལ་བས་བརྗོད་ཀྱི་མི་ལངས།  ཡིན་ན་ཡང་སྡེ་སྲིད་རིན་པོ་ཆེའི་དགོངས་དོན་ལྟར་ན་རྩའི་རིགས་ཐ་དག་བསྡུས་ན་རླུང་རྩ་དང་།  ཁྲག་རྩ།  ཆུ་རྩ་གསུམ་དུ་འདུས་ཤིང་དེ་ཡང་རླུང་རྩ་ཐམས་བཅད་དབུ་མ་དང་།  ཁྲག་རྩ་ཐམས་བཅད་རོ་མ།  ཆུ་རྩ་ཐམས་བཅད་རྐྱང་མ་ལས་གྱེས་པ་འབའ་ཞིག་ཏུ་འདོད།  དེ་ཡང་མི་ལུས་འདི་ཉིད་མའི་མངལ་དུ་གྲུབ་པའི་སྐབས་སུ་བདུན་ཕྲག་དྲུག་པ་ལ་རྩ་ཐམས་བཅད་ཀྱི་ཐོག་མར་ཆགས་པའི་ལྟེ་བའི་དབུས་ཀྱི་སྲོག་རྩ་དེ་ལ་རྩེ་མོ་མི་འདྲ་བ་གསུམ་དུ་གྱེས་པ་དེ་ནི་ཡིན།།

གཅིག  རླུང་རྩའམ་དབུ་མ།

ཆགས་རྩ་དབུ་མ་ནི་ལུས་ཀྱི་དབུས་དྲང་པོར་གནས་ཤིང་རླུང་ཁམས་རྒྱུ་བའི་རྩའི་གཙོ་བོའི་མིང་སྟེ་རྩ་ཐམས་བཅད་ཀྱི་ཐོག་མར་ཆགས་པའི་སྲོག་རྩའི་སྣེ་མོ་ཞིག་ལུས་ཀྱི་ཐུར་དུ་ཟུག་པ་དེ་ཉིད་ལ་བརྟེན་ནས་གནས་གཙོ་བོ་ཆེའི་དབང་དུ་གསང་གནས་ཆགས་པ་དང་། རྩ་དེ་དང་དེ་ལས་གྱེས་པའི་རྩ་ཕྲན་རྣམས་ནི་རོ་རྐྱང་གཉིས་ཀྱི་དབུས་ན་གནས་པའི་རླུང་ཁྲག་གཉིས་འདོམ་རྒྱུ་བའི་ཕར་རྩ་དམར་པོ་དག་ཡིན་པས་མིང་དུ་ཡང་དབུ་མ་ཞེས་སུ་བརྗོད་པའི་ལུས་ཆགས་པའི་རྩ་གསུམ་གྱི་ཡ་གྱལ་ཞིག་ཡིན་། སྲིད་རྩ་དབུ་མའི་འདབ་མ་དང་བཅས་པ་ཡོངས་སུ་གྲུབ་པ་ལ་གསང་གནས་བདེ་སྐྱོང་ཀྱི་འཁོར་ལོ་དང་།  ལྟེ་བ་སྤྲུལ་པའི་འཁོར་ལོ། སྙིང་ག་ཆོས་ཀྱི་འཁོར་ལོ།  མགྲིན་པ་ལོང་སྤྱོད་ཀྱི་འཁོར་ལོ།  སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་བཅས་རྩ་འཁོར་ལྔ་པོ་དེ་དག་གི་ལྟེ་བ་ནས་ཕྱོག་བཞི་ལ་ཡན་ལག་རེ་དང་དེ་ལ་ཡང་ཉིང་ལག་ཉེར་ལྔ་རེ་དེ་ནས་ཡང་ཕྲན་དུ་གྱེས་ནས་གནས་ཡོད་ལ་ལུས་ཀྱི་སྟོད་སྨད་བར་གསུམ་དུ་རླུང་ཁྲག་འཁོ་འདོན་བྱེད་པ་དང་ལྷག་པར་དུ་བདེ་བའི་ཁམས་རྒྱུ་བར་བྱས་ནས་མཐར་ཇི་སྲིད་འཚོ་བའི་བར་དུ་ལུས་ལ་བདེ་བར་གནས་སྲིད་པས་སྲིད་པའི་རྩ་བོ་ཆེ་ཞིག་ཀྱང་ཡིན། འབྲེལ་རྩ་དབུ་མ་དེ་ཡང་སྲོག་རྩ་དམར་པོ་སྦོམ་ཁྲ་མདའ་སྨྱུག་འབྲིང་པོ་ཙམ་ཞིག་ལུས་ཀྱི་ཁོག་པའི་དབུས་ནས་དོན་སྣོད་རྣམས་ལ་འབྲེལ་ཞིང་དེའི་སྟོད་ཀྱི་ཡན་ལག་རྣམས་མགོ་སྐེ་དང་ལག་པར་འབྲེལ་ལ་སྨད་གི་ཡན་ལག་རྣམས་གསང་གནས་དང་རྐང་པར་འབྲེལ་ནས་ཤ་ཁྲག་ལ་སོགས་པའི་ལུས་ཟུངས་རྣམས་འཕེལ་བར་བྱེད་ཅིང་ལུས་ཀྱི་སྟོད་སྨད་བར་གསུམ་ཕན་ཚུན་འབྲེལ་བའི་རྩ་ཡིན།   ཚེ་རྩ་དབུ་མ་ནི་རྟེན་སྙིང་ག་གཙོར་བོར་བྱས་པའི་རྩ་ཕྲན་རྣམས་ལ་དབུགས་དང་ལྷན་གཅིག་ཏུ་རྒྱུ་བའི་ཡེ་ཤེས་ཀྱི་རླུང་དེ་ཉིད་སྲོག་རྩ་ལ་བརྟེན་ནས་གནས་པའི་ཚེའམ་དུས་ཡུན་དེའི་ནང་སྲོག་བརྟན་པར་བྱེད་པའི་ཆ་ནས་ཚེ་ཡི་རྩ་ཞེས་བརྗོད་པ་ཡིན།

གཉིས།  ཁྲག་རྩའམ་རོ་མ།

ཆགས་རྩ་རོ་མ་ནི་ལུས་ཀྱི་གཡས་ཕྱོགས་སུ་གནས་ཤིང་མེ་ཁམས་རྒྱུ་བའི་རྩའི་གཙོ་བོའི་མིང་སྟེ་རྩ་ཐམས་བཅད་ཀྱི་ཐོག་མར་ཆགས་པའི་སྲོག་རྩའི་སྣེ་མོ་ཞིག་ལུས་ཀྱི་བར་དུ་ཟུག་པ་དེ་ཉིད་ལ་བརྟེན་ནས་གནས་གཙོ་བོ་ཆེའི་དབང་དུ་སྲོག་རྩའི་སྡོང་པོ་དེའི་འབྲས་བུའི་ཚུལ་དུ་དོན་གྱི་རྒྱལ་པོ་སྙིང་ཆགས་པ་དང་།  རྩ་དེ་དང་དེ་ལས་གྱེས་པའི་རྩ་ཕྲན་རྣམས་ནི་ཁྲག་འབའ་ཞིག་རྒྱུ་བ་ལས་མི་འཕར་བར་རོ་ལྟར་གནས་པའི་སྡོད་རྩ་ནག་པོ་དག་ཡིན་པས་མིང་དུ་ཡང་རོ་མ་ཞེས་སུ་བརྗོད་པའི་ལུས་ཆགས་པའི་རྩ་གསུམ་ལས་གཅིག་ཡིན།

སྲིད་རྩ་རོ་མ་ཆགས་པའི་རྩའི་འདབ་མ་དང་བཅས་པ་ཡོངས་སུ་གྲུབ་པ་ལ་རྩ་འཁོར་ལྔ་པོ་དེ་དག་གི་ལྟེ་བ་ནས་སྟོད་སྨད་གཉིས་ལ་ཁྱོན་ཡན་ལག་བཅུ་རེ་དང་དེ་དག་ལས་ཉིང་ལག་བཅུ་རེ་དེ་ནས་ཡང་ཕྲན་དུ་བྱས་ནས་ལུས་ཀྱི་སྟོད་སྨད་བར་གསུམ་དུ་ལུས་ཡོད་པའི་ཁྲག་རོ་རྣམས་སྙིང་ནས་མཆིན་པར་དག་གཙང་རེ་བྱེད་པར་ཡར་འདྲེན་བྱས་ནས་མི་ལུས་འདི་ཉིད་ཇི་སྲིད་བདེ་བར་འཚོ་བའི་བར་དུ་ལུས་འདིར་གནས་སྲིད་པས་ན་སྲིད་པའི་རྩ་བོ་ཆེའི་ཆ་ཤས་ཤིག་ཀྱང་ཡིན།    འབྲེལ་རྩ་རོ་མ་དེ་ཡང་འབྲེལ་རྩ་དབུ་མ་གར་རྒྱུག་པའི་གནས་དེར་དོ་མཉམ་པར་ཡོད་ལ་འདིས་ཀྱང་ཤ་ཁྲག་ལ་སོགས་པའི་ལུས་ཟུངས་རྣམས་འཕེལ་བྱེད་ལ་ལུས་ཀྱི་ཕྱི་ནང་བར་གསུམ་ཕན་ཚུན་འབྲེལ་བའི་རྩ་ཡིན།   ཚེ་རྩ་རོ་མ་ནི་རྟེན་མཆིན་པ་གཙོ་བོར་བྱས་ནས་མགོ་ལུས་ཐམས་བཅད་ལ་ཁྱབ་པར་གནས་པའི་དྲོད་ཁམས་དེ་ཉིད་ཀྱིས་སྲོག་བརྟན་པར་བྱེད་པ་ནི། སྲོག་ནི་ཚེ་ཡིན་དྲོད་དང་ནི།། རྣམ་ཤེས་རྟེན་གང་ཡིན་པའོ།། ཞེས་པ་ལྟར་ལུས་ཀྱི་སྟོབས་དང་གཟི་མདངས་འཕེལ་བར་བྱས་ནས་གནས་པའི་ཚེའམ་ཡུམ་ཚད་དེའི་རིང་སྲོག་བརྟན་པར་བྱེད་པའི་ཆ་ནས་ཚེ་ཡི་རྩ་ཞེས་བརྗོད་པ་ཡིན།

གསུམ།  ཆུ་རྩའམ་རྐྱང་མ།

ཆགས་རྩ་རྐྱང་མ་ནི་ལུས་ཀྱི་གཡོནཕྱོགས་སུ་གནས་ཤིང་ཆུ་ཁམས་རྒྱུ་བའི་རྩའི་གཙོ་བོའི་མིང་སྟེ་རྩ་ཐམས་བཅད་ཀྱི་ཐོག་མར་ཆགས་པའི་སྲོག་རྩའི་སྣེ་མོ་ཞིག་ལུས་ཀྱི་གྱེན་དུ་སོང་བ་དེ་ཉིད་ལ་བརྟེན་ནས་གནས་གཙོ་བོ་ཆེའི་དབང་དུ་ཀླད་པ་ཆགས་པ་དང་། རྩ་དེ་དང་དེ་ལས་གྱེས་པའི་རྩ་ཕྲན་རྣམས་ནི་གཞན་རླུང་ཁྲག་དང་མ་འདྲེས་པར་ལུས་ཀྱི་ཆུ་ཁམས་རྐྱང་མ་རྒྱུ་བའི་ཆུ་རྩ་དཀར་པོ་དག་ཡིན་པས་མིང་དུ་ཡང་རྐྱང་མ་ཞེས་སུ་བརྗོད་པའི་ལུག་ཐོག་མར་ཆགས་པར་བྱེད་པའི་རྩ་གསུམ་པོའི་ཡ་གྱལ་ཞིག་ཡིན།     སྲིད་རྩ་རྐྱང་མ་ཆགས་པའི་རྩའི་འདབ་མ་དང་བཅས་པ་ཡོངས་སུ་གྲུབ་པ་ལ་རྩ་འཁོར་ལྔ་པོ་དེ་དག་རེ་རེའི་ལྟེ་བ་ནས་སྡོད་སྨད་གཉིས་ལ་ཁྱོན་ཡན་ལག་བཅུ་རེ་དང་དེ་དག་ལས་ཉིང་ལག་བཅུ་རེ་དེ་ནས་ཡང་ཕྲན་དུ་བྱས་ནས་ལུས་ཀྱི་སྟོད་སྨད་བར་གསུམ་དུ་དབང་པོས་རེག་མཐོང་ལ་སོགས་པའི་ཚོར་ཤེས་རྣམས་བརྡ་འཕྲིན་ཞིན་སྐྱེལ་འདྲེན་བྱས་ནས་མི་ལུས་འདི་ཉིད་ཇི་སྲིད་བདེ་བར་གནས་པའི་བར་དུ་ལུས་འདི་ཉིད་ལ་གནས་སྲིད་པས་ན་སྲིད་པའི་རྩ་བོ་ཆེ་ཞིག་ཡིན།  འབྲེལ་རྩ་རྐྱང་མ་དེ་ཡང་སྣེ་མོ་ཀླད་པ་ནས་ཐུར་དུ་རྩེ་ཤིང་གི་རྩ་བ་ལྟར་འཇིང་ཚིགས་དང་སྒལ་ཚིགས། སྐེད་ཚིགས་སོགས་རྒྱུད་ཞུགས་ཆུང་བར་དུ་གནས་པ་དེ་ལས་གྱེས་རྩ་ཕྲན་རྣམས་ནི་དོན་སྣོད་ལ་ནང་ནས་འབྲེལ་བ་དང་ཡན་ལག་ལ་ཕྱི་ནས་འབྲེལ་ཏེ་ལུས་འགུལ་བ་ལ་སོགས་པའི་བྱ་བ་བྱེད་ཅིང་ལུས་ཀྱི་སྟོད་སྨད་ཕྱི་ནང་གང་སར་འབྲེལ་བའི་རྩ་ཞིག་ཡིན།   ཚེ་རྩ་རྐྱང་མ་ནི་རྟེན་ཀླད་པ་གཙོ་བོར་བྱས་ནས་འཇིག་རྟེན་དུ་གྲགས་པའི་བླ་དང་འདྲ་བར་ལུས་ཀྱི་འབྱུང་བ་ཐམས་བཅད་ཀྱི་དཱངས་མ་ཕོ་མོའི་ཁམས་དཀར་དམར་དེ་ཉིད་སྟོད་སྨད་ཀུན་ལ་རྐྱང་མའི་རྩ་ལམ་དེ་ཉིད་རྒྱུད་ནས་ཉིན་རེ་བཞིན་བར་མ་ཆད་པར་འཕོ་བའམ་འཁྱམས་པར་གནས་པའི་ཚེ་དེ་ཡིས་འཕོ་གྱུར་གྱི་དུས་ཡུན་དེའི་ནང་སྲོག་བརྟན་པར་བྱེད་པའི་ཆ་ནས་ཚེ་ཡི་རྩ་ཞེས་བརྗོད་པ་ཡིན།

མཇུག་གཏམ།

དེ་ལྟར་དབུ་རྐྱང་རོ་གསུམ་གྱི་རྣམ་གཞག་འདིའི་ཐད་ཆ་ཚང་བའི་འགྲེལ་བརྗོད་ཞིག་དགོས་ན་ཉམས་རྟོགས་ཀྱི་ཡོན་ཏན་མི་དམན་བ་ཞིག་དགོས་པ་བདེན་མོད།   འོན་ཀྱང་འགའ་ཞིག་གིས་འདི་ནི་ཉམས་ལེན་པ་ཁོ་ནའི་སྤྱོད་ཡུལ་ལས་གཞན་རྗེས་སུ་འཛིན་པ་་གསོ་བ་རིགས་པའི་སྤྱོད་ཡུལ་དུ་མི་འཛིན་པར་སྒྲུབ་བྱེད་དུ་གཤིན་པོའི་ལུས་ལ་མངོན་དུ་མེད་པའི་ཕྱིར་ཞེས་པ་ནི་མི་ཐད་དེ་ཚུལ་རོལ་གང་ཟག་དེའི་མིག་མདུན་དུ་ཇི་མ་ཇི་བཞིན་སྣང་དུ་མི་རུང་ཙམ་མ་གཏོགས་ཤི་བའི་ལུས་ལ་མེད་པ་མ་ཡིན་པ་ནི་གསུངས་ཚད་མར་འཛིན་འོས་པའི་མཁས་པ་གོང་མ་འགའ་ཞིག་གིས་ཀྱང་འདོད་ཞིན་ཆིས།  འོན་ཀྱང་ཁོ་བོ་ལ་དེ་ལྟ་བུའི་ཁ་ཚོན་བཅོད་པའི་རིག་སྟོབས་ཤིག་སྟོང་པས་འདིར་རེ་ཞིག་བླུན་བུ་ཆུ་སྣ་གང་འཁྲིད་ཀྱི་བརྟུལ་ཞུགས་མི་འཛིན་དཀའ་མེད་བྱུང་།།

གཞན་རྗེས་འཛིན་པའི་རྣལ་འབྱོར་འཁྱམས་པོའི་ངལ་བ་ནི།།
ཉི་ཟླ་སྒྲ་ཅན་རྡུལ་བརྩེགས་རྡོ་རྗེའི་སྒྱུ་ལུས་འདིར།།
རླུང་མཁྲིས་བད་ཀན་ལམ་ནས་རྩེ་གཅིག་གནད་བསྣུན།།
བླ་མེད་རྡོ་རྗེ་འཆང་གི་སྒོ་འཕང་གཉིད་དུ་ཡུལ།།

ངོ་སྤྲོད།, འཕྲོད་བསྟེན།

Post navigation

Previous Post: ༄༅།། ཁུངས་རྩ་ནས་འཁྱོལ་མེད་པའི་སེང་གེའི་བཀའ་ཤག
Next Post: ཙག་སྒྲ་འཚོང་མཁན་གྱི་བུ་མོ་ཆུང་ཆུང་།

Comments (7) on “དབུ་རྐྱང་རོ་གསུམ་གྱི་ཐོག་མའི་ཤེས་བྱ།”

  1. རིན་ཆེན says:
    2018-01-13 at 2:03 pm

    བཀའ་དྲིན་ཆེ། དུས་ཚོད་ཆ་ཚང་ཞིབ་ཀློག་ཞིག་བྱེད་འདོད་བྱུང་།

  2. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-01-13 at 9:23 pm

    དབུ་རྐྱང་རོ་གསུམ་གནས་ལུགས་ངོ་སྤྲོད་འདིའི་།
    ལོང་བར་མིག་སྦྱིན་ལྟབུའི་ཕན་པ་བྱུང་།
    ཤེས་བྱ་མཐའ་མེད་རིག་པའི་རྩལ་སྒོ་ཕྱེ་།
    ཤེས་བྱའི་མ་རིག་མུན་པ་སེལ་།
    ཤེས་བྱའི་མ་ནོར་ལམ་སྟོན་ཐུབ་།
    ཤེས་བྱ་རིག་པ་བདག་མེད་སྤྱི་ནོར་ལ་།
    བརྩོན་འགྲུས་འབད་བརྩོན་ཅན་གྱི་བདག་ཏུ་འཛིན་།

  3. ཀརྡོ་རབ་འབྱམས་པ་ says:
    2018-01-14 at 7:06 am

    རོ་མ་རྐྱང་མ་དབུ་མ་གསུམ་གྱི་སྐོར་ལ།
    https://www.facebook.com/tibeteffect/videos/950659855005158/

  4. ལ་དྭགས་འཇམ་དཔལ།། says:
    2018-01-14 at 8:38 am

    ལུས་ཀྱི་རྩའི་སྐོར་འབྲི་བ་པོར་བསྔགས་བརྗོད་ཡོད། རྩ་དབུ་མ་དེ་རླུང་འཇུག་པའི་གནས་ཡིན་ཐོས་པ་དང་པོ་ཡིན། ངས་ཐོས་པ་ནི། སྔགས་ལུགས་ཡིན། ངའི་འབད་པ་ནི། བོད་ཀྱི་སྐད་སྨན་གཞུང་སོགས་ན་ཡོད་པ་དེགང་ཐུབ་སྲུང་ཐུབ་ན། དེ་ལ་བདག་ཅག་ཕྱི་རབས་པ་རྣམས་ཀྱི་ཁུར་ཡིན།
    དེས་ན། གཤམ་གསལ་མིང་ཚིག་དག་ན། སྔ་མ་དེ་མ་དག་པ་དང་། ཕྱི་མ་རྣམས་དག་པའི་རྩིས་ཡིན། རྣམ་དཔྱོད་ཀྱིས། འགྲིག་མི་འགྲིག་དཔྱད་པར་འཚལ། ནོར་པ་རྣམས་ཞུས་དག་མཛོད།

    ཐོགས་ནས། ཐོག་ནས། ཆགས་གནས་འཇིགས། འཇིག གནད་ལུག གནས་ལུགས། མང་དག་ཞིག ཅིག འབྲེ་བྱས། འདྲེས་བྱས། ཨ་ཡིན། འབྲེའི་དོན་བདག་གིས་མི་ཤེས བཤད་ན་ཕན། ཁྱབས་ཅིང་། ཁྱབ་ཅིང་། ཐ་དག། མཐའ་དག་ཅེས་མ་ཡིན་ནམ། ཕྱོག་བཞི། ཕྱོགས་བཞི། ལུག་ཐོག་མར་ཆགས། ལུས་ཐོག་མར་ཆགས། ཨ་ཡིན། སྡོད་སྨད། སྟོད་སྨད། ཞིན། བཞིན། ཨ་ཡིན། ཞིན་བྲིས་པ་ཞིག་བདག་གིས་མ་མཐོང་། ཆིས། མཆིས། ཨ་ཡིན། སྒྲ་ཅན། སྒྲ་གཅན། སྒོ་འཕང་གཉིད། གོ་འཕང་ཉིད། ཅེས་པ་མ་ཡིན་ནམ།

  5. ཀརྡོ་རབ་འབྱམས་པ་ says:
    2018-01-14 at 9:23 am

    རོ་མ་རྐྱང་མ་དབུ་མ་གསུམ། །
    ལུས་རྩའི་གནད་ཆེན་རྩ་གསུམ་གྲགས། །
    རོ་རྐྱང་དབུ་གསུམ་དཀར་དམར་སྔོ། །
    བསྒོམས་ནས་འདོད་ཆགས་ཞེ་སྡང་གྱི། །

    བག་ཆས་གཏན་ནས་འཛོམས་པའི་ཕྱིར། །
    ཕ་མོ་མ་ནིང་ཉི་ཟླ་དང་། །
    སྒྲ་གཅན་གསུམ་གྱིས་མིང་བསྙད་ནས། །
    རྩ་རླུང་ཐིག་ལེར་གནད་བསྣུན་བསྟནད། །

  6. བསེ་རུ་ཟང་ཐལ། says:
    2018-01-14 at 3:29 pm

    སྙིང་རྗེ། དེང་གི་དུས་སུ་ཡང་། བོད་པ་ཚང་གིས་སྲོལ་རྒྱུན་གྱི་སྨན་རྩིས་ཀྱི་སློབ་སྦྱོང་བྱེད་སྟངས་དང་སློབ་འཁྲིད་བྱེད་སྟངས་མང་ཆེ་བ་ཅིག་ནི། འཕྲུལ་ཆས་པར་གློག་ལེན་ཡག་(photocopy)བཟོ་འདྲ་པོ་དང་། སྒྲ་འཇུག་འཁོར་ལོ་(tape recorders)གཏོང་ཡག་བཟོ་འདྲ་པོ་ཤ་སྟག་ཅིག་རེད་འདུག་ག། དངོས་གནས་བྱས་ན་དེ་འདྲ་བ་གཅིག་གི་ངང་ཚུལ་ཡིན་པ་ལ་མཁས་རྒྱུ་དང་ངོམ་རྒྱུ་གང་ཡང་མི་འདུག། དོན་ལ། ད་དུང་མར་དགོས་ཡག་ཙག་ཀྲ་ཅིག་དང་འཕོངས་འབྱིད་པའི་ཤོག་གུ་ཞིག་ཀྱང་བཟོ་ཐུབ་པ་མེད། ད་དུང་ཡར་ཡར་ཅིག་ལ་ཡོད་མདོག་མདོག་བཤད་དེ། ཟབ་བཤད་ཤ་སྟག་ཅིག་ལ་རེ་ནས། མཐོང་རྒྱུ་རེག་རྒྱུ་མེད་མཁན་རྩ་དབུ་རོ་རྐྱང་གསུམ་སྒོམ་སྟངས་། དུག་གསུམ་ལམ་འཁྱེར་བྱེད་སྟངས། ཕོ་མོ་མཉམ་སྦྱོར་བྱེད་སྟངས་སོགས་ཉོག་བཤད་ཁོ་ནས། བོད་མི་རྨོངས་དད་པ་ཚོ་དང་མགོ་སེར་དབྱིན་ཇི་དང་མགོ་ནག་རྒྱ་མི་འདྲ་པོ་ཞེ་གཅིག་ལ་བཅོས་སྒྲུང་ལྟ་བུར་སྐྱར་བཤད་ཡང་བཤད་ང་ལས་སུ་མཁས་ཀྱི་འགྲན་རྩོད་ཚིག་སྐམ་ཞིག་མ་གཏོགས་ཤོད་ཡག་མི་འདུག། རང་ཉིད་རྨོངས་གཉིད་མཐུག་པོས་བསྒྲིབས་པ་མ་ཚོར་བར། ད་དུང་རྣལ་འབྱོར་པའི་ལུས་སེམས་ལ་འབྱུང་རྩལ་གྱི་ནུས་པ་སྐྱེད་ཐབས་ཁོ་ནའི་ཆེད་དུ་གསུངས་པ་རྩ་ཆེའི་དམ་ཆོས་རི་ཆོས་ཀྱི་གདམས་པ་དེ་ཚོ། དེང་དུས་ཀྱི་ཁྲོམ་རར་གྲོང་དང་གྲོང་བརྡལ་སོགས་སུ་ཌོ་ལར་བྱུང་ན། རྩ་དབུ་རོ་རྐྱང་གསུམ་རྟོག་ངོར་སྒོམ་བཅུག་མཁན་ཤ་སྟག་རེད་འདུག་གོ། དེའང་མགོ་མ་ཚོས་ན། དཔེ་ལས་སློ་མོ་ཞིག་འཇོག་རྒྱུ་ཡོད་པ་ནི། ཧམ་ཆེན་སྲིད་སྐྱོང་བློ་སངས་ཀྱིས་ངས་༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་གི་ཡིན། བྱས་ཙང་ཁྱེད་རང་ཚོས་འོས་ཤོག་ང་ལ་བླུགས་ཤོག་ཟེར་བ་དང་བྱེད་སྟངས་གཅིག་པ་གཅིག་རྐྱང་རང་རེད་མི་འདུག་གམ། ང་ཚོར་དགོས་པ་ནི། བོད་མིའི་བླ་སྲོག་བོད་ཡིག་གི་ཡིག་འབྲུ་བདུན་པོ་དེ་དག་གི་སྦྱོར་ཚུལ་ལས་བོད་ཀྱི་སྐད་ཡིག་ཏུ། སྒྲ་སྦྱོར། ཡིག་སྦྱོར། མིང་སྦྱོར། ཚིག་འབྲུའི་སྦྱོར་བ། ཚིག་ཚོགས་ཀྱི་སྦྱོར་བ། ཚིག་སྒྲུབ་ཀྱི་སྦྱོར་བ། དོན་གྱི་སྦྱོར་བ་སོགས་ལས་དེང་རབས་དང་མཐུན་པའི་བོད་ཀྱི་སྐད་ཡིག་ཡར་རྒྱས་གཏོང་བ་ལ་སྨན་ཐབས་བྱེད་མཁན་ཡོད་ན་ཐོན་ཤོག། དེ་མིན་ཟབ་བཤད་དང་ཟབ་སྦྱོང་དང་མཛད་སྒོ་མང་པོས་བོད་མི་རིགས་ཀྱི་བླ་སྲོག་ངོ་མ་ནི། རྩ་དབུ་རོ་རྐྱང་གསུམ་གྱི་རི་མོ་རྐྱང་རྐྱང་བཤགམས་ཏེ་སྨན་རྩིས་ཀྱི་རིག་གཞུང་ཚོང་འགྲེམས་ཁོ་ན་བྱེད་པ་ལས་མ་འདས་སོ།། །།

  7. ཨ་གར། says:
    2018-01-16 at 12:11 pm

    དབུ་རྐྱང་རོ་གསུམ་ནི་རླུང་ཁྲག་རྒྱུ་ནུས་པ་ཤ་སྟག་ཡིན་པ་རེད། རྣམ་རྒྱུན་གསང་སྔགས་གཞུང་དུ་རླུང་དབུ་མར་ཚུད་དུས་ལྷ་སྐུ་དང་ཕྱག་རྒྱ་ཤར་བའི་ནུས་པ་ཡོངས་རྫོགས་ཚུལ་བཤད་ན་བཟང་ཡ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme