Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དབུ་མའི་ལམ་གྱི་ཉམས་ལེན་བསྒྲགས་གཏམ།

Posted on 2013-08-31 By ཁ་བརྡ་ 24 Comments on དབུ་མའི་ལམ་གྱི་ཉམས་ལེན་བསྒྲགས་གཏམ།

ཤར་ཕྱོགས་ཁུག་རྟ།

དབུ་མའི་ལམ་གྱི་ཉམས་ལེན་པ་ཁ་ཞེ་གཉིས་མེད་ཅིག་བྱེད་དགོས་ཚེ། དེའི་ལས་དོན་རྩེ་གྲས་སྤུན་ཟླ་རྒྱ་རིགས་མི་མང་དང་འབྲེལ་བ་བྱེད་རྒྱུ་དེ་རེད། བཙན་བྱོལ་ནང་གི་རྒྱ་ནག་དང་རྒྱ་ནག་མི་མང་ལ་གཟིགས་ཕྱོགས་ཅི་ཙམ་གཟུ་བོར་གནས་པ་དེའི་ཚོད་ཀྱིས། བོད་ཀྱི་རྩ་དོན་འཐབ་རྩོད་ཀྱང་ཤེས་ཡོན་དང་རྒྱུ་མཚན་ཟུང་སྦྲེལ་གྱི་ནང་དོན་ལྡན་པའི་ཕྱོགས་སུ་བསྐྱོད་དང་བསྐྱོད་བཞིན་པ་རེད། ༸གོང་ས་སྐྱབས་མགོན་ཆེན་པོས་སྔ་མོའི་དུས་ནས་ལན་མང་གསུངས་པའི་རྒྱ་རིགས་འབྲེལ་མཐུད་ལས་གཞི་ལོ་ལྔ་དྲུག་གི་གོང་ནས་སྒྲིག་འཛུགས་རང་བཞིན་གྱི་ལམ་དུ་བསྐྱོད་ཅིང། ཨ་རི་དང་ཡོ་རོབ། ཨོ་སི་ཌི་ལི་ཡ། ཐའེ་ཝན་སོགས་སུ་དེང་སང་རྒྱ་རིགས་འབྲེལ་མཐུད་ལས་གཞིའི་ལས་དོན་ཡར་རྒྱས་སུ་འགྲོ་བའི་རྣམ་པ་ཤུགས་ཆེར་མཐོང་གི་འདུག་ལ།
དེའི་ཉེར་ལེན་ལས་རང་རེའི་གསུམ་བཅུའི་དུས་དྲན་གྱི་མཛད་སྒོ་ནས་གངས་སྐྱིད་སྤྱི་ཐབ་ཚོགས་ཁང་གི་གཏམ་བཤད་ཚུན་ཆད་དུ་རྒྱ་རིགས་དང་རྒྱ་རིགས་ཤེས་ཡོན་ཅན་ཚོ་ཕེབས་སྐལ་བྱུང་ཡོད་པ་མ་ཟད། རྒྱ་མི་ནི་གདོན་འདྲེར་བརྩི་བའི་སློབ་གསོའི་འོག་འཚར་ལོངས་བྱུང་བའི་བཙན་བྱོལ་ནང་གི་མི་རབས་གསར་པ་ཚོའི་མིག་ལམ་དུའང། སྔ་མོར་དགའ་ལྡན་ཁྲི་པ་ཞིག་གིས་ཨིན་ཇི་མགོ་སེར་ཞིག་མཐོང་སྐབས་མི་རེད་གསུངས་པའི་ངག་རྒྱུན་ལྟར། ད་ལྟ་ཁོང་ཚོའི་མིག་ལམ་དུའང་རྒྱ་རིགས་ཚོ་ཤེས་ལྡན་ཙམ་དུ་མ་ཟད། རང་གི་ངོ་བོ་འཛིན་པའི་ཐུན་མིན་རིག་གནས་ཀྱིས་དབང་བསྒྱུར་བྱས་ཟིན་པའི་རང་ཚུགས་ཅན་གྱི་མི་རིགས་ཤིག་ཏུ་མཐོང་རྒྱུའི་མགོ་བརྩམས་ཟིན་པ་རེད།

ད་ལྟ་དབུས་ངྷ་རམ་ས་ལ་ནས་དགོན་སྡེ་གཞིས་ཆགས་ག་བ་སོང་ཡང། བོད་ཀྱི་དཀའ་ངལ་སེལ་དགོས་ན་རྒྱ་ནག་ཤེས་དགོས་པ་དང་རྒྱ་རིགས་ཚོ་དང་འབྲེལ་མོལ་མ་བྱས་པའི་ལམ་ཁ་གཞན་ཞིག་མེད་པ་ཕལ་ཆེར་ནམ་ལངས་ཉི་ཤར་ལྟར་ཆགས་འདུག དེ་ལས་ཀྱང་གཞི་ལམ་འབྲས་གསུམ་གྱི་རིགས་པའི་གཞུང་ལུགས་གཏིང་ཟབ་ལྡན་པའི་དབུ་མའི་ལམ་གྱི་ལྟ་བ་ཆེ་ས་མི་རིགས་བར་གྱི་འགལ་བ་འདུམ་འགྲིག་དང། ཆུང་ས་སྒེར་པ་མི་རེ་ངོ་རེའི་ཉིན་རེའི་འཚོ་བའི་ནང་གི་གཞི་རྩའི་ལམ་སྟོན་དུ་ཤ་འཐིམས་རུས་འཐིམས་བྱེད་དགོས་པ་དེ་བས་ཀྱང་དངོས་ར་གསལ་འཕྲོད་བྱུང་དང་འབྱུང་རྒྱུའི་དུས་རིམ་ཧྲིལ་བོར་བོད་མི་ཚོས་དེ་བས་དབུ་མའི་ལམ་གྱི་ཉམས་ལེན་གསལ་འདོན་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་ཅིག་རེད།

དེང་སྐབས་མི་མང་ཁྱོན་ཡོངས་ཀྱི་ཤེས་ཚད་ཡར་རྒྱས་ཕྱིན་པ་དང་མཉམ། རྒྱ་ནག་དགྲ་བོར་གཅོད་པའི་བསམ་སྤྱོད་ཉི་ཚེ་བ་རྣམས་རང་བཞིན་གྱིས་འགག་སོང་བ་མ་ཟད། རྒྱ་མི་གདོན་འདྲེར་ལྟ་བའི་འདུ་ཤེས་དེ་དག་ཀྱང་རྙིང་ཟིན། དེ་བཞིན་བོད་ཀྱི་བདེན་མཐའ་བསལ་ཐབས་གཉིས་སྨན་ཐབས་མཆོག་འཚེ་བ་མེད་པ་ཁོ་ནས་སྒྲུབ་རྒྱུར་སྲིན་འབུ་མེ་འཁྱེར་གྱི་སྣང་བས་མི་འདོད་པའི་ལབ་བརྡོལ་ཅི་དགར་འབྱིན་པ་རྣམས་ཀྱང། ད་ནི་ཟུར་ཕོག་དང་གཏམ་གྲགས་ཀྱིས་ཚིམས་སོང་བ་ལྟར་གནས་ལུགས་དང་རྒྱུ་མཚན་གྱི་ཁ་གཏད་ནས་ཡོངས་སུ་ཕམ་ཉེས་ཕྱིན། གཞན་ཡང་ལྟོ་འབྲངས་གཏམ་ཙམ་དོན་དུ་གཉེར་ཏེ་བོད་མི་རིགས་དང་དེའི་འཐབ་རྩོད་བཅས་པར་གཡག་ཞྭར་རྩ་ལ་རྔམས་པ་ལྟར་གྱི་གཟུགས་བརྙན་རུ་ཁག་གི་རང་མདོག་ཀྱང་ཇེ་གསལ་ནས་རྩ་ཡལ་ཕྱིན་པ་བཅས་ནང་གི་བཀྲ་མི་ཤིས་པའི་དོན་རྣམས་བདེན་པ་ཆེན་པོས་གཞོམས་བསྲེགས་བྱས་དང་བྱེད་བཞིན་པའི་སྐབས་འདིར།
དབུས་སྒྲིག་འཛུགས་དྲ་བརྙན་ནས་༼ ༢༠༡༣། ༨། ༣༠། ཉིན་༽ངྷ་རམ་ས་ལར་ཚོགས་འདུར་ཕེབས་པའི་ཨ་རི་དང་ཡོ་རོབ་ཨོ་སི་ཌི་ལི་ཡའི་རྒྱ་རིགས་འབྲེལ་མཐུད་པ་ཀུན་དགའ་བཀྲ་ཤིས་ལགས་དང། བློ་བཟང་ཉི་མ་ལགས། ཟླ་སྒྲོན་ལགས་བཅས་སུ་ལོ་འདི་འགའི་རིང་གི་རྒྱ་རིགས་འབྲེལ་མཐུད་བྱས་པའི་ཉམས་མྱོང་དང་གྲུབ་འབྲས། རེ་བ། དཀའ་ངལ་བཅས་ཀྱི་སྐོར་ཕྱོགས་ཡོངས་ནས་དྲི་བ་ཞུས་པར་ཞིབ་ནན་བྱེད་ཁོམ་བྱུང། ཁོང་རྣམས་ཀྱིས་རང་རང་ས་ཁོངས་ཀྱི་གཏན་སྡོད་དང་འཕྲལ་སྡོད་( གནས་སྐབས་སྡོད་མཁན་རིགས་ལ་གོ)བཅས་ལས་རིགས་འདྲ་མིན་གཉེར་བའི་རྒྱ་རིགས་ཁྱོན་ཡོངས་ལ་འབྲེལ་བ་བྱས་པའི་ཉེ་བའི་ལོ་འགའི་རིང་གི་གྲུབ་འབྲས་དང་མ་འོངས་པའི་སྤོབས་པ་ཕྱོགས་བསྡོམས་བྱེད་སྐབས། ཚང་མས་མགྲིན་གཅིག་གིས་བོད་ཀྱི་དཀའ་ངལ་དངོས་ར་གསལ་འཕྲོད་རྗེས་དེ་ལས་སྐྱོབ་ཐབས་གཉིས་སྨན་ཐབས་མཆོག་དབུ་མའི་ལམ་ལ་རྣམ་པ་ཅི་རིགས་ནས་བརྒྱ་ཆ་དགུ་བཅུ་གོ་གྲངས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་འདུག་ཅེས་བཤད།

དངོས་དོན་འདི་ནི་༸གོང་ས་མཆོག་དང་སློབ་དཔོན་ཟམ་གདོང་རིན་པོ་ཆེས་ལམ་སྟོན་བྱས་པའི་བོད་ཀྱི་བདེན་མཐའ་བསལ་ཕྱོགས་མིག་མཐོང་ལག་ཟིན་ཆགས་བཞིན་པ་བོད་ཕྱི་ནང་གི་ཤེས་ལྡན་པ་ཚོས་ངོས་འཛིན་གཏིང་ཟབ་རྙེད་དགོས་པ་དང། མ་རྙེད་པ་རྣམས་ཀྱིས་རྙེད་ཐབས་བྱ་རྒྱུ་ནི་བོད་ཀྱི་མདུན་ལམ་ལ་གདེང་ཚོད་རྙེད་མིན་དང་ཐད་འབྲེལ་ཡོད་པས་རེད། དབུ་མའི་ལམ་གྱི་སྲིད་བྱུས་ནི་དེའི་དོན་དག་ཅུང་ཙམ་གོ་བ་དང། མི་མང་པོས་རྒྱབ་སྐྱོར་བྱེད་པ་རྒྱུ་མཚན་དུ་བྱས་ཏེ་རང་གིས་དེར་རྒྱབ་སྐྱོར་བྱེད་པ། ཡང་ན་མི་མང་དང་གྲོས་ཚོགས་ཀྱིས་གཏན་འབེབས་གནང་སྟབས་དམ་འཛིན་བྱེད་རྒྱུ་ཡིན་ཅེས་པའི་རྣམ་འགྱུར་ཙམ་གྱིས། སྲིད་བྱུས་དེ་ཉིད་ལག་བསྟར་ཐུབ་པའི་ཤེས་ཚད་མེད་པ་རིགས་པའི་དཔྱད་ན་གྲུབ་ངེས་སྟབས། ངེས་པར་དུ་དབུ་མའི་ལམ་གྱི་སྲིད་བྱུས་འཛིན་མཁན་ཚོས་རང་གི་སྒོ་གསུམ་གྱི་བྱེད་བབ་མཐའ་དག་དེའི་ཉམས་ལེན་དུ་ཡིད་ཆེས་བརྟན་པོས་བསྒྱུར་རྒྱུ་ནི་གསེར་ལས་བྲིན་པའི་ཡོང་རྒྱུའི་ལོ་ངོ་བཅུ་ཕྲག་ཁ་ཤས་ནང་དེ་བས་ཀྱང་གལ་ཆེན་ཆགས་འདུག་སྟབས། ང་ཚོ་ཚང་མས་རྒྱ་རིགས་འབྲེལ་མཐུད་ཀྱིས་མཚོན་དེའི་ཉམས་ལེན་དངོས་ཀྱི་ནང་མཉམ་ཞུགས་ཐུབ་རྒྱུར་མི་མང་གིས་རང་བློ་རྩལ་དུ་མ་དཀྲུགས་དུས། དབུ་ཁྲིད་རིམ་པའི་ལམ་སྟོན་གྱི་གནས་བབ་ཉམས་ཆག་འགྲོ་བཞིན་འདུག་ན། ད་ལྟའི་གནས་བབ་ལ་གཞི་རིམ་མི་མང་གིས་དམིགས་བསལ་གསལ་འདོན་བྱ་དགོས་པའི་དབུ་མའི་ལམ་གྱི་ཉམས་ལེན་ཞུ་ཕྱོགས་ཁག་ཅིག་ལག་བསྟར་ཡོང་བའི་འབོད་སྐུལ་ཞུ་རྒྱུ་ཡིན།

༡ འཛམ་གླིང་གང་སར་གནས་པའི་བོད་མི་ཚོས་ལས་འགུལ་ནམ་སྤེལ་ལ་འཕྲད་དར་སྟེང་”ང་ཚོས་རང་བཙན་གཏན་ནས་རྩོད་ཀྱི་མེད། རྩ་ཁྲིམས་འོག་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་ཀྱི་ཡོད་”ཅེས་བྲིས་ཏེ་འབོད་ཚིག་སྒྲོག་རྒྱུ་དང། རྒྱལ་སྤྱིའི་གཞུང་སྒེར་ཚང་མར་འབོད་ཚིག་གཅིག་པ་འདི་མི་མང་རང་གིས་སྙན་ཞུ་དང་ཞུ་གཏུག་གིས་ས་གནས་སོ་སོའི་དབུས་སའི་གཞུང་དང་སྒེར་པ་གྲགས་ཅན་མི་སྣར་འབུལ་དགོས།

༢ ས་གནས་སོ་སོའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རྒྱ་བོད་དར་ཆ་མཉམ་འཕྱར་གྱིས༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ལ་ལན་འདེབས་ཚད་ལྡན་དགོས་རྒྱུར་ཞི་བའི་ངོ་རྒོལ་བྱ་རྒྱུ། དེའི་ནང་རྒྱ་རིགས་མཉམ་ཞུགས་ཡོང་ཐབས་ལ་འབད་དགོས།

༣ ཕྱི་རྒྱལ་ཁག་ཏུ་མི་སེར་བཟོས་ཟིན་པའི་བོད་མི་རྣམས་གཙོས་བཙན་བྱོལ་བོད་མི་ཚང་མས་རྒྱ་ནག་གིས་སྤྲོད་བཞིན་པའི་ལག་འཁྱེར་བླངས་ནས་རང་གི་ཕ་ཡུལ་དངོས་སུ་མིག་གིས་མཐོང་ཆེད་བོད་ནང་དུ་བར་མཚམས་མེད་ཕེབས་གལ།

༤ རང་ཉིད་ཁོ་ནས་ཆོས་ཀྱི་སློབ་སྦྱོང་དང་ཉམས་ལེན། ནང་མི་བཟའ་ཟླ་བུ་ཕྲུག་གི་ལྟོ་རྒྱབ་ཁོ་ནར་འབད་པའི་ལས་དོན་ཆེད་མི་ཚེ་ཡོངས་སུ་གཏོང་རྒྱུ་མིན་པར། བོད་མི་བརྒྱ་ཕྲག་འགའ་ཡོད་པའི་མི་ཚེ་དབུ་མའི་ལམ་གྱི་ཉམས་ལེན་ཆེད་འབུལ་ཐུབ་པའི་རིགས་གཅིག་རྐང་འཛིན་དཔུང་ཁག་ཅིག་ཡོང་བར་ཁྱིམ་ཚང། ཚོགས་སྡེ། དགོན་སྡེ། ཆོལ་ཁ་སོ་སོ་བཅས་ནས་རང་ཁོངས་སུ་གོ་བསྐོན་བསླབ་བྱ་འབོད་སྐུལ་ཞུ་གལ།།

༥ དབུ་མའི་ལམ་གྱིས་བོད་མི་རིགས་ཀྱི་ཐུན་མིན་རིག་གནས་དང་ངོ་བོ་ལ་འགན་སྲུང་བྱེད་པ་དམིགས་འབེན་དུ་བཟུང་ཡོད་སྟབས། བཙན་བྱོལ་ནང་དང་ཡང་སྒོས་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་དང་ཤེས་ལས་ནས་བོད་མིའི་ཤེས་ཡོན་དང་སྐད་ཡིག་ཐད་འཛིན་པའི་བཟང་ངན་ཕྱོགས་གཉིས་ཀྱི་རྣམ་འགྱུར་ལ་དུས་ལྟར་རྗེས་འདེད་ཚ་ནན་གཏོང་གལ།

༦ དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་ནས་དབུ་མའི་ལམ་གྱི་ཞུ་སྒོ་ཁག་དེའི་གཞུང་ལུགས་དང་མཐུན་པ་སྤེལ་གྱི་ཡོད་མེད་དང། ཅི་སྤེལ་དགོས་མིན་རང་རང་ས་ནས་དང་བླངས་ཐོག་བསམ་ཚུལ་འབུལ་གལ། དེ་བཞིན་དབུ་མའི་ལམ་གྱི་འབྲེལ་མོལ་ལ་གྲ་སྒྲིག་ཨང་གསར་ཡོད་ན་དངོས་སུ་གསལ་སྟོན་བྱས་ཏེ་༸གོང་ས་མཆོག་གི་སྐུ་ཚབ་མྱུར་ཏུ་བསྐོ་བཞག་གིས་སྐུ་ཚབ་མཚན་ཐོག་ནས་འབྲེལ་མོལ་མཐུད་ཐབས་ལ་འབད་གལ།

༧ ཁ་སང་སྲིད་སྐྱོང་གིས་ཨ་རིར་”རྒྱ་ནག་གིས་སྲིད་དབང་རྩིས་སྤྲོད་གནང་རྗེས་ཕྱོགས་ཡོངས་ནས་ང་ཚོ་ཕམ་ཉེས་འགྲོ་བའི་ལས་གཞི་བརྩམས་སོང་”ཞེས་རྒྱགས་གཏམ་ཆེན་པོ་གསུངས་སོང་བས། གཏམ་བཤད་འདི་རིགས་ནི་འབྲེལ་མོལ་གྱི་འགལ་རྐྱེན་དང་རྒྱ་བོད་མི་རིགས་བར་ལ་འཁོན་གཞིར་འགྲོ་སྲིད་སྟབས། རྒྱ་ནག་ཕྱོགས་ཀྱི་སློབ་སྟོན་པ་ཚད་ལྡན་བསྐོ་འཛུགས་ཐུབ་གལ།།

༢༠༡༣། ༨། ༣༡། ཉིན།

སྣ་ཚོགས།

Post navigation

Previous Post: སེམས་པ་བདེ་ལ་འབབ་པའི་གོ་སྐབས་ཤིག་མི་འདུག
Next Post: གསོན་འདྲེ་བཏུལ་བ།

Comments (24) on “དབུ་མའི་ལམ་གྱི་ཉམས་ལེན་བསྒྲགས་གཏམ།”

  1. དྷརྨརཱཇ། says:
    2013-08-31 at 3:12 am

    དགོངས་འཆར་དང་རྩོམ་ཡིག་ཧ་ཅང་ལེགས་སོ། མང་ཚོགས་ནས་ཐུགས་སྣང་དང་། ཕྱག་ལེན་ཐོག་འགན་འཁུར་གྱིས་གང་ཐུབ་གནང་གལ་ཆེ། ཞི་བདེ་དང་འཆམ་མཐུན། ཡིད་ཆེས་དང་འབྲེལ་མོལ་ཟེར་བ་རྣམས་འགོ་འཛུགས་ས་སྒེར་པ་ནས་ཁྱིམ་ཚང་། ཁྱིམ་ཚང་ནས་ཁྱིམ་མཚེས། ཁྱིམ་མཚེས་ནས་སྤྱི་ཚོགས།་སྤྱི་ཚོགས་ནས་གཞུང་བཅས་རིམ་བཞིན་ཡོང་དགོས།

  2. རོང་བཙན། says:
    2013-08-31 at 3:38 am

    འདྲེ་བྱའི་སྐད་ལ་ཡ་ལན་མི་དགོས་པ་གནང་རོགས།

  3. ལུང་རྟོགས། says:
    2013-08-31 at 6:26 am

    འགོ་ནས་མར་འདྲ་ཆགས་པོ་ཞིག་བཤད་འདུག་ཀྱང་འཇུག་ནས་ཡང་རྔ་མ་དཀྱོག་ཚར་འདུག པུ་གུས་ལས་ཀ་ལ་རྟུག་དྲི་ཡོད་ཡོད་པ་རེད།

  4. བློ་ཚེ། says:
    2013-08-31 at 6:59 am

    ཁྱེད་ཀྱིས་དགོངས་འཆར་ལ་རྒྱོབ་སྐྱོར་ཡོད།

  5. ཚོགས་ཆེན། says:
    2013-08-31 at 8:17 am

    དགོངས་འཆར་ཡག་པོ་གསུངས་འདུག་ བརྒྱ་ཆ་བརྒྱ་རྒྱབ་སྐྱོར་ཡོད། ཐུགས་རྗེ་ཆེ།

  6. འོད། says:
    2013-08-31 at 8:54 am

    ཤར་ཕྱོགས་རིགས་པའི་དཔའ་བོ་ཞེས་གྲགས་ཁྱེད་ཀྱིས་དུས་ནམ་རྟག་ཏུ་ནི།།
    གཟུར་གནས་གཏམ་གྱིས་བོད་ཁམས་སྐྱོབ་པའི་ངང་ཚུལ་འདི་རྣམས་མཐོང་བའི་མོད།།
    ཡིད་ལ་དགའ་བདེའི་སིམ་སིམ་ཆར་གྱིས་རབ་བརླན་ཡིད་ཀྱི་སྒེག་ལྡན་མ།།
    དབང་མེད་ཁྱེད་ཕྱོགས་རྦབ་ཆུའི་ཚུལ་ལྟར་ཤོར་བ་དག་རྣམས་གྲངས་ཀྱིས་ངལ།།

  7. སྤྱང་ཤོག་ says:
    2013-08-31 at 10:24 am

    ༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ལ་༼ལན་འདེབས་ཚད་ལྡན་རྒྱ་ནག་དབུས་གཞུང་གི་བྱས་ཚར་བ་རེད་། ༽ ལམ་དབུ་མ་པ་རྣམསས་ས་གནས་སོ་སོའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་རྒྱ་བོད་དར་ཆ་མཉམ་འཕྱར་གྱིས་དགའ་ལྡན་ཕོ་བྲང་གི་ཁྱབ་ཁུངས་ལ་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་གསར་པ་ཞིག་ལ་མོས་མཐུན་གནང་རོགས་ཞུ་ན་ལེན་གཅིག་ཡོད་སྲིད་།

  8. སངས་དོན། says:
    2013-08-31 at 12:08 pm

    ༼ང་ཚོ་ཚང་མས་རྒྱ་རིགས་འབྲེལ་མཐུད་ཀྱིས་མཚོན་དེའི་ཉམས་ལེན་དངོས་ཀྱི་ནང་མཉམ་ཞུགས་ཐུབ་རྒྱུར་མི་མང་གིས་རང་བློ་རྩལ་དུ་མ་དཀྲུགས་དུས། དབུ་ཁྲིད་རིམ་པའི་ལམ་སྟོན་གྱི་གནས་བབ་ཉམས་ཆག་འགྲོ་བཞིན་འདུག༽ཞེས་བྲིས་འདུག

    དབུ་ཁྲིད་རིམ་པ་ཟེར་དུས། ༸གོང་ས་མཆོག ཟམ་གདོང་རིན་པོ་ཆེ། སྲིད་སྐྱོང་བཅས་ཀྱི་ལམ་སྟོན་གྱི་གནས་བབ་ཉམས་ཆག་འགྲོ་བཞིན་འདུག་ཟེར་བ་རེད་དམ། ༸གོང་ས་མཆོག་དང་ཟམ་གདོང་རིན་པོ་ཆེ། སྲིད་སྐྱོང་བཅས་ལ་མཚན་སྨད་དམའ་འབེབས་བྱེད་སྟངས་འདི་རིགས་ཡག་པོར་མཐོང་མ་སོང་།

  9. ཀརྡོ་གཉེར་ཕྱག་པ་ says:
    2013-08-31 at 12:52 pm

    ༢ ས་གནས་སོ་སོའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་༼རྒྱ་བོད་དར་ཆ་མཉམ་འཕྱར་༽གྱིས༼ བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་༽ལ་ལན་འདེབས་ཚད་ལྡན་དགོས་རྒྱུར་ཞི་བའི་ངོ་རྒོལ་བྱ་རྒྱུ། དེའི་ནང་རྒྱ་རིགས་མཉམ་ཞུགས་ཡོང་ཐབས་ལ་འབད་དགོས། ་་་་་ཟེར།

  10. འོད། says:
    2013-08-31 at 12:52 pm

    ཧཧཧཧཧ སྲིད་འགན་རྩིས་སྤྲོད་གནང་རྗེས་དབུ་ཁྲིད་ང་ཡིན་ངས་འཇོན་ཟེར་མཁན་ཚོས་རྩ་ནས་འཇོན་གྱི་མེད་པ་འདྲ། སྲིད་སྐྱོང་གིས་མི་འཇོན་ན་ཡར་ཞུ་ཞུས་ན་ལོས་དགའ་སྙམ།།།

  11. འོད། says:
    2013-08-31 at 1:01 pm

    གོང་ས་མཆོག་གིས་ཆབ་སྲིད་འགན་གནང་ཟིན་པས་རང་སྲེག་སོགས་ལ་ངོས་རང་ཤི་བ་ནང་བཞིན་འདུག་གི་ཡིན་གསུངས་པ་དང། སྲིད་འགན་སྤྲད་པའི་དགོང་མོར་ངོས་རང་གཉིད་སྐྱིད་པོ་ཞེ་དྲག་ཁུག་ཅེས་བཀའ་སྩལ་འདུག དེ་བཞིན་མཁས་དབང་ངོ་མ་ཟམ་གདོང་རིན་པོ་ཆེ་མཆོག་གིས་བོད་མིའི་སྤྱི་ཚོགས་ནང་ཡལ་འགྲོ་དགོས་ཞེས་བཀའ་སྩལ་འདུག

  12. དྲན་དཀར་དཔལ་ཡོན་ says:
    2013-08-31 at 3:09 pm

    ཁུག་ཚང་གཏོར་བའི་ལས་ནི་འཚེ་བ་ཅན།
    བློ་སེང་སྲིད་གཞུང་འཚེ་བ་མེད་པར་གྲགས།
    འགལ་བར་སྙམ་མོད་འཚེ་མེད་དགེ་སློང་གིས།
    ཤིག་གསོད་པ་ནི་ཞར་ཞར་འབྱུང་སྲིད་དོ།

    དབུ་མའི་ཉམས་ལེན་བྱ་རྒྱལ་རྒོད་པོའི་འགྲོས།
    ཆུང་ཆུང་ཁུག་རྟས་བསྒྲགས་པར་ག་ལ་ནུས།
    བློ་སེང་ནམ་མཁའ་ལྡིང་གི་གྲིབ་མ་ལ།
    ཁུག་རྟའི་མདོག་ཏུ་ཁུག་རྟ་འཁྲུལ་བར་ཟད།

    ཁུག་རྟ་དམར་པོ་ལྡི་ལིར་འཕུར་བ་ནི།
    སྤྱི་དོན་རང་དགར་སྒྲུབ་པ་རང་གི་ལས།
    ནམ་མཁའ་ཤེལ་གྱི་ངོས་ནས་མཐོང་གྱུར་པས།
    ཁུག་རྟ་ཤི་བ་ཁ་པར་ནང་ནས་མཇལ།

    རྐང་འཁོར་བསྐོར་ནས་བགྲོད་པའི་ལམ་དག་ལ།
    འཕུར་བར་མི་ནུས་ཁུག་རྟའི་ལན་གཅིག་དགོངས།
    ཆེ་ཚུགས་མ་དོད་ཉམས་ལེན་ཧུར་ཐག་བྱོས།
    གར་ལ་འགྲོ་ན་ག་དུས་འགྲོ་འགྲོ་རེད།

  13. དོན་དགའ། says:
    2013-08-31 at 10:46 pm

    རང་གི་ཁ་ཕོར་འདེགས་པའི་ནུས་མེད་ཅིག
    སྲིད་སྐྱོངས་སེང་གེ་མཆོག་ལ་གདང་མིག་བསྒྲད།
    ཁྲག་དར་མགོ་ལ་གྱོན་ནས་སྨྱོན་པ་བཞིན།
    ད་དུང་དབུ་མའི་ལམ་ཆེན་བགྲོད་དོ་ལོ།

  14. བསྟན་པ། says:
    2013-09-01 at 3:14 am

    བོད་གཞུང་ནས་ཕྱིར་ཕུད། དབུ་མ་ཚང་ནས་ཕུད། ཁ་བརྡ་ཚང་ནས་ཕུད། མི་གྲལ་ནས་ཕུད་ཟིན་པ་ཞིག་གིས་ཅི་བཤད་ན་ཕན་མི་ཐོགས།

  15. རྩེ་བློ་བཟང་བཀྲ་ཤིས། says:
    2013-09-01 at 12:26 pm

    དབུ་མའི་ལམ་ཡག་པོ་མི་མཁྱེན་པའི་སྲིད་སྐྱོང་མཆོག་དང་ཕྱི་དྲིལ་བཀའ་བློན། ཆོས་རིག་བཀའ་བློན། འཕྲོད་བསྟེན་བཀའ་བློན་བཅས་ལ་ལམ་སྟོན་ཡག་པོ་གནང་འདུག མུ་མཐུད་ནས་ཤུགས་རྒྱག་རོགས།

  16. སྙན་བཟང་གཡུང་དྲུང་ཚེ་རིང says:
    2013-09-01 at 5:36 pm

    “དབུ་མའི་ལམ་གྱི་ཉམས་ལེན་པ་”ཟེར་བའི་དོན་ཅི་ཡིན། “དེའི་ལས་དོན་རྩེ་གྲས་སྤུན་ཟླ་རྒྱ་རིགས་མི་མང་དང་འབྲེལ་བ་བྱེད་རྒྱུ་དེ་རེད་”ཅེས་པའི་རྗོད་པ་འདིས་ག་རེ་སྟོན་གྱི་ཡོད། “བཙན་བྱོལ་ནང་གི་རྒྱ་ནག་”ཅེས་པ་འདི་གང་ལ་གོ་དགོས་སམ། “བོད་ཀྱི་རྩ་དོན་འཐབ་རྩོད་ཀྱང་ཤེས་ཡོན་དང་རྒྱུ་མཚན་ཟུང་སྦྲེལ་གྱི་ནང་དོན་ལྡན་པའི་ཕྱོགས་སུ་བསྐྱོད་དང་བསྐྱོད་བཞིན་པ་རེད་”ཅེས་པའི་ཤེས་ཡོན་དེ་གང་ལ་ཐུགས་བསམ་བཞེས་ཀྱི་ཡོད་དམ། ད་དུང་ཚིག་གྲུབ་འདིས་ཅི་ཞིག་སྟོན་གྱི་ཡོད། ∙∙∙

  17. dechensemkyi says:
    2013-09-01 at 5:44 pm

    རྒྱ་དམར་གྱི་གཞུང་ཚབ་སྒོ་ཁར་རྒྱ་དམར་གྱི་དར་ཆ་འཕྱར་ནས་སོང་དང་ཁོ་ཚོ་དགའ་ནས་ཁྱེད་རྣམ་པ་གད་སྙིགས་འཕྱགས་མཁན་གྱི་གོ་ས་འདྲ་སྟེར་སྲིད་པ་རེད། ཧཧཧཧཧ དེ་མིན་རྒྱ་མིའི་གཞུང་ཚབ་གྱི་སྒོ་ཁར་རྒྱ་མིའི་དར་ཆ་འཕྱར་ནས་སོང་ནས་ཅི་ཟེར་རྒྱུ་ཡིན། ངས་ཀུ་རེ་ཡིན། དགོངས་པ་མ་མཚོམས།

  18. ལུང་རྟོགས། says:
    2013-09-01 at 10:38 pm

    མ་རེད་ད། རྒྱ་མིའི་གཞུང་ཚབ་སྒོ་ཁར་རྒྱ་མིའི་དར་ཆ་ཕྱར་ནས་སོང་ན་རྒྱ་དངུལ་རག་གི་རེད། ད་དུང་ཁྱོད་བོད་ནང་ལ་ལས་སླ་པོས་འགྲོ་ཐུབ་ཀྱི་རེད།

  19. དོན་དགའ། says:
    2013-09-01 at 11:24 pm

    རྒྱ་ནག་སྲིད་གཞུང་གིས་ཆེད་དུ་དྲྭ་ཐོག་ལ་འཇབ་རྒོལ་བྱེད་མཁན་རྩ་འཛུགས་བྱས་ཡོད་པ་རེད།
    དེང་སང་དྲྭ་ནད་དེ་ཕྱི་ལ་གྱར་ནས་ཡོང་གི་ཡོད་པའི་གནས་ཚུལ་འདུག
    དཔེར་ན་ཤར་ཁུག་ལྟ་བུ་གཅིག་ལ་གླ་མི་ཉུང་བ་ཞིག་བྱིན་ནས་ཡིག་འཁྱམས་འདི་ལྟ་བུ་མང་ཙམ་སྤེལ་དུ་བཅུག་ན་བོད་པ་ནང་ཁུལ་ལ་དཀྲུག་ཤིང་འགྲོ་ངེས་པའི་ང་ཚོས་ཅེས་ཀྱང་དོག་ཟོན་བྱེད་དགོས་ངེས་རེད་འདུག་གོ

  20. གངས་སྨྱུག says:
    2013-09-02 at 12:42 am

    མི་སོ་སོའི་བསམ་ཚུལ་བཤད་པ་ཡག་ཀྱང་འཆལ་གཏམ་སྙིང་བོ་མེད་པའི་རིགས་རྣམས་ལྟ་ཀློག་བྱེད་རྒྱུ་འཛེམས། དགོངས་དག

  21. རླུང་། says:
    2013-09-02 at 7:31 am

    ཁྱོད་ཀྱི་ཉམས་ལེན་བྱེད་སྟངས་འདི་ཅུང་འུར་ལངས་དང་། ཧོལ་རྒྱུག རྔམ་མཆོངས་བཅས་ཀྱི་ཚོར་བ་ཤུགས་ཆེ་བས། གནས་སྟངས་འདིས་སྤྱི་ཚོགས་ལ་ཕན་གནོང་གང་ཞིག་སླེབས་མིན་ཐག་གཅོད་དཀའ།

  22. རླུང་། says:
    2013-09-02 at 7:33 am

    འདི་ལ་རྒྱ་ནག་གི་ལབ་སྟངས་བྱས་ནས་བརྗོད་ན། ཧོལ་རྒྱུག་གིས་རྔ་མ་མི་མཁྱོངས། ཟེར་བ་དེ་རེད། གཙོ་བོ་གནད་དོན་དང་སྤྱི་ཚོགས་ཀྱི་དོན་དངོས་གནས་བབ་གཉིས་ཟུང་དུ་འབྲེལ་ནས་བརྗོད་ཐབས་འདེམས་དགོས་རྒྱུ་གལ་ཆེ།

  23. རྩེ་བློ་བཟང་བཀྲ་ཤིས། says:
    2013-09-02 at 7:46 am

    སྤོབས་པ་འདིས་གུ་རེ་རྩེད་སྟངས་ཁྱད་མཚར་འདུག ཧཧཧཧཧ དོན་ཤེས་མཁན་གཟུགས་མཐོང་མཁན་ཞིག་གིས་འདི་ལྟར་གསུངས་ན་ལན་པོ་མི་འདུག ཤར་ཁུག་ཕེབས་མདོག་མ་རེད་མོད། ཁ་ཤས་ལ་ལམ་སྟོན་བྱེད་དགོས་པ་དེ་འདྲ་ཡོད་ས་རེད།། ཧཧཧཧ

  24. བསྟན་འཛིན་སྦྱིན་པ། says:
    2013-09-02 at 11:54 pm

    དབུ་མའི་ལམ་ཞེས་པའི་བོད་གཞུང་འབྲེལ་དང་གཞུང་འབྲེལ་མིན་་པ་དག་གི་ཐེངས་དུང་ཕྱུར་ལས་ལྷག་པ་འདོན་འདོན་བཞིན་པ་འདི་་་་བོད་མི་ས་ཡ་དྲུག་གི་མངོན་འདོད་ངོ་མ་ཨེ་ཡིན། དེ་ལྟར་དངོས་ན་ཡིན་ན་སེང་དར་ཅི་ཕྱིར་ཚོགས་པ་སྤྱི་སྒེར་གཉིས་བེད་སྤྱོད་བྱེད་རྒྱུར་མཚམས་འཇོག་གི་མེད། ཡང་ན་དབུ་མའི་ལམ་ཞེས་པ་དེ་གཏམ་བཤད་ཁོ་ན་ལས་ལག་ལེན་དུ་བཀོལ་དགོས་མིན་ནམ་་་་་་་་་་་་་་་་་་་ང་ཚོ་ངོ་མ་མགོ་ཐོམས་གི་འདུག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme