Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་མའི་ལམ་ལ་གླེགས་མ་འཁེལ་བ་གསལ་བོ་རེད།

Posted on 2015-05-022015-05-02 By ཁ་བརྡ 27 Comments on དབུ་མའི་ལམ་ལ་གླེགས་མ་འཁེལ་བ་གསལ་བོ་རེད།

ཤར་ཕྱོགས་ཁུག་རྟ།

 
༢༠༡༥། ༤། ༡༥། ཉིན་འགྲེམས་སྤེལ་བྱས་པའི་རྒྱབ་ཤ་དཀར་པོའི་དེབ་ནང་དབུ་མའི་ལམ་གྱི་སྐོར་འཁྱོག་བཤད་རིང་པོ་ཞིག་བྱས་ཡོད་པའི་ཐད། ད་བར་རྒྱུད་ལམ་ཁག་ནས་དོ་སྣང་དམིགས་བསལ་དང་འབྲེལ། ཁ་ཅིག་གིས། དབུ་མའི་ལམ་ལ་སྐྱོན་བརྗོད་ཚད་ལས་བརྒལ་བ་བྱས་འདུག དབུ་མའི་ལམ་ངོས་ལེན་མི་བྱེད་པ་གསལ་ཐག་ཆོད་སོང་ཞེས་དང། རེ་འགས། དེར་བོད་མི་ཚོས་རྣམ་འགྱུར་ཅི་འདྲ་ཞིག་སྟོན་དགོས་པ་རེད། ཡང་ཁ་ཤས་ཀྱིས། དོན་དག་དངོས་གནས་ག་རེ་རེད་ཟེར་བ་སོགས་གླེང་སློང་མང་དག་ཅིག་བྱུང། གཞན་ཡང་བོད་མིའི་ཁྲོད་ཀྱི་རྒྱ་ནག་ཉམས་ཞིབ་པ་མང་ཆེ་བས་བགྲོ་གླེང་དང་བསམ་ཚུལ་སྤེལ་སོང་ལ། རང་ཉིད་དབུ་མའི་ལམ་གྱི་ཉམས་ལེན་པ་རྣལ་མ་རེ་ཨེ་འཁྱོངས་ལྟ་མཁན་ཞིག་ཡིན་པའི་ཆ་ནས། སྒེར་གྱི་བསམ་ཚུལ་ཡང་དུས་ལྟར་བོད་ཕྱི་ནང་གང་སར་ཡིག་ངག་གཉིས་ནས་འགྲེམས་སྤེལ་ཟིན་ཡང། སྐབས་འདིར་ཕྱོགས་ཡོངས་ནས་དེའི་ཐད་བསམ་ཚུལ་སྤེལ་བ་རྣམས་ལ་གཞིགས་ནས། རྒྱབ་ཤ་དཀར་པོའི་ནང་དབུ་མའི་ལམ་ལ་སྐྱོན་བརྗོད་དེ་ལྟར་བྱེད་དགོས་པའི་འཕྲལ་ཕུགས་ཀྱི་དམིགས་ཡུལ་རྣམས་གོ་བདེ་བའི་ལམ་ནས་ཕྱོགས་སྡོམ་ཙམ་བྱེད་འདོད་བྱུང་ལ། དེ་ཡང་དང་པོར་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་མེད་མཁན་ཚོའི་ངོས་འཛིན་དང་དེར་རྒྱུ་མཚན་གྱི་དཔྱད་པ་སྔོན་དུ་བཀོད་རྒྱུ་དང། རྒྱབ་སྐྱོར་བྱེད་མཁན་ཚོའི་ངོས་འཛིན་མཇུག་ཏུ་བཀོད་རྒྱུ་བཅས་རིགས་གཉིས་སུ་དོན་ཚན་ལ་བགར་ནས་བཤད་འདོད་བྱུང།

 

རྒྱབ་སྐྱོར་མེད་མཁན་གྱི་ངོས་འཛིན། 

༡༽ དབུ་མའི་ལམ་ལ་ལོ་རྒྱུས་ཀྱི་བསྙོན་འཛུགས་བྱས་སོང་ཟེར། ལོ་རྒྱུས་ཀྱི་བསྙོན་འཛུགས་ཟེར་མཁན་གྱིས་བརྡ་ཆད་གང་ཞིག་བེད་སྤྱོད་མ་བཏང་སྔོན་བསམ་ཞིབ་གནང་མེད་པ་གསལ་བོ་རེད། ལོ་རྒྱུས་ཀྱི་བསྙོན་འཛུགས་ཟེར་བ་ནི་མ་འོངས་པར་ལྟོས་ཏེ་དེ་འདྲ་ཆགས་སྲིད་པའི་འུར་རྒྱག་གི་ཡོད་པ་རེད། འུར་དེས་མི་མང་ཙམ་མ་ཟད། ལས་དང་པོ་བ་དང། བོད་དོན་ལ་ཤ་ཚ་ལར་ཞེན་ཡོད་ཀྱང་སློབ་སྦྱོང་མི་བྱེད་མཁན་ཚོར་དོགས་པ་ཐེ་ཚོམ་བསྐྲུན་འདོད་ཡོད་པ་རེད། དེའི་ཐད་ནས་འཕྲལ་དུ་འུར་གཏམ་སྤེལ་མཁན་ལ་དགའ་སྣང་འདྲ་ཡོང་སྲིད་ཀྱང། དོན་དམ་པར་ང་ཚོར་ལན་འདེབས་ཚད་ལྡན་བྱེད་རྒྱུ་ཡོད་སྟབས། ཡིག་ཆ་དེ་མ་འོངས་བྱུང་རབས་ནང་ལོ་རྒྱུས་ཀྱི་བསྙོན་འཛུགས་དང། གཞི་འཛིན་ས་ཞིག་ཆགས་པའི་གཞི་རྩ་ཕྲན་ཙམ་ཡང་མེད་པས། འུར་གཏམ་དེས་ཁུངས་མི་འཁྱོལ་པ་རིག་པས་གྲུབ།
 

༢༽ སྐྱོན་འདོགས་འདི་འདྲ་ཞིག་བྱེད་པ་ནི་སྲིད་བྱུས་དེ་ཡ་ལན་བྱེད་འདོད་མེད་པའི་རྟགས་རེད་ཟེར། སྐད་ཆ་འདི་ལའང་ཞིབ་ཚགས་མ་མཁྱེན་པའི་རང་རྟགས་གསལ་བོ་ཐོན་ཡོད། དབུ་མའི་ལམ་གྱི་སྲིད་བྱུས་ལ་ཡ་ལན་བྱེད་འདོད་མེད་ན། རྒྱ་ནག་གི་དབུ་ཁྲིད་ཚོས་རང་གི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ལའང་རྩིས་མེད་བྱས་པ་དང་གཅིག་པ་རེད། ད་ལྟའི་ཆར་རྒྱ་ནག་གཞུང་གི་དབུ་ཁྲིད་ཚོས་རྣམ་འགྱུར་ཐབས་རྡུག་འདི་འདྲ་བསྟན་ན་རྒྱ་ནག་གཞུང་དམངས་གཉིས་ཀར་ཁེ་ཕན་མེད་པ་གསལ་བོ་མཁྱེན་སྟབས། དེ་འདྲ་བྱེད་རྒྱུའི་ཁོར་ཡུག་མེད་པ་གསལ་བོ་ཡིན་པས། བསམ་ཚུལ་དེས་ཀྱང་ཁུངས་མི་འཁྱོལ་བ་རིག་པས་གྲུབ། ངས་ད་བར་རྒྱུད་ལམ་ཁག་ནས་ཅུང་སྐེག་ཚོས་བྱུགས་ཤིང། སྤྱང་ཀིར་རྣ་བཙོར་བཏགས་པའི་བསམ་ཚུལ་བསམ་གཞི་ཅུང་ཡོད་པ་འདི་གཉིས་ལས་མ་མཐོང།

 

 རྒྱབ་སྐྱོར་བྱེད་མཁན་གྱི་ངོས་འཛིན། 

༡༽ བཙན་བྱོལ་སྤྱི་ཚོགས་ནང་མི་ཁ་ཤས་ཤིག་གིས་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་བཞིན་པའི་གོ་སྐབས་བཟུང་སྟེ། རྒྱ་ཕྱོགས་ནས་དབུ་མའི་ལམ་ངོས་ལེན་ཁྱོན་ནས་མེད་མདོག་གི་ཚིག་ཙམ་གྱི་སྐྱོན་འདོགས་རྫུན་མ་སྤེལ་ཁུལ་གྱིས། མུ་མཐུད་བཙན་བྱོལ་ནང་གི་རང་བཙན་དང་དབུ་མའི་འཐབ་རྩོད། མགོ་མི་འཚོས་མཁན་ཚོས་མཇུག་མཐུད་རྒྱུར་རེ་བ་བརྒྱབ་པ་ཡིན་སྟབས། རྒྱ་ནག་གཞུང་གིས་དབུ་མའི་ལམ་ལ་སྐྱོན་བརྗོད་བྱེད་ཁུལ་གྱི་གཡོ་ཇུས་དེའི་མཐིལ་བརྟོལ་དགོས་ཤིང། གསལ་བོ་རྟོགས་དགོས་པ། རང་གི་ནང་མི་གྲོགས་པོ་གྲོགས་མོ་ཚོར་གསལ་བཤད་ཞུས་ཏེ། ཆིག་སྒྲིལ་གྱིས་ཁ་གཏད་རྒྱབ་ཤ་དཀར་པོར་གཅོག་དགོས་པ་ནི་གང་ནས་བསམས་ཀྱང་རྒྱུ་མཚན་ཚད་ལྡན་གྱིས་ཁེངས།

༢༽ རྒྱབ་ཤ་དཀར་པོ་བཏོན་པའི་རྗེས། ཀྲུའུ་ཝེ་ཆོན་གྱིས་གཞི་མེད་ཧམ་བཤད་བྱས་པ་ནི། ཀྲུའུ་ཝེ་ཆོན་ཁོ་དེང་སང་ཕྱེད་རྒས་ཡོལ་གྱི་ངོ་བོར་ཡོད་པས་དབུས་གཞུང་གི་བསམ་ཚུལ་མི་མཚོན་པ། གཉིས་ནས་ཁོ་པ་ཞིས་ཅིན་ཕིན་དང། དེ་སྔའི་ཏང་གི་དབུ་ཁྲིད་ཧུའུ་ཡའོ་པང་སོགས་ཀྱི་རྗེས་འཇུག་མིན་ལ། ཅང་ཙེ་མིན་དང་ཧུའུ་ཅིན་ཐའོའི་ཕྱོགས་གཏོགས་ཡིན་སྟབས། ཁོ་པས་དཔོན་རིགས་བར་གྱི་འགལ་ཟླའི་ཁྲོད་ད་བར་བོད་དོན་བེད་སྤྱོད་བྱས་ཡོད་པ་མ་ཟད། ཞིས་ཅིན་ཕིན་སྲིད་འཛིན་ཆགས་རྗེས་གཅིག་ནས་ཁོ་པ་གོ་གནས་མེད་པ་ཆགས་པ་དང། གཉིས་ནས་ལྐོག་ཟ་རུལ་སུངས་ཞིབ་བཤེར་ལ་རྒྱ་ནག་མི་མང་གིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་ཐོག པེ་ཅིང་གི་གཞི་རིམ་དཔོན་རིགས་དང་ཤེས་ཡོན་པའི་ནང་ཁོ་པར་མི་དགའ་བ་མང་པོ་ཡོད་པས་ཁོས་བསམ་གཟས་ནས་འགལ་བ་མེད་སར་འགལ་བ། རྙོག་དྲ་མེད་སར་རྙོག་དྲ། ད་བར་བོད་ཀྱི་གནས་ཚུལ་ངོ་མ་གོང་རིམ་ལ་མ་ཞུས་པས། ཆབ་སྲིད་དང་དབང་ཆ་ཚང་མར་རུལ་སུངས་ཆགས་འདུག་པ་ཀུན་གྱིས་ངོས་འཛིན་བྱེད་ཅིང། འབའ་བ་ཕུན་དབང་གིས་དེ་བས་ཀྱང་ཀྲུའུ་ཝེ་ཆོན་ནི་གྲངས་ཉུང་མི་རིགས་དང་ཀྲུང་དབྱང་བར་གྱི་འགད་རྫས་ལྟ་བུ་ཞིག་ཏུ་ངོས་འཛིན་བྱས་འདུག་པ་ནི། ཁོས་དེ་སྔ་དབུ་ཁྲིད་པའི་འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་ལ་སྐྱོན་བརྗོད་ཐེར་འདོན་གནང་བ་དེས་ཤེས་ཐུབ།

༣༽ དབུ་མའི་ལམ་ལ་ཚིག་གི་ངོ་གདོང་ཙམ་ནས་སྐྱོན་བརྗོད་བྱེད་ཁུལ་བྱས་ཡོད་ཀྱང། ཞིབ་ཚགས་བལྟས་ན། དབུ་མའི་ལམ་གྱིས་གང་བཤད་ཀྱི་ཡོད་པ་དེར་སྐྱོན་བརྗོད་བྱེད་རྒྱུ་ལྟ་ཞོག ཐ་ན་༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽དང་དེའི་༼འགྲེལ་བརྗོད་༽གཉིས་ཀྱི་མིང་ཙམ་ཡང་བཏོན་མེད། དེའི་ཐོག་ནས། དཔོན་རིགས་མཁྲེགས་འཛིན་ཅན་ཀྲུའུ་ཝེ་ཆོན་ལྟ་བུའི་ཧམ་ཤེད་མ་གཏོགས། ཀྲུང་དབྱང་ནས་དབུ་མའི་ལམ་ལ་སྐྱོན་འདོགས་གནང་བ་དང། གནང་འདོད་ཡོད་པ་མི་མཚོན་པ་མ་ཟད། རྒྱུ་མཚན་ཡང་དག་པ་དྲངས་ཏེ། རྒྱལ་སྤྱིའི་མདུན་སར་མགྲིན་པ་གཟེངས་སུ་བཏགས་ཏེ་དབུ་མའི་ལམ་ལ་ཁ་གཏད་གཅོག་རྒྱུའི་རྣམ་དཔྱོད་མེད་པ་ནི་དེ་བས་ཀྱང་གསལ་ཞིང་གསལ་བ་ཕྱིར་མངོན་པ་དེ་རེད།

༤༽ ༧གོང་ས་སྐྱབས་མགོན་ཆེན་པོའི་བླ་ན་མེད་པའི་དབུ་ཁྲིད་དང། ཁོང་གི་རླབས་ཆེན་དབུ་ཁྲིད་ལ་བརྟེན་ནས་བྱུང་བའི་བྱུང་རབས་སུ་མ་གྲགས་པའི་བོད་མིའི་ཆིག་སྒྲིལ་གཉིས་ལ་གཏོར་བཤིག་གཏོང་བའི་ངན་ཇུས་ལམ་དུ་མ་སོང་ཚེ། ནམ་ཡང་དབུ་མའི་ལམ་ལ་ཁ་གཏད་ཡང་དག་པ་གཅོག་མི་ཐུབ་པ་ཧ་ཅང་གསལ་བོ་ཡིན་སྟབས། བསམ་གཟས་ནས་དབུ་མའི་ལམ་དང་གྲོས་མོལ་ཕར་ཟད། ངོས་ལེན་ཙམ་ཡང་བྱེད་ཀྱི་མིན་མདོག་མདོག་གི་རྣམ་འགྱུར་བསྟན་ཏེ། བོད་མི་ཚོའི་སེམས་ཤུགས་དང་རང་ཚུགས་ཤོར་བཅུགས་ནས། བོད་མིས་རང་བཙན་བརྩད་ན་ཨང་བསམས་པའི་ལྐོག་ཇུས་འཐེན་བཞིན་པ་ཡིན་སྟབས། བོད་མི་ཚོས་གཟབ་ནན་ངང་རྒྱུ་མཚན་རྣམས་ཡིད་ལ་ངེས་པ་བྱས་ཏེ་དབུ་མའི་ལམ་གྱི་རང་ཚུགས་འཛིན་དགོས་པ་ནི་མཆོག་ཏུ་གྱུར་བ་རེད།

 

གཞེན་སྐུལ། 

གོང་གི་ཕྱོགས་གཉིས་ཀྱི་བསམ་ཚུལ་རྣམས་གཅིག་ཏུ་བསྡུས་ཤིང་བསྡུམས་ཏེ་བསྡོམས་ནས་མཚམས་འདིར་སླེབས་པ་ན། ད་འོ་ན་ང་ཚོའི་གཞི་རིམ་བོད་མི་མང་གིས་ག་རེ་བྱེད་དགོས་པ་རེད་ཅེས་པའི་དྲི་བ་འདིའི་སྟེང་དུ་འབབ་ཅིང། འདིའི་ཐད་རྒྱ་བོད་དཀའ་རྙོག་དབྱེ་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་ཀྱི་དགོངས་ཚུལ་འདི་རྨད་དུ་བྱུང་ཞིང། འདིར་བཀོད་ན། རྒྱ་ནག་གཞུང་ནས་རྒྱབ་ཤ་དཀར་པོ་ལྟ་བུའི་ཡིག་ཆ་གལ་ཆེན་རྒྱུད་ནས་དབུ་མའི་ལམ་ལ་སྐྱོན་བརྗོད་བྱས་བྱུང་ཞེས་རང་ཚུགས་ཤོར་ན་ལྐུགས་པ་རེད། ཁོང་ཚོས་ག་རེ་ལབ་འདུག དེ་ཡིད་ལ་ངེས་པ་བྱས། དེ་ནས་དབུ་མའི་ལམ་གྱི་ཕྱག་དེབ་སྔོན་པོ་༼དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ་གྲུབ་འབྲས་བཅས་ཀྱི་ངོ་སྤྲོད། དེ་འབྲེལ་གསུང་བཤད་དང་གལ་ཆེའི་ཡིག་ཆ་ཁག་ཅིག་ཕྱོགས་བསྒྲིགས།༽དང། དེབ་སེར་པོ་༼དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་བྱུང་རིམ་གྲུབ་འབྲས་བཅས་ཀྱི་ངོ་སྤྲོད།༽ ༼བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོན་ཡོང་ཐུབ་ཀྱི་བསམ་འཆར།༽དང་དེའི་༼འགྲེལ་བརྗོད༽་བཅས་ལ་སློབ་སྦྱོང་བྱས། དེ་གཉིས་ཕན་ཚུན་བསྡུར་ཏེ་བདེན་པ་གང་ལ་འདུག རྒྱུ་མཚན་སུ་ལ་འདུག་མིན་ཧ་གོ་བ་ཡིན་ན། གནད་འགག་གང་གི་སྐབས་སུའང་རང་ཚུགས་མི་ཤོར་ཅིང་མགོ་བསྐོར་མི་ཐེབས་པ། དོན་ངོ་མའི་གནས་ཚུལ་ག་རེ་ཡིན་མིན་སོ་སོས་མཁྱེན་ཐུབ་ཅིང། གཞན་ལ་བཤད་ཐུབ་པ་ཞིག་ཡོང་ངེས་སྟབས། བོད་མི་ཚོས་དེ་ལྟར་གནང་དགོས་པ་རེད་ཅེས་པ་འདི་ནི་ཧ་ལས་པའི་མཁས་མྱོང་ཅན་གྱི་གཏམ་དུ་གནས་པས་འདི་ལྟར་བྱ་རིགས་ལ།

 

མདོ་དོན། རྒྱབ་ཤ་དཀར་པོ་ཐེངས་མང་འདོན་དགོས་པའི་བོད་ཀྱི་བདེན་དོན་དང། རྒྱབ་ཤ་དཀར་པོའི་ནང་ཚིག་ཙམ་གྱིས་སྐྱོན་བརྗོད་བྱེད་ཁུལ་གྱི་དབུ་མའི་ལམ་གཉིས་ནི། ༧གོང་ས་སྐྱབས་མགོན་ཆེན་པོའི་སྐུ་དྲིན་ཉག་ཅིག་ལ་བརྟེན་ནས། འཇིག་རྟེན་འདིར་ཉི་མ་ལྟར་ཤར་ཡོད་པའི་གཟི་ཉམས་ལ། རྒྱ་ནག་གཞུང་གིས་རྩ་བ་ནས་གླེགས་འཁེལ་གྱི་མེད་པ་འདི་རང་རེ་བོད་མི་ཡོན་ནོ་ཅོག་གིས་ངོས་འཛིན་གསལ་བོ་གནང་སྟེ། སྔར་ལས་ཡིད་ཆེས་ཆེན་པོས་དབུ་མའི་ལམ་དུ་སྤོབས་པས་ཉམས་ཀྱིས་ཕེབས་རོགས།  བདེན་པས་ཕེབས་རོགས་ཞེས་བྲེལ་སྟབས་སུ་སྨྲས་པ་དགེའོ།། སརྦམངྒལམ།།    དབུ་མའི་ལམ་རྒྱལ་ལོ།།

༢༠༡༥། ༤། ༣༠།། ཉིན།།

བསམ་ཚུལ།

Post navigation

Previous Post: རྒྱ་གཞུང་གི་རྒྱབ་ཤ་དཀར་པོ་ཐེངས་ ༡༣ པའི་སྐོར།
Next Post: རྡུལ་འཚུབ་ཁྲོད་ཀྱི་བལ་ཡུལ།—ས་གཡོ་བའི་སྔ་རྗེས་ཀྱི་ཟིན་ཐོ།

Comments (27) on “དབུ་མའི་ལམ་ལ་གླེགས་མ་འཁེལ་བ་གསལ་བོ་རེད།”

  1. ཨ་ར་དཀར་པོ says:
    2015-05-02 at 6:01 am

    རང་མགོ་རང་གིས་གཡོག་ན་དགའ་ཀྲོག་ཀྲོག་ཟེར་བ་ཅི་མ་བདེན

  2. ཤར་ཕྱོགས་ཁུག་རྟ། says:
    2015-05-02 at 6:15 am

    གནས་ལུགས་དང་དྲང་བདེན་གྱིས་རང་མགོ་གཡོག་པས་མ་ཚད། རང་སྐེ་བཅད་བཞག་ནའང་ཁ་ནས་ཨ་ཚ་མི་ཟེར་ཁོ་ཐག་ཡིན།

  3. ཚེ་རིང་ says:
    2015-05-02 at 6:29 am

    ནད་ལ་ཕན་པ་སྨན་ཟེར་བ་ལྟར་་་རྒྱ་ནག་གཞུང་གི་དཔོན་ངན་བསམ་མེད་ཚོ་དང་རྒྱ་ནག་གཞུང་གིས་འགྲེམས་སྤེལ་བྱས་པའི་རྒྱབ་ཤ་དཀར་པོ་སོགས་ལ་དགོས་པའི་ལན་འདེབས་ཡག་ཤོས་དེ་ང་ཚོ་བོད་མི་ཚང་མས་སྔར་ལས་ལྷག་པའི་སྒོ་ནས་སྡོག་རྩ་གཅིག་སྒྲིལ་ངང་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་དང་བློ་དོག་མེད་པར་ཤར་སྐྱོད་བྱེད་རྒྱུ་དེ་ཡིན་་་་་་་་་་་་་་་་་་་དབུ་འཁྲིད་གཅིག་དང་ལམ་གཅིག་གི་རྗེས་སུ་འཇུག་དགོས་་་་་་་་་་་

  4. ཅོ་རི་ཉི་མ། says:
    2015-05-02 at 6:32 am

    ཁུག་རྟ་ལགས། ཨ་རིའི་ཕོ་བྲང་དཀར་པོའི་མགྲོན་ཚབ་པས་བལ་ཡུལ་དང་རྒྱ་གར། བྷ་ལ་དྷི་ཤིན་བཅས་ལ་ས་ཡོམ་གྱིས་གོད་ཆག་བྱུང་བ་ལ་རྒྱུ་དངོས་ཀྱིས་རོགས་རམ་དང་། རྐྱེན་འདས་སུ་སོང་བའི་ནང་མི་སྤུན་ཟླ་དག་ཐུགས་གསོའི་འཚམས་འདྲི་ཞུས་འདུག་ཀྱང་་་་བོད་མི་རིགས་ལ་གོད་ཆག་བྱུང་བ་དང་རྐྱེན་འདས་སུ་སོང་བ་རྣམས་ལ་ཁ་ཡ་བྱས་མི་འདུག་པས་དབུ་མའི་ལམ་རྒྱལ་སྤྱི་ཅན་དུ་འགྱུར་ཡོད་པའི་དཔང་རྟགས་དང་གྲུབ་འབྲས་ཨེ་རེད། དབུ་མའི་ལམ་དུ་ཕྱིན་ནས་བོད་དོན་རྒྱལ་སྤྱི་ཅན་འགྱུར་ཡོད་པའི་གྲུབ་འབྲས་ཨེ་རེད།

  5. ཚེ་རིང་ says:
    2015-05-02 at 7:02 am

    ཅོ་རི་ཉི་མ་ལགས་གནས་ཚུལ་དེ་ཙམ་ཞིག་ཨ་རིའི་གཞུང་གིས་མ་བཤད་པར་དབུ་མའི་ལམ་ལ་འགྲུབ་འབྲས་མེད་པ་དང་རྒྱལ་སྤྱི་ཅན་ལ་འགྱུར་མེད་པ་གང་འདྲ་བྱས་ནས་གསུངས་ཐུབ་ཀྱི་འདུག་་་་་་་་་་་་་་བྱས་ན་ཉེ་འཆར་ཨ་རིའི་རྒྱལ་སར་ཞོགས་པའི་གསོལ་ཇ་ཞེས་འཛམ་གླིང་སྟེང་གི་སྙན་གྲགས་ཆེ་བའི་མི་སྣ་སྟོང་ཕྲག་འཛོམས་པའི་དབུས་སུ་སྲིད་འཛིན་ཨོ་བྷ་མས་༸གོང་ས་མཆོག་ལ་དམིགས་གསལ་འཚམས་འདྲི་ཞུ་དགོས་པའི་རྒྱུ་མཚན་གང་རེད་་་་་་་

  6. ཤར་པ་ says:
    2015-05-02 at 7:11 am

    རེད་ཡ། ཤར་ལྐུག་ལགས། ཁྱེད་རང་དབུ་ལམ་ལ་རྒྱབ་སྐྱོར་བྱེད་པ་དེ་སྐུ་སྒེར་ཡིག་ཚང་སོགས་ལ་ལས་སྣེ་ཅིག་རག་ན་བསམ་པ་མ་ཏོག་དོན་ལ་ཁྱོད་རང་ཡང་དབུ་ལམ་ལ་དགག་པ་རྒྱབ་མཁན་རེད་ཡ། ཁྱེད་རང་ནས་རྒྱ་རོའི་ཁྲག་དར་དམར་པོ་གནམ་ལ་ཕྱར་ནས་དབུ་ལམ་སྐོར་བཤད་པ་དེས། དབུ་ལམ་་ལ་འགྲོ་བ་འདི་ཁྲག་དར་འདི་འི་འོག་ལ་རེད་བཅས་གསལ་་བཤད་མ་བྱེད་དམ། དབུ་ལམ་དང་རང་བཙན་གང་ལ་ཡང་ཕན་ཚུན་འགལ་འདུ་མ་འཛིན་པར་རང་ཚུག་ཟིན་དགོས། ཁྱེད་རང་ནས་དབུ་ལ་་རྒྱབ་སྐྱོར་མི་བྱེད་མཁས་ཚོ་་སློབ་སྦྱོང་མེད་པ་དང་ཡོན་ཏན་མེད་པ་་བཤད་པ་དེས་ཁྱོད་རང་ལ་འགལ་བའི་འཁོར་ལོ་འཁོར་རོ། ད་ཁྱེད་རང་ནས་རྒྱ་རོའི་ཁྲག་དར་མགོ་ལ་གྱོན་ནས་དབུ་ལམ་སྐོར་མང་ཅམ་བཤད་དང་། བོད་མི་ས་ཡ་ལྷག་ཙམ་དམར་གསད་གཏང་བའི་ཁྲག་དར་ཡིན་པས་ཁྱོད་རང་ལ་སྡིག་བྱིན་ཆེ།ཡ།

  7. ཤར་ཕྱོགས་ཁུག་རྟ། says:
    2015-05-02 at 7:40 am

    ཕོ་བྲང་དཀར་པོའི་མགྲིན་ཚབ་པས་ཉེ་སྔོན་ས་འགུལ་རི་འདར་དང་འབྲེལ་ནས་བོད་ལ་འཚམས་འདྲི་མ་ཞུས་པ་ནི། གནས་ཚུལ་ཉམས་ཞིབ་པ་དང། ཡར་ཞུ་མཁན་ཚོའི་སྐྱོན་རེད་མ་གཏོགས། ཨ་རི་གཞུང་གིས་འཚམས་ཞུ་གནང་འདོད་མེད་པ་གང་ནས་ཡིན། ཡིན་ན། ལོ་འགའི་སྔོན་སྐྱེ་རྒུ་མདོའི་ས་འགུལ་ལ་ཐུགས་འཚབ་ཀྱི་རྣམ་འགྱུར་བཅོས་མ་མིན་པ་བསྟན་ཡོད།

  8. ཤར་ཕྱོགས་ཁུག་རྟ། says:
    2015-05-02 at 7:44 am

    དབུ་མའི་ལམ་ལ་ཕོ་བྲང་དཀར་པོའི་མཚོན་ཡོངས་གྲགས་ཀྱི་རྒྱབ་སྐྱོར་དང། དེ་བཞིན་རྒྱ་ནག་གི་སྲིད་འཛིན་སྔ་ཕྱི་མཇལ་སྐབས་དབུ་མའི་ལམ་གྱི་དགོངས་གཞི་ཡང་དག་པ་ཞིག་ཡིན་པ། སྲིད་འཛིན་སྲིད་བློན་མང་པོས་བཤད་ཡོད་པ་རེད་ལ། དེའི་གནས་ཚུལ་ངྷ་རམ་ས་ལར་འབྱོར་གི་ཡོད་པ་རེད། དེའི་ཆ་ནས་ཀྲུའུ་ཝེ་ཆོན་ནས་བོད་ཀྱོ་གནད་དོན་དབུ་མའི་ལམ་དང། དབུ་མའི་ལམ་རྒྱལ་སྤྱི་ཅན་དུ་ཆགས་བཞིན་པར་བློ་འཚབ་ཀྱིས་ཧམ་བཤད་གསར་འགོད་གསལ་བསྒྲགས་སྤེལ་ཡོད་པ་རེད། དེ་དངོས་ཡོད་ཡིན་སྟབས། ཐབས་ཤེས་མི་འདུག་གཱ

  9. ཤར་ཕྱོགས་ཁུག་རྟ། says:
    2015-05-02 at 7:48 am

    ཁ་པར་ནང་ཡིག་གཏགས་བྱེད་དགོས་བྱུང་བས་གཏགས་ནོར་བྱུང་འདུག དགོངས་དག དྲ་གྲོགས་ལྷན་རྒྱས་ནས་བགྲོ་གླེང་བྱོས།

  10. ཅོ་རི་ཉི་མ། says:
    2015-05-02 at 8:13 am

    ཨ་རི་ཡི་ཞོགས་ཇ་གསོལ་འདེབས་ཅེས་པའི་ཚོགས་ཐོག་ཏུ་སྲིད་འཛིན་ཨོ་བྷ་མས་དངོས་སུ་༧གོང་ས་ཏ་ལའི་བླ་མ་ལ་འཚམས་འདྲི་ཞུས་པ་དང་ཤུགས་བསྟན་དད་པ་དམ་ཚིག་གདོན་འདྲེ་གསོན་པོ་ཞིག་ལ་མི་སྒྱུར་བའི་ཆེད་དུ་རེད། དད་པ་དམ་ཚིག་བེད་སྤྱད་ནས་སྤྱི་ཚོགས་ཀྱི་མཐུན་ལམ་མི་གཏོར་བའི་ཆེད་དུ་རེད། སྲིད་འཛིན་ཨོ་བྷ་མའི་གསུངས་བཤད་ཉོན་ཡོད་ན་གསལ་པོ་རེད།་་་ཧཧཧ

  11. ཅོ་རི་ཉི་མ། says:
    2015-05-02 at 8:19 am

    ཁུག་རྟ་ལགས། རྒྱ་ཕྱོགས་ནས་དབུ་མའི་ལམ་ཁྲིམས་འགལ་ལ་བརྩིས་པ་དེ་ཀྲུང་ཝན་ཆིན་གྱིས་མཁྲེགས་འཛིན་བྱས་ནས་མ་བྱུང་བ་མདོག་ཡིན་དང་། ཕོ་བྲང་དཀར་པོས་བོད་མི་ས་འོག་ཤི་ནའང་ཁ་ཡ་མི་བྱེད་པ་འདི་ཡར་ཞུ་བྱས་མཁན་ཚོའི་སྐྱོན་ཡིན་མདོག་མདོག་འདྲ་བཤད་ནས་རང་མགོ་རང་གིས་སྐོར་ན་ཕན་ཐོགས་ཅང་འདུག་གམ།་་་་ཧཧ

  12. ཅོ་རི་ཉི་མ། says:
    2015-05-02 at 8:41 am

    ཁུག་རྟ་་་་དོན་དངོས་ཐོག་དབུ་མའི་ལམ་འགྲུབ་ཡ་མེད་པ་བཟོ་མཁན་ཨ་རིས་རེད་ད། ༧གོང་ས་ཏ་ལའི་བླ་མའི་སྐེ་ལ་དམངས་གཙོའི་གསེར་གྱི་རྟགས་མ་བཏགས་པ་དེ་དབུ་མའི་ལམ་གྱི་འགོག་རྐྱེན་ཡོད་ན་མེད་ན་དེ་རེད་བ། དམར་གཞུང་གིས་ངོས་ནས་ནོ་སྦེལ་ཞི་བདེ་དེད་དཔོན་དམངས་གཙོ་དོན་གཉེས་བ་རྒྱ་རིགས་ལིས་བྱིམ་པོ་ཟེར་བ་ཁོ་བཙོན་ཁང་ནང་དུ་བཅུག་བཞག་ཡོད་པ་རེད་བ།

    གུན་ཁྲན་དམར་གཞུང་དང་གོས་ས་ཏ་ལའི་བླ་མ་མཐུན་ཐབས་མེད་པར་བཟོ་མཁན་ཨ་རི་ཡིན་པར་ཤེས་དགོས་ཀྱི་གལ་ཆེ་རེད་འདོད། དམངས་གཙོ་གསེར་གྱི་རྟགས་བ་སྐེ་ལ་ཀོན་ནས་རྒྱ་ནག་ཕྱིན་པ་ཡིན་ན་ཁ་ཐུག་བཙོན་ཁང་ནང་དུ་བཅུག་གི་མ་རེད་དམ།

    བོད་མི་རིགས་དམར་པོའི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་འཛུལ་བཅུག་འདོད་མེད་མཁན་དང་གྲོས་མོལ་མཚམས་ཆད་བཅུག་མཁན་ཨ་རིས་རེད་ད། དེར་ཤེས་དགོས་ཀྱི་གལ་ཆེན་རེད་དོ། ཨ་རིས་དབུ་མའི་ལམ་ལ་བརྒྱ་སྐྱོར་ཡོད་མདོག་བྱས་པ་དེ་གནས་སྐབས་ཀྱི་ཚོང་དོན་ཙམ་རེད་འདོད།

  13. དམུ་ཐག་གི་བུ་རྒྱུད། says:
    2015-05-02 at 9:37 am

    རྩོམ་ཡིག་འདིའི་ནང་གི་སྐད་ཆ་(རྒྱ་ནག་གཞུང་ནས་རྒྱབ་ཤ་དཀར་པོ་ལྟ་བུའི་ཡིག་ཆ་གལ་ཆེན་རྒྱུད་ནས་དབུ་མའི་ལམ་ལ་སྐྱོན་བརྗོད་བྱས་བྱུང་ཞེས་རང་ཚུགས་ཤོར་ན་ལྐུགས་པ་རེད།)འདི་ལས་ལྷག་ཅིག་དགོས་པ་མི་འདུག དེ་ལྟར་བསམ་ཤེས་ན་རྒྱ་ནག་གིས་དབུ་མའི་ལམ་ལ་ཡང་ནན་བསྐྱར་ནན་གྱིས་ཁ་རྡུང་གཏོང་བ་དང་བསམ་བཞིན་དུ་གོ་བ་ལོག་སྒྲུབ་བྱེད་དགོས་པའི་རྒྱུ་མཚན་ཤེས་ཐུབ། དེ་ཡང་ཡིན་ཏེ། རྒྱ་ནག་གི་མིག་ནང་དུ་ང་ཚོའི་སྲིད་དོན་པ་ཚོ་ཆབ་སྲིད་ཀྱི་ལྐུག་པ་དང་ངང་རྒྱུད་ཐུང་བ། རང་ཉིད་ལ་གདེང་ཚོད་མེད་པ་ཞིག་ཏུ་གྱུར་ཟིན་པ་རེད། དེ་ཡང་ཁྱོད་ཀྱི་གཏན་ཚིགས་ལྟར་བཤད་པས་ཆོག་སྟེ། དང་པོ་རང་བཙན་གྱི་རང་ཚུགས་མ་ཐུབ། གཉིས་པ་ཆེས་མཐོའི་རང་སྐྱོང་གི་རང་ཚུགས་མ་ཐུབ། སྔ་ཕྱིའི་རང་ཚུགས་མ་ཐུབ་པའི་གནད་འདི་དག་ལ་གཞིགས་ནས་རྒྱ་ནག་གིས་དབུ་མའི་ལམ་གྱི་གོང་ཚད་ཀྱང་ཇེ་ཆུང་དུ་གཏོང་འདོད་པ་ལས་གཞན་གང་ཡང་མ་རེད། ང་ཚོའི་ཕྱོགས་ནས་ཀྱང་རྒྱ་ནག་གི་འདོད་པ་ལ་མཐུན་རྐྱེན་ཆེན་པོ་བསྒྲུབ་བཞིན་ཡོད་དེ། དབུ་མའི་ལམ་པ་བ་ཡིན་པར་འདོད་པ་ཚོས་རྒྱ་ནག་གི་དར་ཆ་མཐོན་པོར་བསྒྲེང་ནས་རང་བཙན་རྩོད་མཁན་གྱི་གདོང་དུ་འབུད་བཞིན་པ་དེའོ། བྲེལ་ཟིང་གི་ཁྲོད་ནས་དེ་ཙམ་འབྲི།

  14. ཤར་ཕྱོགས་ཁུག་རྟ། says:
    2015-05-02 at 10:28 am

    རང་བཙན་གྱི་རང་ཚུགས་ཤོར་སོང་བ་མིན་པར། རང་ཚུགས་ཤོར་མི་ཤོར་ལ་གདམ་ག་མེད་པར་གཏན་ཡལ་ཕྱིན་ཚར་བའི་གནས་བབ་ཏུ་ལྷུངས་ཡོད་པས། འབུ་ཆེས་ཆུང་ཟོས་ནི་འཇིག་རྟེན་འདིར་དཔེ་མ་དར་བ་ཞིག་མིན་སྟབས། ལོ་རྒྱུས་ཀྱི་དྲན་སྐུལ་དེ་དག་ལ་གཞིགས་ནས། དེ་རིང་སང་ཉིན་གྱི་དངོས་ཡོད་སྤྱི་ཚོགས་ནང་ང་ཚོས་ང་ཚོར་འཚོ་བ་རོལ་སའི་གཞི་རྟེན་ཞིག་མི་འཚོལ་ག་མེད་ཆགས་པ་རེད། གང་ཡིན་ཞེ་ན། བོད་མི་ཚོ་ཡང་མི་ཡིན་པ་དང། འཚོ་འདོད་ཡོད་པ། ཤིན་འདོད་མེད་པ་རྐྱང་ཡིན་སྟབས། སྐབས་ཐོག་དང་ཉིན་རེའི་ལས་དོན་ནང་ཕམ་མི་ཉན་པ་འདི་ཞེ་དྲག་གལ་ཆེན་པོ་རེད། དེའི་ཆ་ནས་ཡུན་རིང་ལོ་རྒྱུས་ནང་གོ་ཐག་གློད་ཟིན་པ་དང། རང་ཚུགས་རྩ་ནས་ཤོར་ཟིན་པའི་ནད་རོ་རྣམས་སངས་དྲག་ཡོང་ཆེད། སྔ་ན་མེད་པ་དང། སྔ་དུས་དབུ་ཁྲིད་ཀྱིས་བསྟན་མ་མྱོང་བའི་དབུ་མའི་ལམ་འདིའི་རང་ཚུགས་རྒྱུ་མཚན་དང་སྤོབས་པ་ཆེན་པོས་གནམ་སའི་བར་མཚམས་སུ་ལྷངས་ངེར་སྒྲེང་བ་རེད། དངོས་ཡོད་དེ་རྣམས་ཤེས་རྟོགས་ཡོང་རྒྱུར་འཕྲལ་ལྟ་ཙམ་བྱས་ན་ཁག་པོ་ཡིན་སྟབས། ཞིབ་ཚགས་མཁྱེན་རེ་ཤིན་ཏུ་ཆེ། གཞན་ཆེས་མཐོའི་རང་སྐྱོང་ཟེར་བ་ནི་དེ་སྔའི་རང་ཕྱོགས་ཀྱི་དཔོན་རིགས་འགའི་ལབ་གླེང་ཙམ་མ་གཏོགས་གཞི་འཛིན་ས་གང་ཡང་མེད། གལ་སྲིད་ཡོད་དབང་དུ་བཏང་ནའང་ཆ་ཚང་བ་ཞིག་མེད། ལོ་རབས་བརྒྱད་བཅུའི་མགོ་ནས་དགུ་བཅུའི་མཇུག་བར་དེ་འདྲའི་སྣང་བ་རླུང་སྤུར་གྱི་ངང་ཚུལ་ཞིག་ཏུ་གནས་མེད་ན། དེ་རིང་གི་གནས་བབ་འདི་ལས་ལྷག་ཅིག་ཡོང་ངེས་འདུག་ཀྱང་བཤད་ནས་ཅི་ཕན། སྐབས་དེར་ཆེས་མཐོ་ཟེར་བའམ་རྒྱལ་ཕྲན་མཉམ་འབྲེལ་ཟེར་བའི་བརྡ་ཆད་ཁ་ཤས་རང་རེའི་དཔོན་རིགས་འགས་གླེང་ཡོད་ནའང། ཞིབ་ཏུ་བརྟགས་ན་ཁོང་ཚོ་ལའང་དེའི་དོན་དག་ཆ་ཚང་ཞིག་ངེས་མི་འདུག ཡིན་ནའང། དེ་འདྲའི་དཀྲོགས་གཏམ་མི་མང་ནས་ཁྱབ་པས། ཚོ་ཁག་བཅུ་གསུམ་དང་གུང་ཐང་ཚུལ་ཁྲིམས། ཀུན་བཟང་བླ་མ་སོགས་ཀྱི་ཉོག་སྒྲུང་ལྟར་མི་མང་ནང་ཡར་ཁྲིད་མར་འདོགས་བྱེད་པ་ནི་མཚམས་བཞག་ཡོད་པ་མ་རེད་ལ། ད་ལྟ་ད་དུང་དེའི་བཤད་ཡམས་འཇིག་ཚར་མེད་པ་རེད། རྣམ་རྟོག་འདི་རིགས་ཀྱིས་དྲངས་པའི་རྣམ་འགྱུར་དག་ལ་ལན་འདེབས་བྱས་ན་ངལ་བ་འབྲས་མེད་ཡིན་ཡང། གཅིག་བྱས་ན་བློ་ལྡན་རེ་འགར་ཕན་ཡང་སྲིད་པས་ཟུར་ཙམ་བྲེལ་སྟབས་སུ་བགྱིས་པའོ།།

  15. དམུ་ཐག་གི་བུ་རྒྱུད། says:
    2015-05-02 at 1:06 pm

    ངས་ཁྱོད་ཀྱི་མཆན་འདི་(རང་བཙན་གྱི་རང་ཚུགས་ཤོར་སོང་བ་མིན་པར། རང་ཚུགས་ཤོར་མི་ཤོར་ལ་གདམ་ག་མེད་པར་གཏན་ཡལ་ཕྱིན་ཚར་བའི་གནས་བབ་ཏུ་ལྷུངས་ཡོད།)ལས་བཀླགས་མེད། འདི་འདྲའི་རེ་བ་དང་སྟོབས་ཤུགས་སྐམ་སོང་བའི་བསམ་ཚུལ་ཞིག་ལས་མེད་ཕྱིན། རྒྱ་མཚོ་དང་ནམ་མཁའ་ལྟ་བུའི་ཅི་ཡང་འབྱུང་ལ་གང་ཡང་ཤོང་བའི་སྙིང་སྟོབས་ཤིག་ག་ལ་སྐྱེ། གནས་བབས་དེ་རྒྱ་ནག་གིས་ཚུར་ལ་བརྟག་མི་དགོས་པར་ཕར་ལ་ཨུ་ཚུགས་ཀྱིས་ཁ་གསལ་གཏིང་གསལ་དུ་ཞུས་ཞུས་པའི་འབྲས་བུ་འདི་ཡིན་ཏེ། “དབུ་མའི་ལམ་ནི་མི་མངོན་པའི་རང་བཙན་རེད། ” གཏམ་འདི་ལ་ཁྱོད་ཀྱིས་ལན་ཅི་ཞིག་འདེབས་སམ། ངའི་སྐེ་བཅད་ན་འོ་མ་ལས་ཁྲག་མི་ཐོན་ཟེར་རམ། བསམ་ཤེས་མཁན་ཞིག་ཡིན་ཕྱིན་རྒྱ་ནག་གི་དམིགས་ཡུལ་མཛུབ་སྟོན་བྱེད་མི་དགོས་མོད། སྤྱང་ཀིའི་སྙིང་རྗེ་ལ་རེ་མཁན་ཚོར་ཅི་ཆ།

  16. ཚ་སྒང་ཕོ་ཉ། says:
    2015-05-02 at 2:18 pm

    ༧གོང་ས་སྐྱབས་༧མགོན་ཆེན་པོས་ད་ལྟའི་ཆར་བོད་ཀྱི་གནས་བབ་དེ་ཉིད་མར་མེ་སྣུམ་ཟད་ལྟ་བུའི་ཛ་དྲག་ཅན་འདི་ལ་གཟིགས་ནས་མི་རིགས་རིག་གཞུང་དང་བཅས་པ་སྐྱོབ་ཆེད་རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞི་འོག་ནས་མིང་དོན་མཚུངས་པའི་བོད་རིགས་ཡོངས་ལ་རང་སྐྱོང་གི་གནས་བབས་སྟེ་དབུ་མའི་ལམ་འདི་རྒྱ་བོད་གཉིས་ལ་ལམ་སྟོན་བྱས་པ་རེད་མོད། དེང་སྐབས་རྒྱ་ཕྱོགས་ནས་དབུ་མ་ནི་འབྲོག་པ་ལ་ཁྱི་ཤ་གཏེར་བ་བཞིན་ཟ་རྒྱུ་ཕར་བཞག་དྲི་མ་ཙམ་ཡང་དྲོ་འདོད་མེད་ཟེར། བོད་ཕྱོགས་ཀྱི་དབུ་མ་བར་ཁས་ཆེ་བ་མང་པོས་དབུ་མ་ནི་བོད་མིའི་བར་ཀྱི་འགད་རྫས་བཞིན་རང་དང་ལྟ་བ་མི་མཐུན་མཁན་དག་རྩ་མེད་བཟོ་བྱེད་ཀྱི་ལག་འབོམ་ཞིག་ལ་ངོས་འཛིན་པ་ལས་དོན་དམ་པའི་རྩ་དོན་སྒྲུབ་བྱེད་ཀྱི་ལག་ཆའང་ཐབས་ལམ་ཞིག་ལ་བཀོལ་མཁན་ཤིན་ཏུ་ཉུང་། དེ་ཡང་ཡིན་ཏེ་དབུ་མ་བ་རྣམས་ཀྱིས་བོད་མིའི་ཁྲོད་ནས་རང་བཙན་རྩོད་མཁན་འབུར་དུ་ཐོན་པ་རྣམས་ཀྱི་ནང་ནས་མང་ཆེ་བ་ཞིག་ལ་ཞྭ་མོ་ནག་པོ་རེ་གཡོག་ནས་བོད་པའི་སྤྱི་ཚོགས་ཀྱི་ཟུར་ཞིག་ལ་འཕུད་ཐབས་སྣ་དགུ་བྱས་དང་བྱེད་བཞིན་པའི་མངོན་གསལ་ཅན་འདི་དག་རེད། ད་དུང་ཡ་ངལ་བ་ཞིག་ལ་དབུས་སྒྲིག་འཛུག་གི་ལས་བྱེད་ང་ཡིན་ཟེར་མཁན་མང་པོ་ཞིག་བོད་མིའི་ས་གནས་གཞིས་ཆགས་ཁག་ལ་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བ་ཟེར་བའི་མིང་ཐོག་ནས་མི་མང་ལ་དབུ་མའི་གོ་རྟོགས་སྤེལ་ཁུལ་བྱེད་བཞིན་འདུག་མོད། དེ་ཚོའི་དབུ་མའི་ལམ་གྱི་གོ་རྟོགས་ཅི་ཡང་སྤེལ་ཤེས་ཀྱིན་མི་འདུག། གང་ཡིན་ཟེར་ན་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བ་ལ་དབུ་མའི་ལམ་གྱི་བྱུང་རིམ་དང་། ད་ལྟའི་ཆར་གཏན་ལ་ཕབ་ཟིན་པའི་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྲིད་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དང་དེའི་མཆན་འགྲེལ་གཉིས་གཞི་རྩར་བཟུང་ནས་དོན་ཚད་རེ་རེ་བཞིན་གསལ་བཤད་དང་གོ་བརྡ་སྤྲད་མ་ནུས་ན་ཡང་རོབ་ཙམ་བཤད་དགོས་ངེས་རེད་མོད། དེའི་ཚབ་ལ་༧གོང་ས་སྐྱབས་༧མགོན་ཆེན་པོའི་མཛད་སྣང་དང་ཆེ་བསྟོད་རྐྱང་རྐྱང་གིས་དབུ་མའི་ལམ་གོ་རྟོགས་སྤེལ་བཞིན་འདུག། ལས་བྱེད་དེ་ཚོ་ཀླད་པ་ཐང་ཐང་མེད་པ་ནི་གཏན་ནས་ཡིན་ཚོད་མ་རེད་མོད་གདན་ས་ཆེན་པོ་དང་བཤད་གྲྭ་ཆེན་པོ་དག་ལ་ཁྱེད་ཚོ་ལྟ་བུས་༧གོང་ས་ཆེན་པོའི་མཛད་འཕྲིན་སློབ་ཁྲིད་སམ་ངོ་སྤྲོད་བྱེད་པ་ནི་སྤྱན་རས་གཟིགས་ལ་མ་ཎི་སློབ་པ་དང་ཁྱད་ཅི་ལ་ཡོད་ཨང་། ང་༧གོང་ས་ཆེན་པོའི་མཛད་འཕྲིན་ཉན་མ་འདོད་པ་དང་མཛད་འཕྲིན་ལ་མ་དགའ་བ་གཏན་ནས་མིན་མོད། དབུ་མའི་ལམ་གོ་རྟོགས་སྤེལ་བ་ཟེར་བའི་མིང་བྱང་དེའི་འོག་ནས་བཤད་དགོས་རྒྱུ་དབུ་མ་མི་བཤད་པ་དོན་གཞན་ཞིག་ལ་འགྲེལ་མི་ཤེས་བཞིན་ཨུ་ཚུགས་ཀྱིས་འགྲེལ་ཁུལ་བྱེད་བཞིན་པའི་སྐུ་ངོ་འདི་དག་ལ་ཧ་ཅང་སུན་ཡོང་གིན་འདུག། མ་ཟད་དབུ་མ་ནི་༧གོང་ས་སྐྱབས་མགོན་ཆེན་པོའི་ཆེད་གཏན་ལ་ཕབ་པ་ཞིག་མིན་པར་༧གོང་ས་༧སྐྱབས་མགོན་ཆེན་པོས་བོད་མི་ས་ཡ་དྲུག་གི་ཆེད་དུ་ལམ་སྟོན་གནང་བའི་སྲིད་ཇུས་ཤིག་ཡིན་པ་དེ་ཤེས་དགོས་ངེས་རེད། ཁྱེད་ཚོས་གནང་སྟངས་ལ་བལྟས་ཡོང་ན་དབུ་མ་ཁས་ལེན་དགོས་རེད་རྒྱུ་མཚན་ནི་༧གོང་ས་སྐྱབས་མགོན་ཆེན་པོ་ང་ཚོ་ལ་བཀའ་དྲིན་ཆེན་པོ་རེད་ཟེར་བ་ལྟ་བུའི་མགོ་མཇུག་གོ་ལྡོག་གི་སློབ་གསོ་ཞིག་སྤེལ་ཡོང་གིན་འདུག་པས། རྗེས་ཕྱོགས་དབུ་མའི་ལམ་གྱིས་བོད་དོན་བདེན་མཐའ་གསལ་མིན་གྱིས་དོགས་མཆར་དང་གླེང་ཕྱོགས་ཤིག་བྱུང་ན་ནག་ཉེས་ཡོད་ཚད་པོ་༧གོང་ས་ཆེན་པོའི་སྟེང་ལ་མི་འཕེན་པའི་ངེས་པ་གཏན་ནས་མི་འདུག་པས་ཁྱེད་རྣམ་པའི་ལྷག་བསམ་ཡིན་མིན་མི་ཤེས་མོད་གནང་སྟངས་དེ་ནི་དེ་འདྲ་ཞིག་ཏུ་མཐོང་། མ་ཟད་གོང་དུ་ཁྱེད་རྣམས་ཀྱིས་ལྟ་ཚུལ་འདིའི་ཐོག་ནས་དབུ་མ་ཁས་མི་ལེན་ཞིང་རང་བཙན་རྩོད་མཁན་རྣམས་ནི་མགོན་པོ་གང་ཉིད་ལ་རྒྱབ་གཏོད་བྱེད་མཁན་རེད་མདོག་མདོག་གི་རྣམ་འགྱུར་ཞིག་ཞར་དང་ཞོར་ལ་ཐོན་ཡོང་གིན་འདུག་པས། རྣམ་འགྱུར་འདིས་བོད་མི་ཅོ་ཆུང་མང་པོ་ཞིག་གཡང་རྒྱུགས་བྱེད་དགོས་པ་བཟོས་ཤིང་དེའི་དབང་གིས་བོད་མི་ནང་ཁུར་ཟང་ཟིང་བཟོ་བཞིན་པ་གསལ་པོ་རེད། དེས་ན་གོང་གསལ་གནད་དོན་དེ་དག་ལ་ཁྱེད་རྣམས་ཀྱིས་ཐུགས་བསམ་ཅི་ནས་ཀྱང་བཞེས་གལ་ཆེའོ།།

  17. རིག་ཡག། says:
    2015-05-02 at 3:10 pm

    གོ་བརྡ་འཕྲོད་དཀའ་བའི་ལམ་དབུ་མ།

    བོད་ཀྱི་བང་ཆེན་སྤྱིའི་འདོན་ཐེངས་ ༤༩༤ ལས་བཤུས་པ་ཡིན།
    བཙན་བྱོལ་བོད་པའི་སྤྱི་ཚོགས་ནང་དབུ་མའི་ལམ་ཞེས་པའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་ཕྱི་ལོ་༡༩༧༤ ཙམ་ནས་བཟུང་འགོ་བཙུགས་པ་ཞིག་ཡིན་འདུག་པས་ལོ་འདིར་མི་ལོ་ཧྲིལ་པོ་༤༠ འཁོར་སོང་བ་རེད། དེའི་རིང་དུ་དབུ་མའི་ལམ་གྱི་གོ་དོན་དང། དབུ་མའི་ལམ་གྱི་འགྲེལ་བཤད། དབུ་མའི་ལམ་གྱི་དགོས་མཁོ་སོགས་མི་འདྲ་བ་དང་རིང་ཐུང་སྣ་ཚོགས་ཤིག་བྱུང་ཡོད་པ་དང། བཀའ་ཤག་སྐབས་བཅུ་གཉིས་དང་བཅུ་གསུམ་པའི་སྐབས་ཀྱི་དུས་ཡུན་ལོ་༡༠ རིང་དབུ་མའི་ལམ་གྱི་གོ་རྟོགས་སྤེལ་བར་ནུས་ཤུགས་ཡོད་རྒུ་རྩལ་སྤྲུགས་གནང་བ་རེད། འོན་ཀྱང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་མཆོག་གིས་ཐོག་མ་ང་ཚོའི་དབུ་མའི་ལམ་དེ་ད་ལྟ་ཧོང་ཀོང་གི་གནས་བབས་ལས་བརྒྱ་ཆ་༢༠ ཙམ་གྱི་ཚད་མཐོ་བ་ཞིག་རྩོད་ཀྱི་ཡོད་ཅེས་ཁ་གསལ་པོའི་ཐོག་ནས་གསུངས་ཡོད་པ་དང། རིམ་པས་རྒྱ་གཞུང་གི་རྒྱུན་འཁྱོངས་གསུམ་དེ་ཁས་ལེན་དང། མ་འོངས་པར་བོད་དུ་མང་གཙོའི་ལམ་ལུགས་མི་དགོས་པ་སོགས་མངོན་གསལ་གྱི་ཐོག་ནས་འགྱུར་བ་ཆེན་པོ་སོང་བ་རེད།

    འགྱུར་བ་དེ་དག་རྒྱ་ནག་གཞུང་དང་མཉམ་དུ་དངོས་སུ་འབྲེལ་མོལ་བྱས་པའི་བརྒྱུད་རིམ་ནང་དགོས་མཁོ་དང་ཁོར་ཡུག་སོགས་ཀྱི་ཐོག་ནས་སོང་བ་ཞིག་ཡིན་ངེས་ཀྱང། འགྲེལ་བཤད་དེ་དག་ལ་བརྟེན་ནས་སྤྱི་ཚོགས་ནང་དབུ་མའི་ལམ་གྱི་གོ་དོན་གསལ་པོ་ཤེས་རྟོགས་ཐུབ་མིན་གྱི་ཐོག་ལ་དཀའ་ངལ་མང་པོ་ཞིག་འཕྲད་པ་དེ་ཡང་དངོས་ཡོད་གནས་ཚུལ་དུ་གྱུར་ཡོད་པ་རེད། དཔེར་ན་མི་མང་པོ་ཞིག་གིས་ཞི་བའི་གྲོས་འཆར་དོན་ཚན་ལྔ་དང། སི་ཊ་སི་སྦག་གི་གསུང་བཤད་གཉིས་ཀྱང་དབུ་མའི་ལམ་གྱི་ལངས་ཕྱོགས་ཀྱི་གཞི་འཛིན་ས་ཡོད་ན་མེད་ན་ཞིག་ཡིན་པར་ངོས་འཛིན་བྱེད་མཁན་ཡོད་ལ། གཞུང་འབྲེལ་གྱི་དབུ་མའི་ལམ་གྱི་ཁྱབ་བསྒྲགས་ནང་དེ་དག་ཚང་མ་བཀོད་ཡོད། སྐབས་རེ་ཞི་བའི་གྲོས་འཆར་དོན་ཚན་ལྔ་དེ་ཕུགས་ཀྱི་འཆར་སྣང་དང། སི་ཊ་སི་སྦག་གི་གསུང་བཤད་ནུས་མེད་ཕྱིན་ཟིན་པའི་འགྲེལ་བཤད་ཡོངས་ཁྱབ་ཏུ་གནང་བར་བརྟེན། མགོ་མཇུག་བར་གསུམ་གྱི་འགྲོ་སྟངས་ཆ་ཚང་ཤེས་མཁན་ཞིག་ཡིན་ན་མ་གཏོགས་གཞན་འགྱུར་བ་དེ་དག་མི་མང་དཀྱུས་མ་ཞིག་གིས་ཤེས་རྟོགས་ཐུབ་པ་ཞིག་མ་རེད།

    བཀའ་ཤག་སྐབས་བཅུ་བཞི་པ་སླེབས་ནས་བཟུང་དབུ་མའི་ལམ་ལ་འགྱུར་བ་མེད་པ་དང། དབུ་མའི་ལམ་གྱི་ལས་འགུལ་སྤེལ་རྒྱུ་ཡིན་པ། དབུ་མའི་ལམ་གྱི་གོ་རྟོགས་སྤེལ་ཐབས་ཀྱི་ལས་རིམ་མང་པོ་ཞིག་ཀྱང་བང་བསྒྲིགས་ནས་ལག་བསྟར་བྱས་པ་རེད། ཉེ་བའི་ཆར་སྲིད་སྐྱོང་གིས་ད་དུང་དབུ་མའི་ལམ་གྱི་གོ་དོན་མི་རྟོགས་མཁན་རྒྱལ་སྤྱིའི་ནང་དུ་མང་པོ་ཡོད་པ་དང་བོད་པའི་ནང་དུ་མང་པོ་ཡོད་ཚུལ་ཡང་གསུངས་འདུག དོན་དངོས་ཐོག་ནས་ཀྱང་དེ་ལྟར་དུ་གྱུར་ཡོད་སྲིད་པ་མ་ཟད། ད་དུང་གོ་དོན་རྙིང་པ་དེ་དག་ལ་འཐམས་ནས་བསྡད་ཡོད་པའི་མི་མང་པོ་ཞིག་ཀྱང་ཡོད་ངེས་རེད། མ་འོངས་པར་མི་མང་དཀྱུས་མའི་ནང་དབུ་མའི་ལམ་འགྲེལ་བཤད་རྒྱག་སྐབས་མི་རིགས་ས་གནས་རང་སྐྱོང་གི་སྐོར་དེ་ཁོ་ན་ལས། འཕེལ་རིམ་སོགས་རྒྱས་བཤད་རིགས་ཀྱིས་ཕན་མི་ཐོགས་པ་དང། མགོ་རྙོག་ཏུ་འགྲོ་བ་ཞིག་ཏུ་གྱུར་ཡོད། དབུ་མའི་ལམ་ཞེས་པའི་ཐ་སྙད་དེ་དག་ཁ་ཏོན་བྱེད་མཁན་དག་གིས་ཀྱང་མི་རིགས་ས་གནས་རང་སྐྱོང་དགོས་པའི་བསམ་འཆར་ཡིག་ཆའི་ནང་དོན་ཤེས་རྟོགས་མེད་མཁན་མང་པོ་ཡོད་པ་གསལ་པོ་རེད།

    ད་ལན་བཀའ་ཤག་གིས་དྲ་རྒྱ་གསར་པ་བཟོས་ཀྱང་འགྲེལ་བཤད་དེ་མཁས་བླུན་སུས་བལྟས་ཀྱང་གོ་བདེ་པོ་ཞིག་དགོས་པ་གལ་ཆེན་པོར་གྱུར་ཡོད། བོད་མི་ཕལ་ཆེ་བའི་བསམ་བློའི་ནང་༧གོང་ས་མཆོག་གི་ལམ་སྟོན་དང་དགོངས་གཞི་ཡིན་པ་དེ་རྩ་ཆེན་པོར་འཛིན་བཞིན་ཡོད་པས་སླད་ཀྱི་ཆར་ཡང་དཀའ་ངལ་ཆེན་པོ་འཕྲད་མི་སྲིད་པ་དང། གྲོས་ཚོགས་ནང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤྱི་མོས་ཐག་གཅོད་བྱས་པའི་གནད་དོན་ཞིག་དང། ༧གོང་ས་མཆོག་གི་བཀའ་དགོངས་གཉིས་མི་མཐུན་པ་ཆགས་པ་ཡིན་ན། བཀའ་ཤག་གིས་སྤྱི་འཐུས་ལྷན་ཚོགས་ཀྱི་ཐག་གཅོད་དེ་བརྩི་ཐུབ་ཀྱི་མ་རེད་ཅེས་གསུངས་པ་དེ་དོན་ལ་གནས་པའི་བཀའ་མོལ་ཞིག་རེད། དེར་བརྟེན་མ་འོངས་པར་དབུ་མའི་ལམ་གྱི་མིང་ཐོག་ནས་ལས་འགུལ་སྤེལ་བའམ། རྒྱལ་སྤྱི་དང་བོད་མི་ནང་ཁུལ་དུ་གོ་རྟོགས་སྤེལ་བ་གང་ཡིན་ཡང་མཁས་གཏམ་དང་ཆེ་གཏམ། འུད་བརྗོད་སོགས་ཀྱིས་མ་བསླད་པར་དོན་དངོས་དེ་མི་མང་ལ་གསལ་བཤད་གནང་ཐུབ་ན་གནས་ཚུལ་ཁ་གསལ་ཤེས་རྟོགས་ཐུབ་པར་ཕན་ཐོགས་ཆེན་པོ་ཡོང་སྲིད་པ་ཞིག་རེད་ལ། གནད་འགག་གཙོ་བོ་རྒྱལ་སྤྱི་དང་བོད་པ་ནང་ཁུལ་གོ་རྟོགས་དགོས་པ་དེ་མ་ཡིན་པར་རྒྱ་ནག་གཞུང་ལ་དབུ་མའི་ལམ་གྱི་གོ་རྟོགས་སླེབས་དགོས་པ་དེ་རེད།།

  18. ཀརྡོ་གཉེར་ཕྱག་པ་ says:
    2015-05-02 at 3:33 pm

    གླེགས་མ་འཁེལ་བ་མ་ཡིན་པར། གླགས་མ་འཁེལ་བ་ཡིན་དགོས།

  19. ཤར་པ་ says:
    2015-05-02 at 4:56 pm

    རང་ཅག་གངས་ཅན་པའི་ཕྱི་ལྕག་རི། ནང་གི་ནོར་བུ། བལྟ་བའི་མིག། ཁོག་པའི་སྙིང་། སྔོན་མེད་པའི་ཡིད་བཞིན་དབང་གི་རྒྱལ་པོ། དམན་ལ་གཅིག་ཏུ་་བརྩེ་བའི་མཛད་པ་ཅན། རྒྱལ་བ་ཡིད་བཞིན་ནོར་བུས བོད་འདི་མྱུར་དུ་སྐྱོབ་ཆེད་དབུ་གསུངས་པ་དེ་དངོས་གནས་རེད། སྤྱིར་ན་དབུ་ལམ་ཞེས་པ་འདི་། དབུ་མ་ཐལ་རང་ཞེས་པ་ལྟ་བུའི་ཆོས་ཀྱི་ཐ་སྙེད་ལས་བཏུས་པ་ཞིག་ལོས་ཡིན། དེ་ལ་ཟམ་གདོང་བླ་མས་རྟག་ཆད་ཀྱི་མཐའ་གཉིས་སྦྱར་ནས་གཞུང་དབུ་མ་ལ་སྦྱང་པ་མེད་མཁན་ཚོ་མགོ་འཁོར། གུས་པ་ཡང་བོད་ནས་གསར་དུ་འབྱོར་ཞིང་བོད་རང་བཙན་རག་སྐབས་ལ་གོང་ས་མཆོག་དང་མཉམ་དུ་ལོག་འགྲོ་བསམ་པ་ཞིག་བོད་ཡོང་སྐབས་ནས་རེ་བ་ཡིན། གོང་ས་མཆོག་ལ་ཤིན་ཏུ་དད་པས་གོང་ས་མཆོག་ནས་དུ་ནས་དུས་སུ་གང་ཐག་བཅད་པ་བརྒྱབ་སྐྱོར་ཡོད་ཅེས་པ་ལས་དབུ་ལ་མ་རྒྱ་རོ་དམར་པོས་ཡ་ལན་མི་བྱེད་པ་གསལ་པོ་རེད། ཆིག་ཡིན་དོན་ཚན་བཅུ་བདུན་བཞག་ནས་མགོ་སྐོར་གཏང་སོགས་འདས་པའི་ཉམས་མྱོང་ལ་བསམ་ན་། དབུ་ལམ་འདིས་ནུས་པ་དང་རེ་བ་རང་བཙན་ལས་རིང་། དེ་ལྟར་ན་ཡང་ང་ཚོ་བོད་མི་རང་བཙན་བ་ཚོས་རང་བཙན་ཡིན་པའི་ལོ་རྒྱུས་དང་། དཔང་པོ་དག་ཡག་པོ་ཤེས་པར་བྱེད་ནས་མཛམ་གླིང་ཐོག་ལ་རྒྱ་རོ་ལ་ངོ་རྒོལ་ཤུགས་ཆེ་རུ་གཏང་གལ་ཆེ། དབུ་ལམ་པ་ཆོས་ཡང་རྟག་ཆད་ཀྱི་མཐའ་གཉིས་དང། དབུ་ལམ་འདི་ཁྱབ་ཚད་སོགས་གཏིང་ཕྱིན་པར་ཧ་གོ་ནས་རྩོད་ལེན་གནང་གལ་ཆེ། དབུ་ལམ་པ་ཚོས་རང་བཙན་རྩོད་ན་གོངས་ས་མཆོག་ལ་ངོ་རྒོལ་ཡིན་པར་མ་བསམ་པར་་བོད་དོན་ཡིན་པར་བསམ་དགོས། རང་བཙན་བ་ཚོས་དབུ་ལམ་རྩོད་ན་བོད་ཕུང་པར་མ་བསམ་པ་བོད་མྱུར་དུ་སྐྱོབ་ཆེད་བསམ་ནས་། ང་ཚོ་མཐུན་སྒྲིལ་འདི་མ་གཏོར་བ་ཤུགས་ཆེ་རུ་གཏང་དགོས། རྒྱ་རོ་དམར་་པོས་དབུ་ལམ་དང་རང་བཙན་གྱི་ཆབ་སྲིད་ལང་ཕྱོགས་མི་མཐུན་པ་གཉིས་བྱུང་འདི་གོ་སྐབས་བཟུང་ནས། ང་ཚོའི་མཐུན་སྒྲིལ་དང་ཆིག་སྒྲིལ། འཛམ་གླིང་འདི་གང་ལ་བོད་མིས་ནུས་ཤུགས་ཆེ་པོ་འདི་མེད་པ་བཟོ་རྒྱུ་དང་། གོང་ས་མཆོག་གི་སྐུ་ཚེ་སྒུག་ནས་སྡད་ཡོད་པས་། ཆིག་སྒྲིལ་ལ་འབད་གལ་ཆའོ། བོད་རེ་བས་ཕུང། རྒྱ་དྭོགས་པས་ཕུང་ཞེས་པ་འདི་ག་དུས་བྱུང་ཡོད་མེད་དང། གཏམ་དཔེ་འདི་ཡི་རྒྱབ་སྦྱོང་སོགས་གང་ཡིན་པར་ཤེས་ན་འདིར་འགོད་རོག།

  20. སྤོབས་པ་མཐའ་ཡས། says:
    2015-05-02 at 9:19 pm

    རྒྱལ་བ་རིན་པོ་ཆེ་སྐུ་ཕྲེང་ལྔ་པས་དབུ་བཙུགས་ཤིང་། སྐུ་ཕྲེང་བཅུ་གསུམ་པས་ཁྱབ་བསྒྲགས་མཛད་པའི་བོད་རང་དབང་རང་བཙན་དེ་ལོ་རྒྱུས་ཀྱི་བདེན་པ་རེད། བོད་མི་མང་གི་འདོད་འདུན་རེད། དེ་ལྟ་བུའི་འདོད་འདུན་དེ་རྒྱལ་བ་སྐུ་ཕྲེང་བཅུ་བཞི་པས་གསལ་བསྒྲགས་ནན་མོ་ཞིག་དང་བཞེངས་ཕྱོགས་བརྟན་པོ་ཞིག་མཛད་ན་ཁོང་གི་བཀའ་དྲིན་དང་མཚན་སྙན་དེ་བོད་མི་མང་གི་སེམས་སུ་ཅི་སྲིད་བར་དུ་གནས་རྒྱུ་ཙམ་མ་ཟད་རྒྱ་མི་སོགས་ཕྱིའི་མིའི་སེམས་སུ་ཡང་ཁོང་ལ་ཆེ་མཐོང་ཇེ་ཆེར་འགྲོ་ངེས་པ་རེད།

  21. རེ་འབོད says:
    2015-05-03 at 12:39 am

    དེ་ཚོ་བདེན་པ་འདཉར་བོ་འདུག

  22. ཀརྨ་བློ་གསལ་ says:
    2015-05-03 at 2:07 am

    མྱུར་སྐྱོབ་ཟེར་བའི་སྐད་ཆ་འདི་དག་ལོ་ངོའི་དྲུག་ཅུའི་ཡར་སྔོན་ནས་འགོ་བཙུགས་པ་ཞིག་ཡིན་མོད། དུས་དེ་རིང་བར་ཛ་དྲག་གནས་ཚུལ་གང་མང་བྱུང་ཡོད། མི་འབོར་ས་ཡ་བརྒལ་བ་དུས་མིན་རྐྱེན་ལམ་དུ་སོང་པ། ཆོས་ལུགས་ཚང་མ་ཤུལ་མེད་དུ་བཏང་པ། ཤེས་རིག་གོམས་སྲོལ་བཅས་པ་མེད་པར་བཏང་མོད། དེང་སྐབས་གཞི་རིམ་དུ་བོད་ཀྱི་ཆོས་རིག་ཤིན་ཏུ་དར་ཡོད་པ་དང་། རིམ་པས་རྒྱ་ནག་ནང་དུའང་དར་བཞིན་ཡོད། ཐ་ན་བཙོན་ཁང་རེ་འགའི་ནང་དུའང་ཆོས་ཁྲིད་དུ་བཅུག་ཡོད། དེ་བས། མི་རིགས་ཀྱི་སྙིང་སྟོབས་མཐུད་འཛིན་དང་དར་སྤེལ་གཏོང་ཡ་དེ་གལ་ཆེན་རེད་མ་གཏོགས་ཆོས་རིག་ཉམས་ཀྱི་རེད་ཟེར་བ་ནི་དོན་མཐུན་ཞིག་མ་རེད། བོད་དོན་རྩོད་མཁན་ཚང་མ་ལོས་གནད་དོན་འདི་ངེས་པར་དུ་མཁྱེན་དགོས་ཀྱི་ཡོད།

  23. ཅོ་རི་ཉི་མ། says:
    2015-05-03 at 4:11 am

    ཀརྨ་བློ་གསལ་ལགས་ཀྱིས་གསུངས་སྟངས་འདིར་བདེན། དབུ་མའི་ལམ་ཚང་གིས་ལོ་མང་རིང་དུ་ཆོས་དང་སྐད་ཡིག་རིག་གཞུང་མྱུར་སྐྱོབ་བྱེད་ཀྱི་ཟེར་ནས་བཤད་བསྡད་པ་རེད། མི་ལོ་དེ་དག་གིས་རིང་དུ་མྱུར་སྐྱོར་ཐུབ་འདུག་གམ་མི་འདུག དེར་ཞིབ་འཇུག་བྱོས། ཆོས་དང་སྐད་ཡིག་རིག་གཞུང་ཉམས་ཆག་འགྲོ་གི་ཡོད་སྟངས་ག་འདྲ་རེད། དེ་ལ་ཞིབ་འཇུག་བྱོས།

    བོད་ཀྱི་སྐད་ཡིག་དང་རིག་གཞུང་མི་ཤེས་མཁན་གྱི་མི་དེ་སུ་རེད་འདུག སུ་ཡི་རྒྱུད་ལ་བོད་སྐད་ཡིག་རིག་གཞུང་ཉམས་ཆག་ཕྱིན་འདུག མི་སུ་དང་སུའི་ཕྲུ་གུ་ཡིས་བོད་ཀྱི་སྐད་ཡིག་རིག་གཞུང་ཤེས་ཀྱི་མི་འདུག དེ་ལ་ཞིབ་འཇུག་བྱོས།

    དབུ་མའི་ལམ་ནས་ཆོས་དང་སྐད་ཡིག་རིག་གཞུང་མྱུར་སྐྱོབ་བྱེད་ཀྱི་ཡིན་ཟེར་མཁན་ཚོས་བུ་རབས་ཚ་རྒྱུད་རྣམས་ཀྱིས་་བོད་ཀྱི་སྐད་ཡིག་རིག་གཞུང་ལ་ཤེས་ཚོད་ཅི་ཙམ་འདུག་གམ། ༧གོང་ས་ཏ་ལའི་བླ་མའི་ཚ་བོ་དང་སྐུ་ངོ་རྒྱ་ལོའི་ཕྲུ་གུ་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་ཅི་ཙམ་ཤེས་ཀྱི་འདུག་མིན་ལྟོས།

    དེ་ནས་བློ་བཟང་སེང་གེའི་ཕྲུ་གུ་ལ་ལྟོས། དེ་ནས་སྤེན་པ་ཚེ་རིང་གི་ཕྲུ་གུ་ལ་ལྟོས། དེ་ནས་དབུ་མའི་ལམ་གྱི་ཆེ་ཆེ་དྲག་ཚོའི་བུ་རབས་ཚ་རྒྱུད་ཚོས་བོད་ཀྱི་སྐད་ཡིག་རིག་གཞུང་ཤེས་ཚོད་ལ་ལྟོས། དོན་དངོས་པོའི་ཐོག་ནས་བོད་ཀྱི་སྐད་ཡིག་རིག་གཞུང་མྱུར་སྐྱོབ་བྱེད་ཀྱི་ལག་ལེན་སྟར་དགོས་པ་ཡིན་ན་སོ་སོའི་ཕྲུ་གུ་ལ་བོད་ཀྱི་སྐད་ཡིག་རིག་གཞུང་བསླབས་དགོས་ངེས་རེད་མོད། བསླབས་འདུག་གམ་མི་འདུག

    དབུ་མའི་ལམ་གྱི་གཙོ་མཛད་རྣམས་པ་ཚོས་བུ་རབས་ཚ་རྒྱུད་ཀྱི་ནང་དུ་བོད་ཡིག་གི་ཐོག་ནས་གཏོང་ཡིག་འབྲི་ཐུབ་མཁན་ཅི་ཙམ་འདུག བོད་སྐད་ཡག་པོ་བཤད་ཤེས་ཀྱི་འདུག་གམ་མི་འདུག ངས་བལྟས་ན་བོད་ཀྱི་སྐད་ཡིག་རིག་གཞུང་མྱུར་སྐྱོབ་བྱེད་ཀྱི་ཟེར་མཁན་དེ་དག་གིས་བུ་རབས་ཚ་རྒྱུད་ལ་བོད་ཀྱི་སྐད་ཡིག་རིག་གཞུང་མ་བསླབས་པར་ཕྱིའི་རྒྱལ་ཁབ་ཀྱི་སྐད་ཡིག་དང་རིག་གཞུང་བསླབས་ཡོད་པ་ནི་མིག་མདུན་དུ་འདུག

    བོད་ནང་གི་ཞིང་འབྲོག་མི་དམངས་ཀྱིས་སྔ་ནས་བོད་ཀྱི་སྐད་ཡིག་རིག་གཞུང་གི་ཐོག་ནས་འཚོ་བ་བསྐྱལ་གྱི་ཡོད་པ་ལྟར་དེང་སང་ཡང་བོད་ཀྱི་སྐད་ཡིག་རིག་གཞུང་གི་ཐོག་ནས་འཚོ་སྐྱེལ་བཞིན་ཡོད་པ་ལས་ཉམས་ཆག་ཅང་ཕྱིན་མི་འདུག བོད་ཀྱི་སྐད་ཡིག་རིག་གཞུང་ཉམས་ཆག་ཕྱིན་ཡོད་ས་དབུ་མའི་ལམ་གྱི་བུ་རབས་ཚ་རྒྱུད་ཚོ་གཙོ་བོ་རེད།

    དབུ་མའི་ལམ་ཟེར་བའི་སྲིད་ཇུས་དེར་འཛིན་པ་ནས་བཙན་བྱོལ་ནང་དུ་བོད་ཡིག་མི་བསླབས་པར་རྒྱ་ཡིག་བསླབས་མཁན་མང་པོ་བྱུང་ཡོད། ནུབ་ཕྱོགས་སུ་ཡོད་པའི་བོད་ཀྱི་མི་ཆེན་བླ་ཆེན་ཚོའི་ཕྲུ་གུ་དག་གིས་རྒྱ་ཡིག་སློབ་སྦྱོང་བྱས་བསྡད་ཀྱི་ཡོད་པར་ང་རང་རང་གིས་མཐོང་མྱངས་ཡོད། ཁོ་ཚོས་དམིགས་ཡུལ་དབུ་མའི་ལམ་མངོན་གྱུར་ཡོང་སྐབས་རྒྱ་གཞུང་གི་མཉམ་དུ་ལས་ཀ་བྱེད་ཐུབ་ཆེད་དུ་རེད། དེ་དུས་རྒྱ་ཡིག་མ་ཤེས་ན་ལས་ཀ་བྱེད་ཐུབ་ཀྱི་མ་རེད་བསམས་ནས་རྒྱ་ཡིག་བསླབ་བཞིན་འདུག་གོ

    དབུ་མའི་ལམ་གྱིས་བོད་ཀྱི་སྐད་ཡིག་རིག་གཞུང་མྱུར་སྐྱོར་ཐུབ་ཀྱི་ལས་ལྡོག་ཏེ་ཉམས་ཆག་འགྲོ་བའི་རྒྱུ་གྱུར་ཡོད་པ་ནི་དངོས་ཡོད་ཡིན།

  24. ཀརྡོ་གཉེར་ཕྱག་པ་ says:
    2015-05-05 at 1:21 am

    ་་་་་་་་་་་་་་ དབུ་མའི་ལམ་ཟེར་བའི་སྲིད་ཇུས་དེར་འཛིན་པ་ནས་བཙན་བྱོལ་ནང་དུ་བོད་ཡིག་མི་བསླབས་པར་རྒྱ་ཡིག་བསླབས་མཁན་མང་པོ་བྱུང་ཡོད། ནུབ་ཕྱོགས་སུ་ཡོད་པའི་བོད་ཀྱི་མི་ཆེན་བླ་ཆེན་ཚོའི་ཕྲུ་གུ་དག་གིས་རྒྱ་ཡིག་སློབ་སྦྱོང་བྱས་བསྡད་ཀྱི་ཡོད་པར་ང་རང་རང་གིས་མཐོང་མྱངས་ཡོད། ཁོ་ཚོས་དམིགས་ཡུལ་དབུ་མའི་ལམ་མངོན་གྱུར་ཡོང་སྐབས་རྒྱ་གཞུང་གི་མཉམ་དུ་ལས་ཀ་བྱེད་ཐུབ་ཆེད་དུ་རེད། དེ་དུས་རྒྱ་ཡིག་མ་ཤེས་ན་ལས་ཀ་བྱེད་ཐུབ་ཀྱི་མ་རེད་བསམས་ནས་རྒྱ་ཡིག་བསླབ་བཞིན་འདུག་གོ

    དབུ་མའི་ལམ་གྱིས་བོད་ཀྱི་སྐད་ཡིག་རིག་གཞུང་མྱུར་སྐྱོར་ཐུབ་ཀྱི་ལས་ལྡོག་ཏེ་ཉམས་ཆག་འགྲོ་བའི་རྒྱུ་གྱུར་ཡོད་པ་ནི་དངོས་ཡོད་ཡིན། ་་་་་་་་་་་་་་་

  25. ཚེ་རིང་ says:
    2015-05-05 at 6:54 am

    ཧཧཧཧཧཧ་་་ཅོ་རི་ལགས་དངོས་གནས་ང་ཁྱེད་རང་ལ་དགད་མོ་ཤོར་གྱི་འདུག་ལ་སྙིང་ཡང་རྗེ་མཁན་དྲ་བོ་བྱེད་ཀྱི་འདུག་

  26. ཅོ་རི་ཉི་མ། says:
    2015-05-05 at 7:36 am

    ཧཧཧ་་་ཚེ་རིང་་་རྐུ་མའི་སྙིང་རྗེ་དང་། ཇག་པའི་དགོད་མོ་དེ་ང་ཅོ་རི་དགོས་ལེ་མིན། རྒྱུས་ཡོད་ཡིན།

  27. ཅོ་རི་ཉི་མ། says:
    2015-05-05 at 7:39 am

    ཧཧཧ་་་ཚེ་རིང་་་རྐུ་མའི་སྙིང་རྗེ་དང་། ཇག་པའི་དགོད་མོ་དེ་ང་ཅོ་རི་ལ་དགོས་ལེ་མིན། རྒྱུས་ཡོད་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme