Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་མའི་ལམ་གྱི་འགན་འཛིན་ལས་འཁུར་གྱི་གཏམ་བཤད་ཐུང་ངུ་།

Posted on 2013-04-05 By ཁ་བརྡ་ 6 Comments on དབུ་མའི་ལམ་གྱི་འགན་འཛིན་ལས་འཁུར་གྱི་གཏམ་བཤད་ཐུང་ངུ་།

སྤྲུལ་སྐུ་འཇམ་དབྱངས་ཡོན་ཏན།

ལས་དང་དམ་ཚིག་གཅིག་ཏུ་འབྲེལ་བའི་ཤ་རུས་གདུང་རྒྱུད་གཅིག་པའི་བོད་རིགས་སྤྱི་དང་། ལྷག་པར་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ལ་ངེས་ཤེས་ཡིད་ཆེས་བརྟན་པོའི་རྒྱལ་གཅེས་འཐབ་གྲོགས་ཡོངས་ལ་གུས་བརྩིའི་འཚམས་འདྲི་དང་། བྱ་གཞག་ལམ་ལྷོང་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན།

མཁྱེན་ཆུབ་བཞིན། དབུ་མའི་ལམ་གྱི་སྲིད་བྱུས་ནི་ ༡༩༦༧ ནས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་གནད་ཡོད་དང་། མཁས་དབང་ཁག་ལ་གྲོས་བསྡུར་ཞིབ་ལྷུག་གིས་རྒྱལ་སྤྱི་དང་། རྒྱ་ནག བོད་ཀྱི་གནས་བབ་བཅས་ལ་གཞིགས་ཏེ་གྲོས་མགོ་བཏོན་པར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཁྲིམས་ཐོག་ནས་སྤྱི་མོས་གཏན་འབེབས་རིམ་པར་གནང་བ་དང་། རྒྱལ་སྤྱི་དང་། རྒྱ་ནག་གི་ཤེས་ལྡན་གཟུར་གནས་གཞུང་སྒེར་ཅི་རིགས་ཀྱིས་རྒྱབ་སྐྱོར་ཚད་ལྡན་ཐོབ་ཀྱིན་ཡོད་སྟབས། བོད་ཀྱི་རྩ་དོན་ལ་ཐུགས་སྣང་ཅན་ཁག་ཅིག་གིས་ཕྱི་ལོ་༢༠༠༨་ཟླ་བ་༩ ཚེས་༡༨ ཉིན་(དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་)གསར་འཛུགས་དང་འབྲེལ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་ངོ་བོ་དང་། དགོས་དམིགས་སོགས་གཞིས་བྱེས་བོད་མི་དང་། རྒྱ་རིགས་མི་མང་གིས་མཚོན་ཕྱི་རྒྱལ་ཡུལ་མི་བཅས་ལ་གོ་རྟོགས་སྤེལ་རྒྱུ་རྩ་དོན་དུ་འཛིན་བཞིན་པ་ཡིན།

སྐབས་དོན་ནི། ཕྱི་ལོ་༢༠༡༢།༩།༣ ཉིན་འདི་ག་ལས་འགུལ་ཁང་གི་འགན་འཛིན་ལྷན་ཚོགས་སྐོང་འཚོགས་སྐབས་འགན་འཛིན་ཟླ་བ་ཚེ་རིང་ལགས་དང་། འགན་འཛིན་ལས་ཚབ་བློ་བཟང་ཆོས་འབྱོར་གཉིས་ལས་དོན་གཞན་གྱི་རྐྱེན་པས་དགོངས་ཞུ་སོང་ཚབ་ཏུ་འོས་འདེམས་བརྒྱུད་ངེད་རང་འགན་འཛིན་དང་། སྤྱི་ཟུར་ཡོན་ཏན་རྒྱ་མཚོ་ལགས་འགན་འཛིན་གཞོན་པ་བཅས་སུ་གཏན་འཁེལ་བྱུང་ཡོད།

ངེད་རང་དབུས་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་འགན་འཛིན་དུ་འདེམས་ཐོན་བྱུང་བ་ནི་བློས་གཟོད་དཀའ་བའི་འགན་འཁུར་ཆེན་པོ་ཞིག་ཡིན་ནའང་། བོད་སྤྱིའི་རྩ་དོན་ཆེད་མི་རེ་ངོ་རེ་ནས་འགན་འཁུར་དང་ལེན་བྱེད་དགོས་པའི་དུས་སུ་བབ་པ་དང་། ང་ལ་ཡིད་ཆེས་དང་རེ་བཅོལ་བྱེད་པའི་མི་མང་གི་ཞུ་ངོ་མ་བཟློག་པར་ཕྱི་ལོ་༢༠༡༣།༤། ༢ ཉིན་ནས་ངེད་དང་འགན་འཛིན་གཞོན་པ་སྤྱི་ཟུར་ཡོན་ཏན་རྒྱ་མཚོ་གཉིས་ཀྱིས་དབུས་དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་གི་འགན་འཛིན་དང་འགན་འཛིན་གཞོན་པའི་ལས་འཁུར་ཞུས་པ་ཡིན།

དེང་ཕྱིན་ཡང་ལས་འགུལ་ཁང་གི་དམིགས་ཡུལ་དང་། ༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་དོན་གཞིར་བཟུང་། རྒྱལ་སྤྱིའི་ཆབ་སྲིད་ཀྱི་འཕོ་འགྱུར་དང་། ད་ལྟའི་བོད་རྒྱའི་གནས་བབ་སོགས་ལ་གཞིགས་ཏེ་བོད་རྒྱའི་བར་གྱི་དཀའ་རྙོག་རིགས་ཕན་ཚུན་གྲོས་མོལ་དང་། བསམ་ཤེས་ཀྱི་ལམ་ནས་སེལ་དགོས་པ་དང་། དེ་ཡི་ཐབས་ལམ་གཉིས་སྨན་དབུ་མའི་ལམ་གྱི་སྲིད་བྱུས་ཀྱི་དགོས་གལ་སོགས་ཕྱི་ནང་མང་ཚོགས་ལ་གོ་རྟོགས་སྤེལ་ཐབས་སུ་མུ་མཐུད་འབད་བརྩོན་ཞུ་རྒྱུ་ཡིན།

གོ་སྐབས་འདི་བརྒྱུད་ནས་ཞུ་རྒྱུ་ནི། དེང་གི་དུས་སུ་ང་ཚོས་བསྒྲུབ་དགོས་པ་ནི་ཆབ་སྲིད་ཀྱི་ལྟ་གྲུབ་དང་། ལངས་ཕྱོགས་ཐད་དགག་རྒྱག་དང་རྩོད་རེས་དེ་མ་ཡིན་པར། ཤེས་ནས་ཡིད་ཆེས་རྙེད་པའི་རྒྱུ་མཚན་གྱི་རྗེས་སུ་འབྲངས་རྒྱུ་ཡིན་སྟབས། བོད་མིའི་ལྷ་སྐལ་སྤྱན་རས་གཟིགས་མིའི་རྣམ་པར་རོལ་བ་དུས་གསུམ་རྒྱལ་བ་ཀུན་གྱི་མཁྱེན་ཡོན་གཅིག་ཏུ་བསྡུས་པ་ལྟ་བུའི་༸རྒྱལ་མཆོག་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་བཀའ་དྲིན་དང་བཀའ་སློབ་སྙིང་བཅངས་ཀྱིས། མནར་གཅོད་དང་དཀའ་སྡུག་འོག་ལྷག་པའི་གཞིས་ལུས་རྒྱ་ཆེའི་མི་མང་གི་དཀའ་ངལ་དང་། ཆེས་ཛ་དྲག་ཏུ་གྱུར་བའི་བོད་ཀྱི་དཀའ་རྙོག་སེལ་ཐབས་བྱེད་རྒྱུ་བཅས་ཡིན་པ་ལགས་ན་ཚོགས་སྡེ་ཁག་དང་བོད་མི་ཚང་མས་བོད་སྤྱིའི་རྩ་དོན་ལ་དགོངས་ནས་རྒྱབ་སྐྱོར་དང་རོགས་འདེགས་མུ་མཐུད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།

གཞན་ཡང་། དབུ་མའི་ལམ་གྱི་མི་མང་ལས་འགུལ་ཁང་ལ་དངོས་ཤུགས་བརྒྱུད་གསུམ་ནས་མི་རྒྱུ་གཉིས་ཀྱི་རོགས་རམ་ཟོལ་མེད་གནང་མཁན་བལ་ཡུལ་གནས་བཞུགས་ཨ་མ་དཔལ་སྒྲོན་ལགས་དང་། སྤྱི་ཟུར་སྒྲོལ་མ་མཚོ་མོ་ལགས་ཀྱི་གཙོ་བོས་ནང་མི་ཡོངས། འགན་འཛིན་ཟུར་བ་སྤྱི་འཐུས་ཟླ་བ་ཚེ་རིང་ལགས་དང་། སྤྱི་ཟུར་དྭང་ཤར་ཡོན་ཏན་རྒྱ་མཚོ་སོགས་གང་ན་འབྲེལ་ཡོད་ཡོངས་ལ་སྙིང་ཐག་པ་ནས་བཀའ་དྲིན་བླ་ལྷག་ཏུ་ཆེ་ཞུ་རྒྱུ་དང་། རྣམ་དཀར་ལས་ཀྱི་དགེ་རྩ་མཐའ་དག་འདི་ཕྱིའི་ལེགས་ཚོགས་འགྲུབ་པའི་རྒྱུ་རུ་འགྱུར་བའི་ཡིད་ཆེས་དང་བཅས་དགའ་བྱང་རྡོ་ར་ཁང་ཚན་གྱི་སྤྲུལ་སྐུ་ལི་ཐང་བ་འཇམ་དབྱངས་ཡོན་ཏན་གྱིས་ཕྱི་ལོ་༢༠༡༣།༤།༣ ཉིན།

གསར་འགྱུར།

Post navigation

Previous Post: སྔཊ་ཀྱི་དམ་ཚིག་དེ་བླ་མས་མར་གནང་ནས་སློབ་མས་ཡར་བསྲུང་དགོས་པའི་ཚུལ།
Next Post: སྡུག་ཡུས་བརྗོད་པ།

Comments (6) on “དབུ་མའི་ལམ་གྱི་འགན་འཛིན་ལས་འཁུར་གྱི་གཏམ་བཤད་ཐུང་ངུ་།”

  1. མངའ་རིས་ཕྲིན་ལས། says:
    2013-04-05 at 5:21 am

    དབུ་མའི་ལམ་མི་མང་ལས་འགུལ་ཁང་ཟེར་བ་དེ་གང་ཡིན་ནམ་ཞེས་པའི་དྲི་བ་ཞིག་ཚང་མར་ཡོང་ངེས། གང་ལ་ཞེ་ན་བཙན་བྱོལ་སྒྲིག་འཛུག་གི་ལང་ཕྱོགས་དབུ་མ་ཟེར་བ་དེ་ཡིན་བཞིན་དུ། དེ་ལས་ལྷག་པའི་དབུ་མི་མི་མང་ལས་འགུལ་ཁང་ཟེར་བ་ཞིག་ཟུར་དུ་ཨེ་དགོས། དེ་ནི་མི་མང་གི་འདོད་མོས་མེད་བཞིན་དུ་༧གོང་ས་མཆོག་གི་དབུས་བླ་ཆེན་དང་དཔོན་ཆེན་རྣམས་ཀྱི་བཀའ་དང་། ལྷ་འདྲེ་རྣམས་ཀྱི་ལུང་ཡིན་ཚུལ་མི་མང་ལ་བསམ་བློའི་སློབ་གསོ་གཏོང་བ་ནི་རྒྱ་གཞུང་དང་མི་འདྲ་བའི་ཁྱད་པར་ཅི་འདུག མི་མང་གི་མངོན་འདོད་དང་ཡོངས་སུ་མཐུན་པའི་ཆབ་སྲིད་ལང་ཕྱོགས་ཤིགས་ཡིན་ཕྱིན་མི་མང་སློབ་གསོ་རྒྱབ་མི་དགོས་པར་མཉམ་ཞུགས་བྱེད་རྒྱུ་ཡིན་ཡིན་རེད། དབུ་མའི་ལས་འགུལ་ཁང་ཟེར་བའི་དེས་ད་བར་བཙན་བྱོལ་སྒྲིག་འཛིག་གི་གནང་མ་ཐུབ་པའི་མི་མང་ལ་ཞབས་ཞུ་དང་ཆབ་སྲིད་ཀྱི་ལས་འགུལ་ག་རི་སྤེལ་ཡོད། མཐོང་རྒྱུ་ཡོད་པ་ནི་དབུ་མ་ལ་འཇུག་ན་༧གོང་ས་མཆོག་གི་དགོངས་པ་ཡིན་རབ་ལྷའི་ལུང་བསྟན་ཡོད་སྐད། རྒྱལ་སྤྱིའི་རྒྱབ་སྐྱོར་ཡོད་རབ་མི་མང་གི་མངོན་འདོད་དང་མང་མོས་ཡོད་རབ་སོགས་དབུ་མའི་ཕན་ཡོན་དང་། དབུ་མར་མ་འཇུག་ན་རྒྱལ་སྤྱིའི་རྒྱབ་སྐྱོར་མེད་རབ་རྒྱ་ནག་གཞུང་དགོངས་པ་འགལ་རབ་སོགས་ཉེས་མིག་ལུང་པ་གང་བཤད་པའི་དེབ་མང་པོ་གད་སྙིགས་ཁྲོད་དུ་མཐོང་རྒྱུ་ཡོད། དྲངས་པོ་བཤད་ན་གཞོན་ནུ་ཚོགས་པས་མི་མང་ལ་ཁ་ཡོད་ལག་ཡོད་ཕན་ནུས་ཡོད་པའི་སྤྱི་ཚོགས་ཞབས་ཞུ་སོགས་གང་སྤྱིར་མཐོང་ཆོས་སུ་མཆིས། མདོར་ན་དབུ་རང་གང་ཡིན་ནའང་ཕན་ཚུན་སྐྱོན་བརྗོད་དང་དགག་རྒྱག་མི་བྱེད་པར་མཐུན་འབྲེལ་རྡོག་རྩ་གཏན་པོས་ལས་འགུལ་མཉམ་སྤེལ་གནང་དགོས་པར་སེམས།

  2. དཀར་ཤོད་ཁྲ་ཚང་གཡུ་རྣ says:
    2013-04-05 at 6:06 am

    མངའ་ཕྲིན་ནས་་་ཕན་ཚུན་སྐྱོན་བརྗོད་དང་དགག་རྒྱག་མི་བྱེད་པར་མཐུན་འབྲེལ་རྡོག་རྩ་གཏན་པོས་ལས་འགུལ་མཉམ་སྤེལ་གནང་དགོས་་་་་ཞེས་པ་དེར་གོ་རྒྱུ་འདུག་ཀྱང་ཁོ་པའི་གཏམ་འདི་སྔ་ཕྱིར་གཏན་འགལ་ཆགས་འདུག ཕྱོགས་གཅིག་ནས་མཉམ་ལས་དགོས་ཟེར་བཞིན་དུ་ཕྱོགས་གཞན་ཞིག་ནས་དབུ་མའི་ལས་འགུལ་ཁང་ཟེར་བ་དེ་ལ་སྐྱོན་བརྗོད་བྱས་འདུག བོད་ལྗོངས་རྒྱལ་ཁབ་སླར་གསོ་བྱེད་མཁན་སྤྱི་སྒེར་ཚོགས་སྡེ་འབུམ་བཅུ་ཡོད་ཀྱང་མང་དྲག་པའི་སྐྱོན་ཡོད་བཟོ་མེད་། བོད་མིའི་མངོན་འདོད་ནི་བོད་རང་བདག་བྱེད་རྒྱུ་དེ་རེད་། ལམ་གང་ནས་ཕྱིན་ཡང་མང་གཙོ་རེད། ངའི་ལམ་དེ་བཟང་། ཁོའི་ལམ་དེ་ངན་ཟེར་དགོས་དོན་མེད་། གང་གི་ལམ་དེ་ནས་ཕ་ཡུལ་ལ་མགྱོགས་ན་དེ་ནས་མི་མང་ཡོང་ངེས་རེད་། བོད་རང་དོན་སྒྲུབ་སའི་ལམ་གསར་པ་ཞིག་སུ་ལ་ཡོད་ནའང་འགྲོ་ཆོག་གི་རེད་པ། དེ་མང་གཙོའི་ཐོབ་ཐང་རེད་ལ་རང་དབང་ཡང་རེད། བོད་དོན་ལས་འགུལ་ཁང་གང་མང་ཡོད་ན་རྒྱ་ལ་གནོད་པ་ལས་བོད་རང་ལ་གནོད་དོན་མེད་།

  3. རིགས་ལྡན་རྒྱལ་པོ says:
    2013-04-05 at 10:58 pm

    སྒྲུབ་བྱེད་ཀྱི་ཐབས་ལམ་གཅིག་ཉིད་ལ་འབྲས་བུ་མི་འདྲ་བ་འདོད་པ་ནི། འབྲས་བུ་རྒྱུ་ལ་བརྟེན་ནས་འབྱུང་བའི་རྣམ་གཞག་དང་འགལ་འདུར་སོང་བ༌ཡིན། མང་གཙོ་དང་འཚེ་བ་མེད་པའི་ལམ་ནས་དོན་གྱི་ཉིང་ཁུ་ལག་ཏུ་སོན་ཐབས་ལ་བོད་རིངས་ཡོངས་ནས་འབུངས་དགོས་སོ།།

  4. མ་ཧཱ་སིདྡྷི། says:
    2013-04-05 at 11:38 pm

    དབུ་མ་རང་བཙན་ཟེར་བའི་ཚོགས་པ་མང་པོ་ཞིག་མེད་ཀྱང་རུང་། ད་ལྟ་རྡ་སའི་བོད་མིའི་སྒྲིགས་འཛུགས་འདི་མི་ཉམས་གོང་འཕེལ། ཉམས་པ་སོར་ཆུད། ཚང་མས་མགོ་ལུས་དང་མ་འབྲལ་བར་འཛིན་སྐྱོང་བྱེད་རྒྱུ་ཧ་ཅང་གལ་ཆེ། ད་ལྟ་ང་ཚོ་ལ་འཛམ་བུ་གླིང་ནས་ཡིད་སྨོན་བྱེད་དགོས་པའི་ཞི་བདེའི་དེད་དཔོན་པོ་འདི་འདྲ་བ་ཞིག་བཞུགས་བཞིན་དུ་ཟུར་ནས་བསོད་ཟད་ལས་ངན་བོད་མི་འགའ་ཡིས་དེ་ཡི་བཀའ་ལ་གྱེན་ཟློག་བྱེད་ཅིང་ཟུར་དུ་ད་དུང་ཁོང་ནས་མ་འཇོན་མདོག་མདོག་བྱེད་ནས་ཐུགས་ཕམ་བཅུགས་པ་ནི་ཧ་ཅང་ཐབས་སྡུག་ཡིན། ལར་ནི་གུ་རུ་རིན་པོ་ཆེ་ནས་ཀྱང་།
    བོད་ལ་དྲིན་ཆེན་བྱས་ཀྱང་དྲིན་མི་གོ
    ཞེས་གསུངས་མྱོང་ཡོད། ད་ལྟའི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནི་གུ་རུ་པདྨ་འབྱུང་གནས་ཐུགས་ཀྱི་སྤྲུལ་པ་ཡིན་པ་ནི་བཀའ་ཐང་བསྡུས་པ་ལས།
    བུམ་ཐང་ཕྱོགས་ནས་ཁྲི་ཡི་ཟུར་ཆ་གནོན༔
    རྒྱལ་སྲིད་ཆོས་ཁྲིམ་སྐྱོང་བའི་ང་སྤྲུལ་འབྱུང༔
    ཞེས་པའི་ལུང་གིས་གསལ་བར་བྱས་ཡོད། ལར་ནི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་ནམ་རྒྱུན་བཀའ་སློབ་ལས། ངས་ཚེ་ཡི་འཕེན་པའི་སྟོབས་ནི་ལོ་བརྒྱ་དང་བཅུ་གསུམ་ལ་རེ་བ་ཡོད་ཀྱང་། སྤྱིར་འཛམ་བུ་གླིང་ལྷག་པར་དུ་བོད་པ་ལ་ཕན་ཐོག་ཆེར་མ་བྱུང་ན་ང་ལ་གར་འགྲོའི་རང་དབང་མེད་དེ་འཛམ་གླིང་འདིའི་ཐོག་ཏུ་བསྡད་མ་བསྡད་ཁྱད་པར་ཡོད་མ་རེད། ཅེས་ཨར་མར་ཝ་ཏིའི་དུས་འཁོར་དབང་ཆེན་སྐབས་སུ་གསུངས་ཟིན་པ་ལྟར་དུ་རེད། ད་ལྟ་གསེར་ཞལ་དངོས་སུ་བཞུགས་བཞིན་པའི་སྐབས་སུ་བཀའ་གསུངས་ཅི་སྒྲུབས་ལས་མ་འགལ་བར་མ་བྱས་ན་ནམ་ཞིག་དམ་ཚིག་ཆགས་ཉམས་ཀྱིས་གློ་བུར་དུ་འགྱོད་པ་གནམ་ཐོག་ཏུ་ལྷུང་བ་འདྲ་བ་ཞིག་མི་བྱུང་བའི་ངེས་པ་མི་འདུག་པས་ཚང་མས་གཟབ་རོགས་ཞུ།།

  5. བདུད་འདུལ། says:
    2013-04-06 at 1:21 am

    བོད་མི་མང་སྤྱི་འཐུས་ནང་གི་མི་ངན་ཁག་གཅིག་གིས་གཙོ་བྱས། མི་ངན་རེ་ཟུང་གིས་༧གོང་ས་མཆོག་གི་དགོངས་པ་ག་དུས་ཡིན་ན་ཡང་དཀྲུགས་བཞིན་པ་རེད།
    མི་ངན་དེའི་རིགས་ཀྱིས་གཞིས་ལུས་མང་ཚོགས་དང་། ལྷག་ཏུ་མེ་སྲེག་གཏོང་མཁན་ཚོར་ཡང་གདུང་སེམས་མཉམ་སྐྱེད་མི་བྱེད་པ་ཉེ་སྔོན་ཀར་མ་ཆོ་འཕེལ་ར་བཟུ་མ་སོགས་ཀྱིས་རྟགས་བསྟན་ཚར་བ་དེ་རེད། དེ་དང་དེ་བཞིན་དུ་རྒྱ་དམར་གཅིག་པུ་མིན་པར་བོད་བསྟན་སྲིད་ཀྱི་དགྲ་བོ་མང་པོ་འདུག

  6. ནུབ་ཕྱོགས་ཀྱི་བྱ་གླག། says:
    2013-05-03 at 11:51 am

    སྐལ་བཟང་ཕུན་ཚོགས་ཀྱིས་བརྩམས། བསྟན་འཛིན་ཉིན་བྱེད་ཀྱིས་བསྒྱུར།

    དབུ་མའི་ལམ་ཁུངས་འཁྱོལ་གྱི་ཡོད་པའི་སྒྲུབ་བྱེད་གཙོ་བོ་གཅིག་ནི་རྒྱལ་སྤྱིའི་རྒྱབ་སྐྱོར་ཡོད་ཅེས་པ་དེ་རེད། ངའི་བསམ་ཚུལ་ལ་སྒྲུབ་བྱེད་དེ་ཁུངས་ལྡན་ཞིག་མ་རེད། ཡིན་ནའང་སྒྲུབ་བྱེད་འདིས་ཤུགས་ཀྱིས་བོད་རང་བཙན་ལ་རྒྱལ་སྤྱིའི་རྒྱབ་སྐྱོར་མེད་པ་སྟོན་གྱི་ཡོད་པ་བདེན་པ་མ་རེད། སྤྱིར་གཞུང་དང་གྲོས་ཚོགས་ཁག་མང་པོ་ཞིག་གིས་གྲོས་མོལ་གྱི་ལམ་ནས་བོད་ཀྱི་གནད་དོན་སེལ་དགོས་ཞེས་གྲོས་ཆོད་བཞག་ཡོད་སྲིད་ཀྱང་། རྒྱབ་སྐྱོར་དེས་རྐྱེན་པས་ང་ཚོའི་འཐབ་རྩོད་ཀྱི་ལམ་ཕྱོགས་ག་པར་སླེབས་ཡོད་མེད་ལའང་ལྟ་དགོས།

    ང་ཚོས་འཚོལ་བཞིན་པའི་ནུབ་ཕྱོགས་རྒྱལ་ཁབ་དག་གིས་རང་གི་དཔལ་འབྱོར་ཁེ་ཕན་བློས་བཏང་སྟེ་བོད་ཀྱི་རྩ་དོན་ཐོག་རྒྱབ་སྐྱོར་གཏན་ནས་བྱེད་ཀྱི་མ་རེད། དེའི་ཁུངས་སྐྱེལ་ར་སྤྲོད་ནི་ཉེ་བའི་ཆར་གྱི་ལོ་རྒྱུས་ལས་གསལ་པོ་མཐོང་ཐུབ། ནུབ་ཕྱོགས་རྒྱལ་ཁབ་དེ་རིགས་ཀྱིས་ང་ཚོར་དོན་དམ་གྱི་ཤ་ཚ་ཡོད་པའམ། ཡང་ན་རྒྱ་ནག་མཉམ་ལག་སྦྲེལ་མིན་པ་སུས་ཤེས་ཐུབ། མ་གཞི་ནུབ་ཕྱོགས་རྒྱལ་ཁབ་ཚོས་རྒྱ་གུང་ཁྲན་གྱི་སྲུང་སྐྱོབ་འོག་རྒྱ་ནག་ནང་ཚོང་གི་མ་རྩ་འབོར་ཆེན་བཙུགས་ཡོད། དེ་བཞིན་རྒྱ་གཞུང་ནས་ཀྱང་ནུབ་ཕྱོགས་རྒྱལ་ཁབ་ཁག་གི་ནང་ཚོང་གི་མ་རྩ་འཛུགས་རྒྱུ་མགོ་བརྩམས་ཡོད། དེས་ན་ནུབ་ཕྱོགས་རྒྱལ་ཁབ་ཚོས་རང་གི་ཁེ་ཕན་ལ་དོ་ཕོག་བཏང་སྟེ་བོད་ཀྱི་གནད་དོན་ཐོག་ཐེ་ཇུས་ཇི་ལྟར་བྱེད་སྲིད་དམ། ནུབ་ཕྱོགས་རྒྱལ་ཁབ་ཚོས་བོད་རིགས་རྣམས་སྙོམ་ཆུང་ཞིང་ལས་སླ་པོར་མགོ་སྐོར་གཏོང་ཐུབ་པ་དེར་སྟབས་ལེགས་པོ་ཞིག་ཚོར་གྱི་མེད་པ་སུས་བཤད་ཐུབ།

    ཕྱོགས་གཞན་ཞིག་ནས་བཤད་ན། རང་བཙན་ལའང་དབུ་མའི་ལམ་དང་མཉམ་པར་ཕྱི་རྒྱལ་གྱི་མི་སྒེར་དང་ཚོགས་པ་མང་པོས་རྒྱབ་སྐྱོར་བྱེད་ཀྱི་ཡོད། ཡིད་ཆེས་བྱེད་ཀྱང་རུང་མི་བྱེད་ཀྱང་རུང་། གལ་སྲིད་ང་ཚོས་འཐབ་རྩོད་བྱེད་ན་དྲང་བདེན་ལ་རྒྱབ་སྐྱོར་བྱེད་མཁན་ཡོད་ཡོད་པ་རེད། རྒྱ་གར་ནང་ལའང་ཉེ་ཆར་བོད་མིའི་སྒྲིག་འཛུགས་ཀྱིས་གོ་སྒྲིག་བྱས་པའི་གདུང་སེམས་མཉམ་སྐྱེད་ཀྱི་ལས་འགུལ་ནང་མཉམ་ཞུགས་གནང་མཁན་གྱི་རྒྱ་གར་གྱི་མགོ་ཁྲིད་འགའ་རེས་བོད་རང་བཙན་གྱི་འཐབ་རྩོད་ལ་རྒྱབ་སྐྱོར་ཡོད་ཅེས་གསུངས་ཡོད། ཇི་སྲིད་ང་ཚོའི་འཐབ་རྩོད་འཚེ་བ་མེད་པའི་ལམ་ལ་བརྟེན་པ་དེ་སྲིད་དྲང་བདེན་ལ་ཡིད་ཆེས་ཡོད་པའི་གང་ཟག་གིས་ང་ཚོར་རྒྱབ་སྐྱོར་བྱེད་ངེས།

    ལྷག་པར་དུ་ང་ཚོས་བསམ་བློ་གཏོང་དགོས་པ་ཞིག་ནི། བོད་གཞུང་གིས་བོད་ལ་རང་བཙན་མི་དགོས་ཞེས་རྗོད་ཀྱི་ཡོད་ན། ཕྱི་རྒྱལ་སྲིད་གཞུང་ཁག་གིས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོད་ནའང་ཐད་ཀར་རྒྱབ་སྐྱོར་ཡོད་ཅེས་ཇི་ལྟར་བརྗོད་ཐུབ། སུ་ཞིག་ཡིན་ནའང་རང་ཉིད་གླེན་པར་མཐོང་འདོད་རྩ་བ་ནས་མེད། ང་ཚོས་ལངས་ཕྱོགས་འགྱུར་བ་མ་གཏང་བར་ཕྱི་རྒྱལ་སྲིད་གཞུང་གིས་བོད་རང་བཙན་ལ་རྒྱབ་སྐྱོར་ཡོད་མེད་རྟོགས་མི་ཐུབ། ཁོང་ཚོས་བོད་རང་བཙན་ལ་རྒྱབ་སྐྱོར་མི་བྱེད་པའི་རྒྱུ་མཚན་ཡང་དག་པ་དེ་འདྲ་མེད་པ་རེད། གལ་སྲིད་རྒྱབ་སྐྱོར་མི་བྱེད་པའི་དབང་དུ་བཏང་ནའང་གནད་འགག་ཞེ་དྲག་མེད། ང་ཚོས་རང་ཉིད་ལ་དབང་བའི་ཐོབ་ཐབ་ལ་རྩོད་མི་དགོས་སམ།

    ཡང་རྒྱ་རིགས་ནང་པ་མང་པོ་ཞིག་གིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཅེས་དྲིལ་བསྒྲགས་བྱེད་ཀྱི་ཡོད། དྲིལ་བསྒྲགས་ཀྱི་རྔ་ཆེན་འདི་རྡུང་སྟངས་ལ་བལྟས་ན། ངྷ་སའི་སྲང་ལམ་ཁྲོད་ཧ་ལམ་རྒྱ་རིགས་ནང་པའི་གནས་སྐོར་བས་ཁེངས་བསྡད་པར་ཡིད་ཆེས་བྱེད་དུ་འཇུག་གི་ཡོད། དེ་ལྟར་ཡིན་ན། གནས་སྐོར་བ་དེ་ཚོ་ག་པར་ཡོད་དམ། གལ་སྲིད་རྒྱབ་སྐྱོར་བའི་ཁྲོད་རྒྱ་རིགས་ནང་པ་ཡོད་པའི་དབང་དུ་བཏང་ནའང་ཁོ་ཚོ་ནང་ཆོས་ལ་དགའ་ཞེན་བྱེད་མཁན་ཙམ་ཞིག་ལས་བོད་རྒྱའི་གནད་དོན་ཆབ་སྲིད་ཀྱི་ལམ་ནས་སེལ་རྒྱུར་ཡིད་ཆེས་དངོས་གནས་ཡོད་མཁན་ཞིག་ཡིན་མིན་ང་ཚོས་འདྲི་བ་འདོན་དགོས།

    མ་གཞི་འཛམ་གླིང་འདིའི་ནང་སྨྱོ་ལས་སམ་རང་དོན་ཁོ་ན་བསྒྲུབ་ཆེད་རྒྱལ་སྤྱིའི་ནང་གི་སྙན་གྲགས་ཅན་གྱི་མི་སྣའི་མཉམ་སྐུ་པར་ཞིག་བསྒྲོན་ཏེ་རང་ཉིད་ཀྱི་ཆེ་མཐོང་སྤོར་མཁན་མང་དག་ཅིག་ཡོད། ཁྱེད་ཚོས་ཉི་ཧོང་གི་ཤོ་ཀོ་ཧ་ར་ཟེར་བའི་མི་དེ་དྲན་གསོ་གི་འདུག་གམ། ང་ཚོར་ཆེས་མཐའ་འཇུག་གི་དགོས་མཁོ་ནི་རྒྱ་རིགས་སེམས་པ་བདེ་པོ་མེད་མཁན་ཞིག་ངྷ་ས་ནས་ཕྱིར་འཁོར་གྱིས་རྒྱ་རིགས་ཀྱི་ཕྲུ་གུའི་སྐེ་འབྲེག་པ་དེ་ཡིན། གལ་སྲིད་དེ་འདྲ་ཡོང་ཚེ་རྒྱ་རིགས་ཀྱིས་ང་ཚོར་འཁོན་སེམས་དང་ཁོང་ཁྲོ་ཚད་མེད་ཡོང་རྒྱུ་ཡིན་པ་གོར་མ་ཆགས།

    གསལ་པོ་བཟོ་དགོས་པའི་གནད་དོན་ཞིག་ནི། ༼རང་བཙན་འཐབ་རྩོད་པ་ཚོས་ད་བར་གནད་དོན་འདི་གསལ་ཁ་ཡག་པོ་ཞིག་བཟོས་མེད་པར་ངས་སྐྱོན་བརྗོད་ཞུ་གི་ཡོད།༽རང་བཙན་འཐབ་རྩོད་པས་རྒྱ་ནག་མཉམ་ནམ་ཡང་ཞི་མོལ་བྱེད་ཀྱི་མིན་ཞེས་གསལ་བསྒྲགས་བྱས་མེད་པ་དེ་རེད། ང་ཚོའི་གནས་བབ་ལ་ཐབས་ལམ་ཞིག་བྱུང་ཚེ་ཆབ་སྲིད་ཀྱི་གྲོས་མོལ་རེ་ཞིག་ངེས་པར་དུ་ཡོང་རྒྱུ་རེད། ང་ཚོ་འཇིག་རྟེན་འདིའི་སྟེང་རྒྱ་རིགས་ཚོ་དང་མཉམ་སྡོད་བྱེད་དགོས་ཀྱི་ཡོད། འཇིག་རྟེན་གྱི་ཆོས་ཉིད་འདི་ང་ཚོས་ཤེས་ཀྱི་ཡོད། ཡིན་ནའང་ང་ཚོ་རང་བཙན་འཐབ་རྩོད་པ་དང་དབུ་མའི་ལམ་ལ་འཇུག་མཁན་བར་གྱི་ཁྱད་པར་གཙོ་བོ་ནི་ང་ཚོས་ཞི་མོལ་མ་བྱུང་གོང་རང་བཙན་བློས་མི་གཏོང་བ་དེ་རེད། རང་བཙན་ནི་རྩ་ཆེའི་བླ་སྲོག་ཅིག་ཡིན་སྟབས་བློས་གཏོང་མི་ཐུབ།

    གལ་སྲིད་ཞི་མོལ་བྱེད་ན་འདྲ་མཉམ་ལ་གཞི་བཞག་ནས་བྱེད་དགོས། རྒྱལ་ཁབ་གཉིས་བར་བྱེད་དགོས། དེ་འདྲ་སོང་ཙང་ང་ཚོའི་ཞི་མོལ་དེ་རྒྱ་ནག་ཏུ་ཡོང་ཐབས་མེད། དེ་ནི་ཟུར་དཔང་གི་རྒྱལ་ཁབ་གསུམ་པའམ་རྒྱལ་སྤྱིའི་སྡིངས་ཆ་ཞིག་གི་སྟེང་དུ་ཡོང་དགོས། ལྷག་པར་དུ་བོད་ཀྱི་ད་ལྟའི་ཡ་ང་བའི་ལས་དབང་སྐྲུན་མཁན་གྱི་རྒྱ་གུང་ཁྲན་ནམ་ཕ་སི་༼Fascist༽སྲིད་གཞུང་མཉམ་ཞི་མོལ་གཏན་ནས་ཡོང་མི་ཐུབ།

    ཕལ་ཆེར་དབུ་མའི་ལམ་འདི་ཁ་ཡོད་ལག་ཡོད་དམ་ཕྱོགས་གཉིས་ཀར་ཕན་གྱི་ཡོད་ཅེས་པའི་སྒྲུབ་བྱེད་དེར་བསམ་བློ་གཏོང་རྒྱུ་མེད་པ་ཞིག་མིན། གལ་སྲིད་སྒྲུབ་བྱེད་དེ་བདེན་པ་ཡིན་པའི་དབང་དུ་བཏང་ནའང་ང་ཚོས་འདྲི་བ་ཞིག་འདོན་དགོས་པ་ནི་འདི་ལྟར་ཏེ། གལ་སྲིད་རྩལ་འདྲ་མཉམ་ཡོད་པའི་བོད་དང་རྒྱ་ནག་གཉིས་མིག་མངས་༼Chess༽རྩེད་སྐབས་བོད་པས་རྩེད་འགྲན་མགོ་མ་བཙུགས་གོང་བཙུན་མོ་མགོ་བཏགས་ཞུས་ན། རྩེད་འགྲན་གྱི་རྒྱལ་ཁ་ཇི་ལྟར་ལེན་ཐུབ་བམ། མ་གཞི་དབུ་མའི་ལམ་ཕྱོགས་གཉིས་ཀར་ཕན་པ་ཞིག་རེད་ཅེས་པ་དེ་རྩོད་གཞི་ཅན་ཞིག་རེད། ཚོང་པ་མཁས་པོ་ཞིག་ཡིན་ནའང་དང་ཐོག་ཚོང་ཟོག་གི་གོང་ཚད་མཐོ་པོར་འཇོག་དགོས་ཀྱི་ཡོད་ལ། དེ་ལྟར་བྱེད་ཚེ་ཚོང་ཟོག་ཉོ་མཁན་གྱིས་གྲོས་མོལ་བྱས་ཏེ་གོང་མར་གཅོག་ནའང་ཁེ་ཕན་ཡག་པོ་ཞིག་འཐོབ་ཀྱི་ཡོད།

    འགའ་རེས་ད་ལྟའི་དབུ་མའི་ལམ་གྱི་གནས་བབ་འདིས་གྱོང་གུད་གང་ཡང་བྱུང་མེད་པར་སྒྲོག་གི་ཡོད། དེ་ནི་བདེན་པ་མ་རེད། རྒྱ་གཞུང་མཉམ་སྐད་ཆ་དེ་འདྲ་མང་པོ་བཤད་ཚར་ཟིན་ནའང་བོད་ཀྱི་གནས་བབ་ཐོག་གྲོས་མོལ་དངོས་གནས་ཞིག་ད་བར་མགོ་འཛུགས་ཐུབ་མེད། ད་བར་ཕྱོགས་གཉིས་བར་གྲོས་མོལ་གྱི་སྒྲོམ་གཞིའི་སྒྲིག་སྲོལ་ཁོ་ནར་རྩོད་པ་བརྒྱབ་ནས་བསྡད་པ་རེད། རྒྱ་ཕྱོགས་ནས་མུ་མཐུད་བོད་པའི་སྐུ་ཚབ་ཚོར་ཕྲ་མ་སྨྲ་མཁན་རེད་ཅེས་བཀའ་བཀྱོན་གཏོང་བཞིན་ཡོད། མཐའ་མ་དེར་བོད་པའི་སྐུ་ཚབ་རྣམ་པར་གཅིག་ཀྱང་སྟོན་རྒྱུ་མེད་པར་ཕྱིར་ལོག་པ་རེད། ངས་འདི་ཁུངས་སྐྱེལ་ར་སྤྲོད་བྱེད་དགོས་དོན་མེད། ཡིད་མ་ཆེས་ན་དབུ་མའི་ལམ་གྱི་སྡེ་དཔོན་རྒྱ་རི་བློ་གྲོས་དང་སྐལ་བཟང་རྒྱལ་མཚན་གཉིས་ལ་སྐད་ཆ་དྲིས་ན་ཤེས་ཐུབ།

    ད་ལྟའི་ཆར་པེ་ཅིན་གྱི་མ་འོངས་གྲོས་མོལ་གྱི་རེ་བ་སྐྱུར་ནས་བཞག་ཡོད། མདོར་ན་རྒྱ་གཞུང་གིས་ང་ཚོར་ངོ་ཚ་ཁ་སྐྱེངས་སུ་བཅུག་པ་མ་ཟད། ང་ཚོར་མཆིལ་ཞགས་རྒྱག་པ། འགྲམ་ལྕག་གཞུ་བ། མིག་ཟུང་བར་རྡུང་རྒྱག་གཞུ་བ་སོགས་མཐོང་ཆུང་དམའ་འབེབས་བྱས་ཡོད། དབུ་མའི་ལམ་ལ་འཇུག་མཁན་ཚོས་ངོས་ལེན་བྱེད་རུང་མ་བྱེད་རུང་གོང་གསལ་གྱི་མཐོང་ཆུང་དམའ་འབེབས་དེ་དག་གཉིས་སྨན་དབུ་མའི་ལམ་ཟེར་བ་དེའི་མཇུག་འབྲས་རེད།

    དབུ་མའི་ལམ་ལ་འཇུག་མཁན་ཚོ་ནི། རྒྱན་པོ་འགྱེད་རྩེད་ཀྱིས་དངུལ་ཡོངས་རྫོགས་ཤོར་ཏེ་ཁོང་ཁྲོ་རང་གི་ཆུང་མ་དང་ཕྲུ་གུར་གཏོན་མཁན་དང་འདྲ་བ་ཞིག་རེད། ཁོང་ཚོས་འགྱེད་རྩེད་ཀྱི་གསང་བ་ཡོངས་རྫོགས་ཕྱིར་མངོན་གྱུར་བྱས་ཡོད། ཁོང་ཚོས་འགྱེད་རྩེད་ཀྱི་གསང་བ་ཆེས་གལ་ཆེ་ཤོས་ ༼བོད་རང་བཙན།༽ཡང་འཕངས་ཟིན། ཁ་གཏད་འགྱེད་པོས་ ༼རྒྱ་གཞུང་།༽ མདུན་ཅོག་ཏུ་བསླེབས་ཏེ་ཁོང་ཚོར་མཆིལ་ཞགས་བརྒྱབས་ཏེ་ཁང་པའི་ཕྱིར་འཕུད་སོང་བ་རེད། དེ་བས་རྒྱ་གཞུང་གིས་གྲོས་མོལ་གྱི་འགྱེད་རྩེད་ལ་རོལ་དགོས་དོན་མེད། ཁོ་ཚོར་ཡོང་རྫོགས་ཐོབ་ཟིན། ད་ཆ་ང་ཚོར་ལྷག་པ་དེ་ནི་རང་ཉིད་བོང་བུ་ལྟར་གླེན་ལྐུག་ཏུ་མཐོང་མི་བཅུག་པ་བྱེད་རྒྱུ་དེ་རེད། གནད་དོན་འདི་ནི་ངོ་གནོང་དགོས་པ་དང་གུ་དོག་པོ་ཞིག་རེད།

    འོན་ཀྱང་ང་ཚོས་ཅི་ཞིག་བྱེད་དགོས་སམ། རང་ཉིད་ཁྱིམ་ཚང་ཞིག་གི་མི་ཞིག་ཡིན་པས་སྐབས་རེ་ཁྱིམ་ཚང་གི་མི་གཞན་ཞིག་གིས་ནོར་འཁྲུལ་བཟོས་པ་རྣམས་བསྐྱར་ཟློས་མ་ཡོང་ཆེད་གཙང་བཤུ་བྱེད་དགོས་པ་ཆགས་ཀྱི་ཡོད། ཡིན་ནའང་ཁོང་ཚོས་ནོར་འཕྲུལ་དེ་ཕལ་ཆེར་བསྐྱར་ཟློས་བྱེད་རྒྱུ་ཡིན་པ་རེད། མ་རེད་དམ། དེ་བས་བོད་མི་རིགས་ཀྱིས་སོ་སོར་ཆེས་གལ་ཆེའི་འདྲི་བ་འདོན་དགོས་པ་ཞིག་ནི། ང་ཚོར་ཡང་བསྐྱར་མཐོང་ཆུང་དམའ་འབེབས་མྱོང་རྒྱུའམ་འདས་པའི་ཉམས་མྱོང་ནས་བསླབ་བྱ་བླངས་ཏེ་ང་ཚོར་དྲང་བདེན་གྱིས་དབང་བའི་རང་བཙན་རྩོད་ལེན་བྱེད་རྒྱུ་གཉིས་ནས་གདམས་ཀ་བྱེད་རྒྱུ་དེ་རེད།

    གཅིག་བྱེད་ན་ང་ཚོར་རྒྱལ་ཁ་འཐོབ་མི་སྲིད། ཡིན་ནའང་རྩེད་འགྲན་མཇུག་མ་སྒྲིལ་གོང་ང་ཚོས་ཕམ་པར་ངོས་ལེན་ནམ་ཡང་མི་བྱེད། ང་ཚོ་འཆི་རྒྱུ་མིན། རྒྱ་ནག་ང་ཚོའི་གམ་དུ་ཡོང་སྟེ་ང་ཚོའི་འཇིང་པ་བཙིར་དགོས་པ་བྱེད་དགོས། གལ་སྲིད་ང་ཚོ་འཆི་བ་ཡིན་ནའང་ང་ཚོའི་རྣམ་ཤེས་ཀྱིས་ཁོ་ཚོ་སུན་པོ་བཟོ་རྒྱུ་ཡིན། ཡིན་ནའང་ང་ཚོས་བོད་འདི་རྒྱ་ནག་གི་ཆ་ཤས་རེད་ཅེས་གཏན་ནས་བརྗོད་རྒྱུ་མིན། ང་ཚོས་བོད་འདི་རྒྱ་ནག་གི་ནང་ཁུལ་གྱི་གནད་དོན་ཞིག་རེད་ཅེས་གཏན་ནས་བརྗོད་རྒྱུ་མིན། ང་ཚོས་དགྲ་བོས་ཉིན་ཞིག་ང་ཚོར་དགའ་སྲིད་སྙམ་པའི་སྟོང་ཟད་ཀྱི་རེ་བ་བཅངས་ཏེ་དགྲ་བོའི་མཉམ་དུ་ནམ་ཡང་ཉལ་རྒྱུ་མིན། ང་ཚོ་རང་ཉིད་ཀྱི་རྨོངས་པའི་བྲན་གཡོག་ཏུ་བསྒྱུར་ཏེ་གྱོང་གུད་ཆེན་པོ་ཕོག་ཡོད། ང་ཚོ་རྒྱ་རིགས་དང་ཁོང་ཚོའི་འཐབ་གྲོགས་པ་ཚོའི་བྲན་གཡོག་བྱེད་འདོད་མེད། ང་ཚོས་བོད་རང་བཙན་གྱི་ཐོབ་ཐང་དེ་ནམ་ཡང་དོར་རྒྱུ་མེད།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (5)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (3)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme