Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔྱིད་ཀྱི་ཕོ་ཉ།

Posted on 2013-03-232013-03-23 By ཁ་བརྡ་ 19 Comments on དཔྱིད་ཀྱི་ཕོ་ཉ།

ནམ་མཁའ།

དཔྱིད་ཀྱི་ལྷ་མོས་མངགས་པའི་ཁུ་བྱུག་ཁྱོད།།
འདི་ནས་ལེ་དབར་སྟོང་ཕྲག་མང་པོ་ཡི།།
ཤར་ཕྱོགས་ཧི་མ་ལ་ཡི་རི་རྒྱུད་ན།
གངས་དཀར་རི་བོའི་བསྐོར་བའིརྒྱལ་ཁམས་ཞིག།
སྤྲིན་དཀར་སྐེད་ལ་བཅིངས་བའི་གངས་འདབས་སུ།།
གཤིས་རྒྱུད་བཟང་ལ་ངང་རྒྱུད་རིང་བའི་རིགས།།
སྡུག་གི་ཁུར་བོ་སེམས་ལ་བཟུང་ཞོར་དུ།།
གངས་རིའི་རྩེ་ནས་རྟ་བདུན་དབང་པོ་ཡི།།
འོད་ཟེར་སྟོང་ལྡན་ཤར་ལ་སྒུགས་བཞིན་མཆིས།།
དང་པོ་་གྲོག་རོང་འགྲམ་ལ་སླེབས་པའི་ཚེ།།
གཡུ་འབྲུག་སྔོན་མོ་འཁྱིལ་བའི་སྒལ་ཚིགས་ནས།།
སྐྲ་ལོ་གཟེང་ཞིང་འདར་སིགས་བྱེད་པ་ཡི།།
ནམ་མཁའི་མཐོངས་ནས་རྦབ་ཆུས་རྦབ་རྡོ་སྙིལ།།
དེ་དུས་གླག་རྒོད་ཁྲ་མོའི་གཤོག་རྩལ་ངོམས།།
དེ་ནས་གཉའ་ལམ་སྒོ་སྲུང་མདུན་ལམ་ན།།
གཤིན་རྗེ་གཤེ་དམར་སྦྲུལ་གྱི་མགོ་ཅན་ཡོད།།
གདོང་དམར་སུ་ཞིག་ལམ་དུ་བགྲོད་མཐོང་ཚེ།།
སྦྲུལ་ཞགས་དམར་བོ་སྐེ་ལ་སྐོན་ནས་བསྡམས།།
དོན་མེད་བཙོན་ཁྲིམས་དྲན་མེད་རྒྱལ་བར་བཀོལ།།
སྲིན་པོའི་ཡུལ་ཡང་འདིའི་ལྷག་མེད་སྙམ་པས།།
ཉིན་མོ་ཡིབས་ལ་མཚན་མོ་དལ་གྱིས་བགྲོད།།
སྔོན་མའི་སྐྱེ་ཆེན་སྙིང་གི་རུས་པ་ཅན།།
གངས་ཅན་དཔའ་བོ་མི་ལ་རས་པ་ཡི།།
གནས་འདིར་ཤིང་ལོ་གྱོན་ནས་གཏུ་མོ་སོགས།།
སྐུ་ཚེ་གཅིག་ལ་སྒོམ་སྒྲུབ་མཛད་པའི་ཚེ།།
ལུས་རྟེན་གཅིག་ལ་སྒྲིབས་གཉིས་རྣམ་པར་སྤངས།།
སྐྱ་བོ་་ཐང་ན་ར་ལུག་ཁལ་མ་ཅན།།
གྲོང་སྡེ་ཐ་ཐོར་ཡོད་པ་དིང་རི་ཟེར།།
དེ་ནས་ཉིན་ལམ་ཕྱེད་ཀྱི་ཐང་ཆེན་ན།།
ལོ་ངོ་བརྒྱ་ཕྲག་འགོར་བའི་མཆོད་རྟེན་ཡོད།།
དེ་ལ་རྒྱང་རྩེ་དཔལ་མགོན་མཆོད་རྟེན་ཟེར།།
ཕལ་ཆེར་འདོམས་ཚད་སྟོང་གི་གྲོང་ཁྱེར་ན།།
གངས་རིའི་སྐར་ཚོགས་འོད་སྣང་སྦྱིན་པའི་ཡུལ།།
འོད་དཔག་མེད་ཀྱི་ཞིང་ཁམས་འཕོས་པ་བཞིན།།
བལྟ་བའི་མི་ངོམས་བསོད་ནམས་བསགས་པའི་ཞིང་།།
མཁས་གྲུབ་འབྱུང་ནས་བཀྲ་ཤིས་ལྷུན་པོ་ཡོད།།
དེ་ཡང་རྒྱལ་མཆོག་དགེ་འདུན་གྲུབ་ཀྱིས་བཞེངས།།
སྲིན་པོ་གདོང་རྨེས་བཏང་བའི་སྲིན་དམག་གིས།།
གཏོར་བའི་གངས་ལྗོངས་གྲུ་འཛིན་གཉིས་བའི་ཤུལ།།
རྒྱབ་རིའི་ངོས་ན་མི་བརྗེད་མཁར་ཤུལ་ཡོད།།
ཤར་གྱི་མཆོད་ཁང་བཀྲ་ཤིས་རྣམ་རྒྱལ་དུ།།
ཁ་བ་ཅན་གྱིས་དགུང་གི་ཟླ་བ་ཞེས།།
འབོད་པའི་སྐྱེ་ཆེན་དཔའ་བོའི་སྐུ་གདུང་ཡོད།།
གངས་རིའི་སྐྱིད་སྡུག་སླད་དུ་སྐྱེ་ཆེན་འདིས།།
རང་ཉིད་གཅིག་བུས་སྡུག་བསྔལ་ལེན་འདོད་ཀྱིས།།
སྙིང་གི་རུས་པས་བྲིས་བའི་ཡིག་འབྲི་ལ།།
སྲིན་པོ་ཁྲོས་སྟེ་མུན་པའི་བཙོན་ཁང་དུ།།
ལོ་དགུ་བཅུགས་ཀྱང་ཞུམ་མེད་སྙིང་སྟོབས་རྒྱས།།
གཡུ་ལོ་བཀོད་པའི་ཞིང་གི་དགའ་ཚལ་ནས།།
སྒྲོལ་ལྗང་དཔལ་མོའི་བདུད་རྩིའི་རྒྱུན་བབས་པའི།།
སྔོ་ཞིང་དྭངས་བའི་ཡར་འབྲོག་གཡུ་མཚོ་ཡོད།།
ཅུང་ཟད་བསྐྱོད་དང་ཆོས་ཀྱི་ཞིང་ཁམས་ཞེས།།
གྲུ་འཛིན་དམར་བོའི་ཕོ་བྲང་བརྗིད་ཉམས་ཅན།།
མཐོང་མ་ཐག་ཏུ་ཡིད་ལ་དཔའ་ངར་རྒྱས།།
འདོམས་ཚད་བརྒྱ་ཕྲག་མཚམས་ན་ལྷ་ཁང་ཞིག།
དེ་ལ་གཙུག་ལག་ཁང་དང་ཇོ་ཁང་འབོད།།
ཐུབ་པའི་དབང་པོའི་སྐུ་བརྙན་བྱིན་ཅན་ཡོད།།
གཤིས་བཟང་མི་རིགས་ཞིག་གི་མཆོད་གནས་ཡིན།།
འདི་གཉིས་སྲོང་བཙན་སྒམ་པོས་བཞེངས་བར་བཞེད།།
བཅོམ་ལྡན་འདས་ཀྱིས་ལུང་གིས་ཟིན་པའི་གནས།།
རི་བོ་དགེ་ལུགས་བསྟན་པའི་འབྱུང་གནས་མཆོག།
འབྱུང་བཞིས་མ་འཇིག་བཙན་གྱིས་གཏོར་བ་ཡང་།།
གཞན་གྱིས་མ་བརྗོད་མིག་ལ་སྣང་བའི་ཡུལ།།
བརྩིགས་ཆག་མང་པོས་སེམས་སུ་རི་མོ་འབྲི།།
གངས་རིའི་ལྗོངས་ཀྱི་སྣོད་བཅུད་ཆག་འཇིག་ལ།།
ཞིབ་ཏུ་བརྗོད་ཚེ་མི་ཚེ་གཅིག་ལ་ཅི་ལྟར་རྫོགས།།
རིག་པའི་འབྱུང་གནས་སེ་འབྲས་དགེ་གསུམ་འདི།།
སྐུ་གསུམ་གཅིག་བསྡུས་ཙོང་ཁ་ཆེན་པོ་དང་།།
མཁས་གྲུབ་གཉིས་ལྡན་དངོས་སློབ་རྣམས་ཀྱིས་བཞེངས།།
འདི་ནས་ངལ་གསོའི་ཚབ་ལ་མཆོད་བཀུར་བྱས།།
དེ་ནས་ལེ་དབར་ལྔ་བརྒྱའི་ཤར་ཕྱོགས་སུ།།
བཙན་པོའི་གདུང་སྲས་ཙོང་ཁའི་རྒྱལ་བོ་ཡི།།
ཕོ་བྲང་མཁར་ཤུལ་ཟི་ལིང་གྲོང་ཁྱེར་ཡོད།།
གྲོང་ཁྱེར་དེར་ན་ལྷས་སྦྱིན་མཚོན་པོ་དང་།།
སྲིན་པོ་དམར་བོའི་བུ་ཕྲུག་མཐོང་བའི་ཚེ།།
ཁ་བའི་ལྗོངས་ཞིག་མིན་པར་སྣང་མོད་ཀྱང་།།
མདོ་ལས་ལུང་བསྟན་བློ་བཟང་མཚན་ཅན་དང་།།
གངས་རིའི་ཡུལ་གྱི་ཉི་ཟླ་རྣམ་གཉིས་འཁྲུངས།།
མདོ་ཁམས་གཡར་མོ་ཐང་གི་མཚོ་ཆེན་ན།།
སྨུག་པོ་གདུང་ལ་འཁྲུངས་བའི་བུ་མོ་ཞིག།
ཤེས་རབ་འདབ་མ་བཞད་པའི་ཟེའུ་འབྲུ་ལ།།
སྤྱད་པའི་མི་ངོམས་ཡང་ཡང་རོལ་འདོད་ཀྱིས།།
ལུས་པོ་ངལ་ཡང་མི་ཚོར་སྙིང་སྟོབས་ཡོད།།
དེ་ལ་ཡོ་རབ་གླིང་གི་འཁྱམས་པོ་ཡིས།།
མི་མཐོང་སེམས་ཀྱི་ཚོར་བ་གཟུགས་མཆིས་ཚེ།།
མཚོ་ཆེན་སྔོན་མོའི་ནང་དུ་ཤོང་དཀའ་ཡང་།།
ལས་ཀྱིས་བསགས་པའི་སེམས་ཀྱི་རྣམ་སྨིན་འདི།།
མི་འདོད་ན་ཡང་རང་དབང་ཅི་ཞིག་ཞེས།།
མགྲིན་པ་བརྣངས་ཞོར་ང་ལ་བསྐུར་སོང་བརྗོད།།
སྐྱེས་དུས་ལྟེ་ཁྲག་འཕོ་སའི་གངས་རིའི་ལྗོངས།།
མི་འདོད་ལས་ཀྱིས་བསྐྱུར་ནས་འཁྱམས་ན་ཡང་།།
རྒས་དུས་རུས་པ་འཐོར་ས་བྱེད་འདོད་ཀྱིས།།
དྲན་པའི་མཆི་མས་བསྐྱིལ་བའི་མཚོ་ཆུང་ཞིག།
ཡ་ཆུང་སེམས་ཀྱིས་མི་ཐེག་ཤོར་ལ་ཉེ།།
ཞེས་བའི་སྐྱོ་གཏམ་སྙིང་གི་བུ་མོར་བརྗོད།།

རྩོམ་རིག

Post navigation

Previous Post: ས་མཐའི་མི་རྐྱང་གི་སྐྱོ་གར།
Next Post: བརྩེ་བའི་ཕ་མ་ལགས།

Comments (19) on “དཔྱིད་ཀྱི་ཕོ་ཉ།”

  1. རོགས་གཅེས says:
    2013-03-23 at 7:11 am

    སྙན་གི

  2. lhamotsering says:
    2013-03-23 at 9:05 am

    ཡག་པོ་ཞིག་བྲིས་འདུག རེ་བ་ལ་ཁ་སང་སྔོན་མའི་དངོས་སྒྲུང་དེའི་མཇུག་གང་མགྱོགས་ཀྱིས་ཕུད་པའི་རེ་བ་ཆེ།

  3. རིན་ཆེན says:
    2013-03-23 at 9:58 am

    དར་རྩེ་མདོ་ཡི་ཡན་འདབ་དང་།།
    རྒྱ་མོ་རྔུལ་ཆུའི་འཁྱོགས་མཚམས་སུ།།
    བདེན་པའི་རྔ་སྒྲ་རྡུང་བའི་དཔའ་བོ་ཚོས།།
    སྙིང་གི་དབྱུག་པས་རྔ་བོ་ཡང་ཡང་རྡུང་།།
    ཞུམ་མེད་མེ་ལྕེ་དགུང་ལ་འཕྱུར་ཤུལ་དུ།།
    ལུས་པའི་ཕ་མ་དྭ་ཕྲུག་མང་པོ་ལ།།
    མ་སྐྱོ་མ་ངུ་གངས་རིའི་མགོན་པོ་ཡིས།།
    ཐུགས་རྗེ་ལྕགས་ཀྱུས་བཟུང་ཡོད་གསུང་།།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-23 at 11:11 am

    གངས་ཅན་བོད་ཀྱི་སྙན་དངས་པ།
    ནམ་མཁའ་བློ་གྲོས་ཉི་འོད་ལས།
    རྒྱང་རྩེ་མཆོད་རྟེན་གསལ་བ་ན།
    ཕྱག་ན་པདྨོ་གཞོན་མཇལ་དྲན།།

  5. འདྲེ་རྐང་ཐོ། says:
    2013-03-23 at 11:46 am

    སྙན་པོ་བྱུང་།

  6. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-23 at 9:58 pm

    གོང་གསལ་གྱི་ཚིགས་དེ་ལ་འགྲེལ་བཤད་ཅིག ༡༩༥༡རྣམ་འདྲེན་བླ་མ་མཆོག་གྲོ་མོས་ནས། དབུས་འབྱོན་དུས། དབྱར་ཀ་གདན་ས་ཆེན་པོ་བཀྲ་ཤིས་ལྷུན་པོའི་ལྷུན་པོ་ནས། གྲྭ་པ་མང་པོ་རྗེ་བཙུན་བླ་མ་གཞོན་ནུ་མཇལ་བར་བསྐྱོད། བདག་ཅག་ལ་དྭགས་པ་བཞི་ཡང་དེར་སླེབས། བདག་ཅག་གིས་དཔལ་འཁོར་མཆོད་རྟེན་གྱི་བང་རིམ་ན་རྗེ་བཙུན་བླ་མས་མཆོད་རྟེན་གྱི་གནས་གཟིགས་མཛད་བཞིན་པ་མཇལ། དེ་ནས་སྤྱན་རས་གཟིགས་ཐུགས་རྗེ་ཆེན་པོའི་དབང་དང་མངས་ཀྱི་མཇལ་ཀ་ཞུས། གཞུང་ནས་བཀྲ་ཤིས་ལྷུན་པོ་ནས་ཕེབས་པའི་དགེ་འདུན་ལ་མང་ཇ་བཞེས་ཐུག་བསྙེན་བཀུར་ཐོག་གྲྭ་པ་རེར་དངུལ་སྲང་ཉེར་ལྔའི་འགྱེད་སྩལ་པ་བཅས་དྲན་ནོ།།

  7. མེ་ཏོག་དཀར་པོ says:
    2013-03-23 at 10:57 pm

    གྲོ་མོ་རེད། གྲོ་མོས་མ་རེད།

  8. ཀརྡོ་གཉེར་ཕྱག་པ་ says:
    2013-03-24 at 5:23 am

    དཔྱིད་ཀྱི་ཕོ་ཉས་དཔྱིད་དཔལ་མ་ངོམ་པར། །
    དབྱར་གྱི་ཆར་ཤུགས་འོག་ལ་འབང་པ་དང་། །
    སྟོན་ཀའི་འབྲས་ཟད་ལོ་སེར་ལྟ་དགོས་པ། །
    དགུན་གྱི་འཁྱག་རོམ་གྲང་ངར་མྱང་སྟངས་འདིས། །
    ཕོ་ཉ་ཕལ་པ་ཞིག་ནི་མིན་པ་འདྲ། །

  9. བན་དེ་བ། says:
    2013-03-24 at 5:27 am

    རྒན་ཀརྡོ་བའི་སྙན་རྩོམ་དེ་ཅིག་སྙན་པ་ལ་སྙན་ཚོད་མ་བྱུང།

  10. རིན་ཆེན says:
    2013-03-24 at 6:02 am

    ཕོ་ཉ་ཕལ་བ་ཞིག་ནི་མིན་པ་ཐག་གིས་ཆོད།།
    གངས་ལྗོངས་སྣོད་བཅུད་ཆག་འཇིག་བལྟ་ཞོར་དུ།།
    གངས་རིའི་ལོ་རྒྱུས་མདོར་བསྡུས་བཤད་ནས་སོང་།།
    དཔྱིད་དཔལ་བཙལ་བའི་ཕོ་ཉ་མིན་པ་ཤེས།།
    གངས་རིས་ལྗོངས་སུ་ད་རུང་སྐྱ་ཆད་སྔོ་སྡུག་ཡིན།།

  11. ནམ་མཁའ says:
    2013-03-24 at 9:25 am

    རྒན་འཇམ་དཔལ་སོགས་དྲ་གྲོགས་ཚོ་ཕེབས་པ་དགའ་བསུ་ཞུ། རྒན་འཇམ་དཔལ་ལགས།གྲོ་མོ་དགེ་བཤེས་སམ་གྲོ་མོ་རིན་པོ་ཟེར་བ་དེ་ཨེ་རེད།སྔོན་མ་བོད་ན་ཡོད་དུས་དེའི་ལོ་རྒྱུས་ཐུང་ངུ་ཐོས་མྱོང་ཡོད་པས་དྲི་བ་དྲིས་པ་ཡིན་ལགས།

  12. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-24 at 11:12 am

    ནམ་མཁའ་ལེགས། གྲོ་མོ་དགེ་བཞེས་སྐུ་གོང་མ་དེ་བཀྲ་ཤིས་ལྷུན་པོ་ནས་ཕེབས་ཏེ། གྲོ་མོར་གྲུབ་པ་བརྙེས་པས་དད་ལྡན་རྣམས་ཀྱིས་གྲོ་མོ་དགེ་བཤེས་ཞུ། ཁོང་གིས་བཟོས་པའི་རིན་ཆེན་རིལ་བུ་རྩ་ཆེན་པོ་བྱེད་པ་ཐོས། དེའི་ཡང་སྲིད་འབྲས་ལྗོངས་སུ་འཁྲུངས་པ། དབུས་གདན་ས་སེ་ར་ཐེག་ཆེན་གླིང་དུ་བཞུགས་སམ་སྙམ། དེ་ནས་ཨ་རི་རུ་ཕེབས་པ་ན། ཨ་རིའི་འབྱོར་ལྡན་ཞིག་གི་ཁང་པ་བཅས་ས་གཞི་རྒྱ་ཆེ་བ་ཞིག་ཕུལ་ཡོད་པ་ཐོས། དེའི་སྔོན་དུ་བདག་གིས་ལན་གཅིག་ལོ་སུམ་ཅུ་སོ་གྲངས་སྔོན་དུ་མཇལ། དེ་ནས་སྐུ་གཤེགས་པའི་སྐུ་སྐྱེས་སྤྲུལ་སྐུ་དེ་ག་ན་ཡོད་མི་ཤེས་ཀྱང་། གྲོ་མོའི་དག་ཆ་ལེགས་པར་ཞུས་དག་མཛད་པ་པོ་མེ་ཏོག་དཀར་པོ་མཆོག་ལ་བཀའ་དྲིན་ལེགས་གསོལ་ཞུ་བར་མཇལ་བར་སྨོན་ནོ། །

  13. བན་དེ་བ། says:
    2013-03-24 at 11:26 am

    གྲོ་མོ་དགེ་བཤེས་ནི་ཕ་འོང་ཁ་བའི་སློབ་མ་ཡིན་པར་མ་ཟད། གྲོ་མོར་ཡོད་པའི་བོན་པོ་དང་རྙིང་མ་བ་རྣམས་དགེ་ལུགས་སུ་བསྒྱུར་ཅིང། རྒྱ་མོ་དངུལ་ཆུའི་རྒྱུད་དང་ཁྱུང་པོ་སོགས་སུ་བོན་རྙིང་གཉིས་དགེ་ལུགས་སུ་བསྒྱུར་མཁན་གཙོ་བོ་རེད། གྲུབ་པ་བརྙེས་མིན་མི་ཤེས། དེང་སང་རྙིང་མ་བ་རྣམས་ཀྱིས་དེ་ཚོའི་ལོ་རྒྱུས་གོ་ཚོད་མིན་འདུག གྷུ་རུའི་སྐུ་འདྲ་སྐས་ཀྱི་ཐེམ་སྐས་ཀྱི་འོག་ཏུ་བཅུག་པ་རེད་ཟེར་བདེན་མིན་མི་ཤེས།

  14. ནམ་མཁའ says:
    2013-03-24 at 11:37 am

    རྒན་འཇམ་དཔལ་ལགས་ཐུགས་རྗེ་ཆེ།ཞལ་ལན་གནང་བ་།ཕྲན་ཆུང་དུས་བོད་ནང་ཐོས་པ་ཡང་དེ་ལྟར་རེད།རིན་ཆེན་རིལ་བུ་བཟོས་པ་དེ་འདྲ་དང་བརྒྱུད་ཐོས་པ་ཡིན།དེ་ནི་བདེན་པ་ཡིན་པ་འདྲ་བས་རྒན་མཆོག་ལ་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།གང་ལྟར་རྒྱུན་རིང་ཞིག་ལ་དྲ་ཐོག་ནས་མཇལ་མ་སོང་བས་ད་ཐེངས་མཇལ་བས་དགའ་བ་རབ་ཏུ་འཕེལ།

  15. མེ་ཏོག་དཀར་པོ says:
    2013-03-24 at 12:12 pm

    གྲོ་མོ་དགེ་བཤེས་ཤུགས་ལྡན་བསྟེན་མཁན་ཨང་ཀི་དང་པོ་རེད། ༡༩༥༩ སྔོན་གྲོ་མོ་དུང་དཀར་དགོན་དུ་༧གོང་ས་མཆོག་གིས་ཀྱང་ཤུགས་ལྡན་ནས་ལུང་ལེན། དེའི་ཡང་སྲིད་འབྲས་ལྗོངས་སུ་སྐྱེས་པ་དེ་༧གོང་ས་མཆོག་ལ་བཅར་དུས་ཤུགས་ལྡན་སྐོར་ནས་བཀའ་སློབ་སྩལ་པ་མན་ཇུ་ཊི་ལའི་སྲང་ལམ་གྱི་བརྙན་འཁོར་ཚོང་ཁང་བསྟན་གི་འདུག གུ་རུའི་སྐུ་ས་འོག་ལ་སྦས་པའི་སྐད་ཆ་ཅང་མ་ཐོས།

  16. མྱི་དཀར says:
    2013-03-25 at 2:56 am

    གྲོ་མོ་དགེ་བཤེས་ཀྱིས་བོན་རྙིང་གཉིས་ལ་སྡུག་པོ་བཏང་རབས་བཤད་ན་དམར་སྲུང་དམག་དེ་ཚོ་ཨོའོ་ཙམ་རེད།

  17. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-03-25 at 9:07 am

    ང་ནི་ཁུ་ནུ་བླ་མ་མཆོག་དང་རྒྱ་གར་གྱི་སློབ་དཔོན་འགའི་རྗེས་སུ་འབྲངས་ནས་ཆོས་ལུགས་ཡོངས་ལ་དག་སྣང་སྦྱོང་བ་ལ་འབད། འདིར་རྙིང་མ་པ་འཆི་མེད་རིག་འཛིན་རིན་པོ་ཆེས་ཝཱ་ཎ་བོད་ཀྱི་མཐོ་རིམ་སློབ་གྲྭར་བཤད་པ་བྱས་པ་དངོས་སུ་ཐོས་པ་ཞིག་དགོད་པར་བྱ་སྟེ། “ཁོ་བོ་བོད་དུ་ཕ་བོང་ཁ་རིན་པོ་ཆེ་མཇལ་དུ་སླེབས། གཟིམ་ཆུང་གི་མཆོད་གཤམས་ན་གུ་རུ་རིན་པོ་ཆེ་པདྨ་འབྱུང་གནས་ཀྱང་བཞུགས་ཡོད་པ་དངོས་སུ་མཇལ།”ཞེས་བཤད་སོང་། འདི་ལྟར་བཤད་པ་ལ་དགོས་པ་ཞིག་ཡོད་པར་བསམས་སོ།།

  18. དྲི་མེད་ལྷག་བསམ། says:
    2013-03-25 at 11:27 am

    བན་དེ་པ་ལེགས། བཀའ་འདྲི་ཞུ་རྒྱུ། བོན་པོའི་རྟོགས་ལྡན་ཚུལ་ཁྲིམས་རྣམ་དག་གིས་མཛད་པའི་དམུ་རིའི་དཀར་ཆག་གི་ཕྱག་དཔེ་བཞུགས་ཡོད་མེད་དང་། དམུ་གཤེན་གདུང་རབས་སྐོར་གྱི་ཕྱག་དཔེ་ཞལ་གསལ་བཞུགས་སམ། གཏེར་སྟོན་གུ་རུ་རྣོན་རྩེ་དང་། ཨ་ཡ་བོན་པོ་ལྷ་འབུམ་གཉིས་ལ་བོན་ལུགས་སུ་ལོ་རྒྱུས་རྒྱས་པ་བཞུགས་སམ། དབོན་གསེས་ཁྱུང་ཐོགས་དང་རིག་འཛིན་རྒོད་ལྡེམ་གང་ཟག་གཅིག་ཡིན་པའི་ཁུངས་བོན་ལ་བཞུགས་སམ།

  19. བན་དེ་བ། says:
    2013-03-25 at 12:21 pm

    དྲི་མེད་ལགས་ད་ལྟ་དེ་ཙམ་དུས་ཚོད་རང་མི་འདུག་སྟེ་བཀའ་ལན་ཕུལ་ཆོག
    དཔོན་གསས་ཁྱུང་རྒོད་རྩལ་ནི་བོན་པོ་ཡིན་ཅིང་་་་ཁོང་ཕྱི་ལོ་་༡༡༨༥ལོར་འཁྲུངས། ཾོང་གི་མཚན་འགྱུར་ལ་རིག་འཛིན་རྒོད་ལྡེམ་དང། རིག་འཛིན་རྒོད་ཀྱི་ལྡེམ་ཕྲུ། དབྱིལ་སྟོན་དཔོན་གསས་ཁྱུང་རྒོད་རྩལ། དཔོན་གསས་ཁྱུང་ཐོགས་རྩལ་ཞེས་པ་སོགས་མང། རྙིང་མ་བས་བོན་པོ་དྲག་རྩལ་དང། གསང་མཚན་དུ་རྡོར་རྗེ་འབར་ཞེས་བརྗོད། ཁོང་གིས་རྙིང་མའི་ཕུར་པ་ལས་སོགས་ཀྱི་ཆོས་སྐོར་དང་རུས་སྦལ་ནག་པོའི་སེར་སྲུང་སོགས་གཏེར་ནས་བཏོན་ཅིང། རྙིང་མའི་གཏེར་སྟོན་བརྒྱ་རྩའི་གྲལ་དུའང་ཀོང་སྤྲུལ་གྱིས་བཞག་ཡོད་འདུག

    གུ་རུ་རྣོན་རྩེ་ནི་ཕྱི་ལོ་་༡༡༣༦ ལོར་འཁྲུངས་ཤིང་ཁོང་གིས་གཙང་སྟོད་རྟ་ནག་དུང་ཕོར་ནས་མ་རྒྱུད་ཐུགས་རྗེ་ཉི་མའི་བོན་སྐོར་སོགས་གཏེར་ལས་དྲངས། རྙིང་མས་ཁོང་གི་མཚན་ལ་བོན་པོ་ལྷ་འབུམ་ཞེས་བརྗོད་ཅིང་་ཾཁོང་གིས་གཙང་རྟ་ནག་ནས་ཆོས་བོན་སྨན་རྩིས་སོགས་གཏེར་ལས་དྲངས་པར་བཤད་ཅིང་་གཏེར་སྟོན་བརྒྱ་རྩའི་གྲལ་དུ་ཀོང་སྤྲུལ་པས་བཞག་གནང་ཡོད། དེ་དག་གི་ལོ་རྒྱུས་བཞུགས་ཤིང་རྙིང་མ་པས་བཤད་པ་དང་བོན་པོས་བཤད་པ་གཉིས་མི་གཅིག་ཡིན་པ་བོན་གྱི་བསྟན་འབྱུང་དང་རྒ་རབས་ལོ་རྒྱུས་ཕལ་ཆེ་བ་ནས་གསལ་ཡོད། དམུ་གཤེན་གྱི་གདུང་རབས་ནི་་་སྤྲུལ་པའི་སྐུ་མཆོག་གཏེར་སྟོན་བརྒྱ་རྩའི་གཙོ་བོ་སྤྲལ་སྐུ་གཤེན་ཆེན་ཀླུ་དགའི་རྣམ་ཐར་དང་གཞན་ཡང་བོན་གྱི་བསྟན་འབྱུང་ལོ་རྒྱུས་ཕལ་མོ་ཆེ་ནས་གསལ་ཡོད་འདུག
    རྟོགས་ལྡན་ཚུལ་ཁྲིམས་རྣམ་དག་གིས་མཛད་པའི་དམུ་རིའི་དཀར་ཆག་ཟེར་བ་ཞིག་ཡོད་པ་དྲན་གྱི་མི་འདུག་་་སྤྱིར་དམུ་རི་སྨུག་པོ་ཟེར་བའི་རི་དེ་ཀོང་པོ་བོན་རིར་ཡོད་ཅིང་ཀོང་པོ་བོན་རིའི་དཀར་ཆག་སོགས་ཀྱི་ནང་དུ་དེ་ལྟར་ཡང་སེ་བཤད་ཀྱི་འདུག
    འོན་ཀྱང་ད་ལྟ་ངོས་རང་ཕྱི་ལོགས་ཤིག་ཏུ་ཡོད་པས་དཔེ་ཆའི་མཐུན་རྐྱེན་མེད་ཙང་ཁྱེད་ཀྱི་དྲི་བར་གསལ་ཁ་ཞིག་ཞུ་ཐུབ་མ་སོང་རྗེས་སུ་ནང་དུ་འབྱོར་མཚམས་དྲིས་ལན་ཁག་ལ་གསལ་ཁ་དགོས་ཚེ་ཞུ་ཆོག་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme