Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔལ་ལྡན་སྲིད་སྐྱོང་གཙོས་བཀའ་བློན་རྣམ་པར་བཀའ་དྲིན་ཆེ།

Posted on 2021-06-04 By ཁ་བརྡ 7 Comments on དཔལ་ལྡན་སྲིད་སྐྱོང་གཙོས་བཀའ་བློན་རྣམ་པར་བཀའ་དྲིན་ཆེ།

ཆབ་མདོ་ངག་ཕུན།

༄༅། ། དེ་རིང་ངས་བཤད་སྙིང་འདོད་པའི་མི་སྣ་ནི་བོད་མི་དམངས་ཀྱིས་མང་གཙོའི་ལམ་ནས་བདམས་ཐོན་གནང་བའི་བོད་ཀྱི་སྲིད་སྐྱོང་ཁོང་ཡིན་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ནང་དུ་མི་ལོ་བཅུའི་རིང་སྲིད་སྐྱོང་གི་ཐུགས་འགན་བཞེས་ནས་བོད་ཀྱི་གནད་དོན་ཐོག་ཏུ་སྐུ་ངལ་འཛེམས་མེད་ཀྱིས་སྐུ་ལས་སྐྱོན་གནང་མཁན་ཞིག་ཡིན། ཁོང་གིས་སྐུ་ལས་སྐྱོན་སྟངས་དེས་ངའི་སེམས་ཁམས་སུ་བདེ་བའི་ཚོར་བ་གསར་པ་ཞིག་སྦྱིན་བྱུང་། ཁོང་ནི་མི་ཚང་དཀྱུས་མ་ཞིག་ཏུ་སྐྱེས་ཤིང་འཚང་ལོངས་བྱུང་ཞིང་མི་ཚང་དཀྱུས་མའི་ཚོར་བ་སྐྱེལ་སྟངས་ལ་རྒྱུས་མངའ་ཡོད་མཁན་ཞིག་ཀྱང་ཡིན་པས། དཀའ་སྡུག་ཁག་ལ་གདོང་ལེན་གནང་ཐུབ་མཁན་ཞིག་ཡིན་ལ། དེང་རབས་ཀྱི་ཤེས་ཡོན་ཚང་ཞིང་འབུམ་རམས་པ་ཞིག་ཀྱང་ཡིན། དེ་བཞིན་བོད་རིགས་དཀྱུས་མས་རྒྱལ་བ་རིན་པོ་ཆེ་དང་བོད་མི་རིགས་ལ་གདུང་ཞེན་ག་འདྲ་ཞིག་ཡོད་པ་ཁོང་གིས་གསུང་བཤད་ཁག་ལས་ང་ཚོའི་རོབ་ཙམ་ཞིག་རྟོགས་ཐུབ། ཁོང་ནི་བོད་ཀྱི་མི་ཚང་དཀྱུས་མའི་བུ་ཞིག་སྲིད་སྐྱོང་དུ་ལངས་ནས་མི་དམངས་ཀྱིས་བདམས་ཐོན་བྱུང་བའི་བོད་ཀྱི་སྲིད་སྐྱོང་ཐོག་མ་དེ་ཡིན།

ང་ཚོ་སྤྱི་ཚོགས་ནང་དུ་འགྲོ་གྲོན་བཏང་ནས་ནུབ་ཕྱོགས་སུ་དཔལ་འབྱོར་དོན་དུ་བསྐྱོད་ཐབས་སུ་ནུས་ཤུགས་ཡོད་ཚད་སྟོན་བཞིན་པའི་སྐབས་དེར།  ཁོང་དེ་ལས་ལྡོག་སྟེ་རང་ཉིད་ཀྱི་ཁེ་ཕན་ཡོངས་རྫོགས་བློས་བཏང་གིས་ཕྱིར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་སུ་ཕེབས་གནང་མཛད་ནས་བོད་ཀྱི་ཆབ་སྲིད་ཀྱི་ཐུགས་འགན་བཞེས་ནས་ལས་དོན་གནང་བ་དེར་དངོས་གནས་དགའ་འོས་པ་ཞིག་དང་། མི་རབས་གཞོན་པ་ཚོས་མིག་དཔེ་བལྟ་འོས་པ་རེད་སྙམ། བོད་ཀྱི་ལོ་རྒྱུས་ཀྱོག་མཚམས་ཀྱི་སྐབས་དེར་རང་ཉིད་ཀྱི་ནུས་ཤུགས་ཡོད་ཚད་གཅིག་ཏུ་སྤུངས་ནས་བཀའ་ཤག་ལྷན་རྒྱས་ཀྱི་ཕྱག་ལས་གང་ལེགས་གནང་སོང་བ་དེར་ངས་སྙིང་དབུས་ནས་དཔལ་ལྡན་སྲིད་སྐྱོང་གཙོས་བཀའ་བློན་ལྷན་རྒྱས་ལ་བཀའ་དྲིན་ཆེ་ཞུ་འདོད་བྱུང་།

དེ་ཡང་བོད་མི་རིགས་ནི་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཤེས་རིག་ཕུན་སུམ་ཚོགས་པའི་མི་རིགས་ཤིག་ཡིན་ནའང་ཆབ་སྲིད་འཕོ་འགྱུར་དང་བསྟུན་ཏེ་བཅོས་བསྒྱུར་མ་ཐུབ་པ་ནི་གང་ཟག་གི་མ་བྱུང་བ་མ་གཏོགས་ཆོས་དང་རིག་གཞུང་ལ་ལེ་ཁག་དཀྲིས་ས་ཞིག་གཏན་ནས་མེད། བོད་ཀྱི་ཆབ་སྲིད་འཕོ་འགྱུར་སྣ་ཚོགས་ཤིག་བྱུང་ཡོད་ནའང་བོད་ཀྱི་ཆབ་སྲིད་ཟམ་མ་ཆད་པར་རིམ་བརྒྱུད་གནས་ཐུབ་པ་བྱུང་ཡོད།

 ལྷག་པར་ཕྱི་ལོ་ ༡༩༤༩ ལོར་ཤར་ཕྱོགས་རྒྱ་དམར་གུང་ཁྲན་ཏང་གིས་འཇམ་རྩུབ་ཐོག་ཏུ་བོད་ལ་དྲག་པོས་བཙན་འཛུལ་བྱས་ཤིང་། སྐབས་དེར་རང་གཞུང་གི་ངོས་ནས་འབངས་མི་སེར་ལ་བརྡབ་གསིིག་མི་འབྱུང་བའི་ཆེད་དམིགས་ཀྱིས་ཞི་འགྲིམས་ཡོང་ཐབས་གནང་རུང་རྒྱ་ཕྱོགས་ནས་དེ་ལས་ལྡོག་སྟེ་ཁ་བདེན་ཚིག་ལ་མ་གནས་པར་བརྟེན། མཐར་རྒྱལ་བ་རིན་པོ་ཆེས་གཙོས་སྐུ་འཁོར་ཧྲག་བསྡུས་ཤིག་བོད་མི་རིགས་དང་། ཡང་སྒོས་སངས་རྒྱས་ཀྱི་བསྟན་པའི་དོན་དུ་བཙན་བྱོལ་དུ་ཕེབས་དགོས་བྱུང་།

མི་ཡུལ་དུ་ས་ཆ་ལག་མཐིལ་ཙམ་ཡང་མེད་རུང་། རེ་བ་བཟང་ས་དང་། གྲ་སྒྲིག་སྡུག་སར་གནང་བའི་སྐུ་དྲིན་ལས་དེང་སྐབས་མི་ཡུལ་ལུང་པར་བཙན་བྱོལ་བོད་མིའི་སྒྲིག་འཛུགས་བཙུགས་ཏེ་ཆབ་དཔལ་རིག་གསུམ་རྒྱུན་ཁྱོང་གནས་ཐུབ་པ་བྱུང་བ་དང་། བོད་མི་རིགས་ཀྱི་ཆབ་དཔལ་རིག་གསུམ་མ་ཡལ་བར་གསོན་པོ་གནས་ཐུབ་བྱུང་བ་དེ་དག་ནི་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་དྲིན་ཁོ་ནར་ཡིན་པ་ནི་འབྲེལ་བརྗོད་ག་ལ་དགོས།

༸རྒྱལ་བ་རིན་པོ་ཆེའི་ཐུགས་དགོངས་བླ་མེད་དུ་བཞེས་ནས་བོད་ཀྱི་ཆབ་དཔལ་རིག་གསུམ་འཛིན་སྐྱོང་གནང་སྟངས་དེང་རབས་ཀྱི་འགྲོ་ལུགས་དང་མཐུན་པའི་མང་གཙོའི་ལམ་བཟང་ཐོག་ཏུ་བསྐྱོད་རྒྱུར་དགོངས་པ་རླབས་ཆེན་བཞེས་པ་དང་བསྟུན་། ཕྱི་ལོ་ ༡༩༦༠ ལོའི་ཟླ་ ༩ ཚེས་ ༢ ཐོག་མར་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གསར་འཛུགས་མཛད་ཅིང་། ད་བར་དུ་ཚགས་ཚུད་གོང་འཕེལ་དུ་འགྲོ་དང་འགྲོ་བཞིན་ཡོད་པ་རེད།

༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་དོན་ལྟར་ཕྱི་ལོ་ ༢༠༠༡ ལོར་མི་མང་གིས་འོས་འདེམས་གནང་བའི་བཀའ་ཁྲི་དང་པོ་བདམས་ཐོན་གནང་བ་དང་། དེ་ནས་ཕྱི་ལོ་ ༢༠༡༡ ལོ་ནས་བཟུང་༸རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མང་གཙོའི་ལམ་ནས་མི་དམངས་ཀྱིས་འོས་འདེམས་བྱས་པའི་དབུ་ཁྲིད་ལ་རྩིས་སྤྲད་གནང་ཞིང་། སྐབས་དེར་བོད་ཕྱི་ནང་ནས་བསམ་བློ་པ་མང་པོ་ཞིག་གིས་སེམས་ནང་དུ་བོད་ཀྱི་ཆབ་སྲིད་རྒྱལ་བ་རིན་པོ་ཆེའི་ཐུགས་འགན་མ་བཞེས་པ་ཡིན་ན་མ་འོངས་པར་གང་འདྲ་ཡོང་ན་སྙམ་པ་བློ་འཚབ་སྐྱེས་ཡོད་ལ། དེ་བཞིན་སྲིད་སྐྱོང་མཆོག་གི་དེ་སྔོན་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་ཁག་ཏུ་ཞབས་འཕྱི་ཞུ་མྱོང་མེད་པས་འཛིན་སྐྱོང་ཚགས་ཚུད་ཡོང་གི་མ་རེད་སྙམ་པའི་མཐོ་རིམ་མི་སྣ་ནང་དུ་བསམ་ཚུལ་དང་དངོས་སུ་བཤད་མཁན་ཡང་བྱུང་ཡོད། ཡིན་ནའང་དཔལ་ལྡན་སྲིད་སྐྱོང་མཆོག་གིས་བོད་ཀྱི་ཆབ་སྲིད་ཐུགས་འགན་བཞེས་པ་ནས་བཟུང་སྟེ་རང་ནུས་ཡོད་ཚད་ཀྱིས་ནུས་ཤུགས་གཅིག་ཏུ་བསྒྲིམ་ནས་ལས་དོན་གནང་བའི་དྲིན་ལས་མི་སྣ་དེ་དག་དང་མི་དམངས་ཀྱི་ཁྲོད་དུ་བློ་དོགས་ཡོངས་སུ་སེལ་ཡོད།

མ་ཟད་སྲིད་སྐྱོང་དབུ་ཁྲིད་པའི་བཀའ་བློན་རྣམ་པས་འབད་བརྩོན་གནང་བའི་འགྲུབ་འབྲས་ལས་ཨ་རི་ནས་རོགས་དངུལ་མུ་མཐུད་དེ་གནང་རྒྱུའི་གྲོས་ཆོད་འཇོག་ཐུབ་པ་བྱུང་ཞིང་། གནད་དོན་དེ་ཡང་གལ་ཆེ་ཞིག་རེད། རྒྱུ་མཚན་ནི་དཔལ་འབྱོར་གྱི་མཐུན་འགྱུར་མེད་ཚེ་ལས་དོན་གང་ཡང་བྱེད་མི་ཐུབ་པ་ནི་དངོས་ཡོད་གནས་ཚུལ་ཡིན་པས། འགྲུབ་འབྲས་རླབས་ཆེན་ཞིག་ཏུ་ངོས་འཛིན་གནང་མི་ཆོག་པ་གང་ཡང་མེད། དེ་བཞིན་ཨ་རིའི་བོད་དོན་རྒྱབ་སྐྱོར་ཁྲིམས་འཆར་ཨ་རིའི་གྲོས་ཚོགས་ནང་གཏན་འབེབ་ཐུབ་པ་བྱུང་བ་རེད་ལ། རྒྱལ་སྤྱིའི་ཐོག་ཏུ་བོད་དོན་རྒྱབ་སྐྱོར་ཉམས་མེད་སྔ་བཞིན་གནས་ཐུབ་པ་བྱུང་བ་ནི་དགའ་འོས་པ་ཞིག་ཀྱང་རེད་སྙམ

ལྷག་དོན་བོད་དོན་གྱི་དྲིལ་བསྒྲགས་འཛམ་གླིང་གི་བརྙན་འཕྲིན་སྐད་གྲགས་ཅན་གྱི་བརྒྱུད་ལམ་ཁག་ཏུ་བོད་ཀྱི་སྲིད་སྐྱོང་གདན་འདྲེན་ཞུས་ཤིང་བོད་དོན་བགྲོ་གླེང་གནང་བ་སོགས་བོད་དོན་དྲིལ་བསྒྲགས་གནང་ཐུབ་པ་བྱུང་བ་དེ་དག་ནི་དགའ་འོས་པའི་གཏམ་བཟང་གི་གནས་སྟངས་ཤིག་ཀྱང་ལོས་ཡིན་སྙམ། དེ་སྔོན་བྱུང་མྱོང་མེད་པའི་རྒྱ་གར་གྱི་བརྙན་འཕྲིན་ཆེ་ཁག་ཏུའང་བོད་ཀྱི་སྲིད་སྐྱོང་ལ་སོགས་གནད་ཡོད་མི་སྣ་གདན་འདྲེན་གནང་སྟེ་བོད་དོན་སྐོར་ལ་བགྲོ་གླེང་ཤུགས་ཆེ་གནང་ཐུབ་པ་དེ་དག་ནི་དགའ་འོས་པའི་གཏམ་བཟང་ཞིག་ཀྱང་རེད་སྙམ།

ལྷག་དོན་བོད་མི་རིགས་ཀྱི་མ་འོངས་ཆབ་དཔལ་རིག་གསུམ་འཛིན་སྐྱོང་སྤེལ་གསུམ་གནང་མཁན་དེ་ན་གཞོན་རྣམས་ཡིན་པ་སོང་བོད་ཕྲུག་རྣམས་ཀྱི་ཤེས་ཡོན་གོང་ཐོར་ཡོང་ཆེད་རོགས་དངུལ་ཐབས་འཚོལ་གང་ལེགས་གནང་བ་དང་། དེ་བཞིན་སློབ་ཕྲུག་རྣམས་ཤེས་ཡོན་ཐོག་ཏུ་དོ་སྣང་དང་སེམས་ཤུགས་འཕར་ཆེད་སྲིད་སྐྱོང་གི་སློབ་ཡོན་གསར་བཏོད་མཛད་པ་སོགས་ཤེས་ཡོན་གོང་འཕེལ་ཡོང་དམིགས་ལས་འགུལ་སྤེལ་གནང་སོང་ཞིང་། དེ་བཞིན་བཀའ་ཤག་གོང་མ་ནས་འབད་བརྩོན་གནང་བས་དབུས་བོད་སློབ་འཛིན་ཚོགས་ཀྱི་ཁྱབ་ཁོངས་སུ་ཡོད་པའི་སློབ་གྲྭ་ཁག་ཀྱང་རྩིས་ལེན་ཐུབ་པ་བྱུང་ཡོད།

དེ་བཞིན་བོད་ཀྱི་བདེན་མཐའ་མ་གསལ་བར་དུ་རྒྱ་གར་འཕགས་པ་ཡུལ་པར་གནས་དགོས་པ་ཞིག་ཡིན་དུས། ལས་ཁུངས་ཁག་ཀྱང་གཞིག་གསོ་གནང་རྒྱུ་དེ་དག་གལ་ཆེར་དགོངས་ནས་གངས་ཅན་སྐྱིད་གཤོངས་ཀྱི་སྒོ་ཆེན་ཡན་ཆད་བསྐྱར་གསོ་གནང་ཞིང་། དེ་སྔོན་ལྟར་མ་ཡིན་པ་དེང་སྐབས་གངས་ཅན་སྐྱིད་གཤོངས་སུ་སླེབས་པ་དང་། བོད་ཀྱི་གྲོང་སྡེ་ཞིག་ཏུ་སླེབས་སོང་སྙམ་པའི་དེ་འདྲའི་བོད་ལུགས་ཀྱི་ཁང་པ་བཟོ་སྐྲུན་གནང་བ་དང་། ཕྱི་མིས་བལྟས་ན་ཡག་པོ་འདུག་བསམ་པའི་དེ་འདྲའི་འཛུགས་སྐྲུན་གནང་བ་སོགས་བོད་ཀྱི་ཆབ་དཔལ་རིག་གསུམ་ཐོག་ཏུ་འགྲུབ་འབྲས་རླབས་ཆེན་པོ་བྱུང་བས་རྒྱུ་མཚན་གྱིས་སྲིད་སྐྱོང་གསར་པའི་དམ་འབུལ་སྐབས་རྒྱལ་བ་རིན་པོ་ཆེ་ཐུགས་དགྱེས་ཚོར་ཆེན་པོས་དྲ་བརྙན་བརྒྱུད་བཀའ་སློབ་ཕེབས་ཡོད། དེ་ཡང་བོད་ཀྱི་བང་ཆེན་དྲ་ཚིག་ལས། “དེ་རིང་འདིར་གཙོ་ཆེ་ཤོས་མི་མང་གིས་འོས་འདེམས་བྱས་ནས་ཡར་ཐོན་པའི་སྲིད་སྐྱོང་གསར་པ་དང་། དེ་སྔ་འདས་པའི་ལོ་འགའ་ཤས་རིང་སྲིད་སྐྱོང་ལས་འགན་འཁུར་བའི་སྲིད་སྐྱོང་ཟུར་པ་ཁྱེད་གཉིས་གཙོ་བོར་གྱུར་བའི་གྲོགས་པོ་ཚང་མར་ཞུ་རྒྱུ་ལ། བོད་ནི་ལོ་རྒྱུས་ལྡན་པའི་མི་རིགས་ཤིག་རེད། དེ་ཟུབ་རྒྱུ་མེད་པ་ཞིག་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐབས་ནས་བཟུང་། མངའ་བདག་ཁྲི་རལ་ནས་བཟུང་། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་ནས་བཟུང་བོད་པའི་སྒྲིག་འཛུགས་ཤིག་ཡོད་པ་རེད།

ལོ་རྒྱུས་ཡུན་རིང་པོ་ཕྱིན་པའི་སྒྲིག་འཛུགས་ཤིག་ཡིན་དུས། བཙན་བྱོལ་ལ་འབྱོར་བའི་ལོ་དང་པོ་དང་གཉིས་པ་ནས་བཟུང་། སྤྱི་འཐུས་འཛུགས་དགོས་ཀྱི་འདུག་ཅེས་འབོད་སྐུལ་ཞུས་ཏེ་ཚུགས་པ་རེད། རིམ་གྱིས་ང་ཚོར་སྒྲིག་འཛུགས་ཤིག་ཡོད་པ་དེ་མང་གཙོའི་ལམ་ཁར་འགྲོ་གི་ཡོད་པ་རེད། དེ་ཡང་འཁྲབ་བཞིན་པ་ཞིག་མིན་པར། ཁ་ཞེ་གཉིས་མེད་ཀྱི་སྟེང་ནས་མང་གཙོ་ཡང་དག་པ་ཞིག་བྱེད་པའི་ཐོག་ལ་ཕྱིན་ཡོད་པ་རེེད། རྒྱ་མི་གུང་ཁྲན་སྦུག་དོག་དེ་དག་གིས་ཞིང་བྲན་ལམ་ལུགས་དང་ལུགས་སྲོལ་རྙིང་པའི་ཐོག་ནས་སྐྱོན་བརྗོད་བྱེད་ཀྱི་ཡོད་ནའང་། དངོས་ཡོད་གནས་ཚུལ་ལ། བོད་ནང་ལོགས་སུ་ང་ཚོར་རང་དབང་ཡོད་པ་མ་རེད། བཙན་བྱོལ་ལ་ཡོད་པའི་བོད་མི་འབུམ་ལྷག་ཅིག་ཡོད་པ་དེར་རང་དབང་གང་ལ་གང་འཚམ་ཡོད་པས། བཙན་བྱོལ་སྒྲིག་འཛུགས་ཤིག་ཡོད་པ་དང་དེའང་མང་གཙོའི་ལམ་ཁ་མཐར་ཕྱིན་པ་ཞིག་ལ་ཕྱིན་ཡོད་པ་རེད། དེ་རིང་འདིར་སྲིད་སྐྱོང་གསར་བ་དང་སྲིད་སྐྱོང་རྙིང་པ་ཁྱོད་གཉིས་ལ་ཐུགས་རྗེ་ཆེ་དང་བཀྲ་ཤིས་བདེ་ལེགས་ཡོད་”ཅེས་གསུངས་ཏེ་སྲིད་སྐྱོང་གནང་བའི་རིང་ལ་ཕྱག་ལས་ཡག་པོ་གནང་ཡོད་པས་འདིང་འཇོག་ཚད་མཐོན་པོ་འཇོག་གནང་མཛད་ཡོད། དེ་དག་ནི་མི་ཚེ་ནང་དུ་དེ་ལས་ལྷག་པ་གང་ཡང་དགོས་པ་ཞིག་མ་རེད་སྙམ།

ང་ཚོ་སྤྱི་ཚོགས་ནང་ཁུལ་རྙོག་དྲ་ཙག་ཙིག་ཐོག་ཏུ་མགོ་བོ་འཁོར་ནས་མ་བཞུགས་པར་འཛམ་གླིང་གི་ལྡིང་ཆའི་སྟེང་དུ་དཔུང་པ་འདྲ་མཉམ་གྱི་གཤིབ་ནས་བོད་དོན་དྲིལ་བསྒྲགས་གནང་ཐབས་སུ་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གནང་སོང་བས། རྒྱལ་སྤྱིའི་ཐོག་ཏུ་བོད་ཀྱི་གནད་དོན་མ་ཡལ་བར་གསོན་པོར་གནས་ཐུབ་པ་བྱུང་སོང་ལ། དེ་བཞིན་བོད་མི་རིགས་ཀྱི་ཁོག་པའི་སྙིང་ལྟ་བུ་༸རྒྱལ་བ་རིན་པོ་ཆེས་གཙོས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་དབུ་བཞུགས་ཐོག་དགའ་སྤོབས་ལྡན་པའི་ངང་ནས་སྲིད་སྐྱོང་གི་དམ་འབུལ་རྒྱལ་ཁའི་ངང་གནང་སོང་ལ་མཇུག་ཏུ་ཀར་ཀོར་སོགས་གང་ཡང་མེད་ཅིང་སྤོབས་ཉམས་ལྡན་པའི་ཐོག་ནས་དཔལ་ལྡན་སྲིད་སྐྱོང་གསར་པ་མཆོག་ལ་རྩིས་སྤྲད་ཡང་དག་པ་གནང་སོང་བས། གནང་སྟངས་དེ་དག་ནི་མི་རབས་རྗེས་མ་རྣམས་ཀྱི་ཡིད་དུ་འཛིན་འོས་པའི་གནད་དོན་ཞིག་རེད་སྙམ། ད་རེས་རྒྱུ་མཚན་དེ་དག་ལ་བརྟེན་དཔལ་ལྡན་སྲིད་སྐྱོང་མཆོག་གཙོས་པའི་བཀའ་བློན་རྣམ་པར་སླར་ཡང་བཀའ་དྲིན་ཆེ་དང་། ཐུགས་རྗེ་ཆེ་ཞེས་ཞུ་འདོད་བྱུང་།

མཐའ་དོན་བོད་མི་རིགས་ལ་བཀའ་དྲིན་བླ་མེད་ཆེ་བའི་༸རྒྱལ་བ་རིན་པོ་ཆེ་མཆོག་སྐུ་ཚེ་ཡུན་རིང་བརྟན་ཞིང་། མཛད་འཕྲིན་རྒྱས་པ་དང་། བོད་དོན་བདེན་མཐའ་མགྱོགས་ནས་མྱུར་དུ་གསལ་ཞིང་གཞིས་བྱེས་ལྷན་འཛོམས་ཡོང་བའི་སྨོན་འདུན་ཤུགས་དྲག་དང་བཅས། 

ཆབ་མདོ་ངག་ཕུན་གྱིས་ཕྱི་ལོ་ ༢༠༢༡ ཟླ་ ༥ ཚེས་ ༤ ཉིན་མོར་ཕུལ།

བསམ་ཚུལ།

Post navigation

Previous Post: ཚེ་སྲོག་རེད་དམ་རྨི་ལམ་རེད།
Next Post: ངས་མོ་ལ་”ཅ་པ་ཟ”ལབས་ཡིན།

Comments (7) on “དཔལ་ལྡན་སྲིད་སྐྱོང་གཙོས་བཀའ་བློན་རྣམ་པར་བཀའ་དྲིན་ཆེ།”

  1. ཨ་ཁུ་འབྲོག་པ། says:
    2021-06-04 at 12:49 pm

    འགོ་བརྗོད་ཙམ་ནས་དོན་རྟོགས་བྱུང་། ཆ་ཚང་ཀློག་པའི་ངལ་བ་མ་བགྱིས། བློ་སེང་གིས་དཀའ་ངལ་བརྒྱབ་ཡོད་ཀྱང་རྒྱག་གོ་ཆོད་པའམ། ངོ་གསོ་དོད་པ་ཞིག་བྱུང་མ་སོང་། ཆབ་སྲིད་ཐད་དུ་ཀླད་ཀོར་རེད་བརྗོད་མཁན་ཡང་ཡོད།
    འཛིན་སྐྱོང་ཆེད་དཀའ་ངལ་བརྒྱབ་ཡོད་ཀྱང་། ཉེ་སྐྱོར་ཕྱོགས་ལྷུང་ཆེ་གྲགས་པ་དང་། ༧གོང་ས་མཆོག་དང་། ཟམ་གདོང་རིན་པོ་ཆེ། དབུ་མའི་ལམ་གསུམ་ལ་ངོ་རྒོལ་བ་རྣམས་རང་གི་རྒྱབ་དཔུང་དུ་བཅོལ་བ་ལ་བརྟེན་ནས་ཐོག་མའི་དམ་བཅའ་དང་འགལ་ཏེ་མཐའ་མ་ལྟ་ཁུངས་ཅི་ཡང་མེད་པར་གྱུར་སོང་། སྙིང་རྗེ།

  2. ཨ་ཁུ་འབྲོག་པ། says:
    2021-06-04 at 2:34 pm

    ད་དུང་གཅིག་བརྗོད་ན། བློ་སེང་གིས་སྐུ་ལས་བསྐྱོན་ཡོད་ཀྱང་། ཐོག་མའི་དམ་བཅར་མ་གནས་པར་རང་གིས་རང་གི་མཛད་པ་རྗེས་མེད་དུ་བཟོས་མ་སོང་ངམ། ངེད་འབྲོག་པའི་ཁ་དཔེར། འཇིགས་ཏེ་མགོན་ཁང་ནང་འཛུལ། དེ་རུ་མགོན་པོ་ནག་པོས་རྫུབ་བསྟན་ཟེར་བ་ལྟར་བློ་སེང་ལ་མངོན་སུམ་བྱུང་སོང་། དེ་ཡང་གསལ་ཙམ་བརྗོད་ན། བློ་གཟུ་བོར་གནས་པའི་དབུས་གཙང་དང་མདོ་སྨད་ཀྱི་སྤྱི་འཐུས་ཁག་གཅིག་ལ་འཇིགས་ཏེ། འཕོ་འགྱུར་འགྲོ་རྒྱུ་མེད་པའི་བོད་གཞུང་གི་ཟ་འདྲེ་འཇོན་ཐང་ཅི་ཡང་མེད་པ་གང་དུ་བཞག་ས་དེར་ཙོག་གེར་སྡོད་པའི་བཞག་ཙོག་མདོ་སྟོད་སྤྱི་འཐུས་ཁག་གཅིག་དང་། ཆོས་རྒྱུད་སྤྱི་འཐུས་ཁག་གཅིག ། ཆོས་ལུགས་ཆགས་སྡང་དང་། ལུང་ཚན་གཏི་མུག་གིས་བཟི་བའི་རྒྱ་ཁྱི་ཨོ་སྟོབས་དང་། ལྷ་མགོ་མཐོ་ན་ལྷ་དང་། འདྲེ་མགོ་མཐོ་ན་འདྲེ་མཆོད་པའི་རྩ་མེད་བློ་དགའ་དང་། ཉག་རོང་དོན་གྲུབ་ཟེར་བ་སོགས་དེ་དང་དེ་འདྲ་བ་༧གོང་ས་མཆོག་དང་། ཟམ་གདོང་རིན་པོ་ཆེ། ལམ་དབུ་མ་གསུམ་ལ་མཐའ་གཅིག་ཏུ་ངོ་རྒོལ་བ་རྣམས་དངོས་དང་བརྒྱུད་ནས་སྐྱབས་སུ་བཟུང་བ་ལ་བརྟེན། མཐའ་མ་ཕྱི་རྒྱལ་སོགས་ལ་ཕེབས་སྐབས་འགའ་རེར་་སྦས་ནས་འཁྲིད་དགོས་རྒྱ་ཆེའི་མི་མང་གི་མཐོང་སྣང་ལ་མི་མཛེས་པའི་སྲིད་སྐྱོང་གཟི་བརྗིད་ཁོག་སྟོང་ཞིག་ཏུ་མ་གྱུར་ཏམ། དེ་ཡང་བློ་སེང་ལ་གཟི་བརྗིད་མེད་པ་བཟོ་མཁན་ཁོང་གི་རྒྱབ་སྐྱོར་བ་ཐ་ཤལ་འདི་ཚོ་ཁོ་ན་ཡིན་པ་ལས་གཞན་ལ་ཁག་དཀྲི་བྱེད་ས་མེད་དོ།། ང་ལྟ་བུ་ལ་མཚོན་ན། ཁོང་རིང་པོར་མི་ཐོགས་པར་ཆོལ་གསུམ་བོད་མི་ཡོངས་ཀྱིས་བརྩི་བཀུར་ཞུ་སའི་དབུ་ཁྲིད་ཟམ་གདོང་རིན་པོ་ལྟ་བུ་ཞིག་འོང་ཤག་གི་འོས་འདེམས་ཞུས་པ་ཡིན། དེ་ནི་ངས་རྩིས་ནོར་ཐེབས་པ་ཡིན་པ་གཞི་ནས་ད་ཤེས་བྱུང་།

  3. ཚེ་བརྟན་འགྱུར་མེད། says:
    2021-06-05 at 4:47 pm

    ཨ་ཁུ་འབྲོག་པ། སྐབས་ཞིག་ངས་ཁྱེད་ཀྱི་རྩོམ་གྱི་ལེན་འདེབས་སུ་ཁྱེད་རང་གཏམ་གཏང་ནས་བསྡན་ན་ཡག་ཤོས་ཡིན་པ་ཞུས་ཡོད། ཡིན་ཀྱང་ཕྲན་བུས་ཤེས་མིན་འདུག ཁྱེད་ཀྱི་ཁྲམ་པ་དང་པད་ལས་རྒྱས་པོ་ཞུ་ཐུབ་ཀྱི་གདའ། འབྲེལ་མེད་ཀྱི་ཟབ་གདོང་རིན་པོ་ཆེ་གདན་ཞུས། ཁྱེད་ཀྱི་བློ་སེང་ལ་འོས་གནང་ཡོད་པ་ནོར་མེད།གང་ཕྱིར་འགྱོད། རྒྱུ་མཚན་གཤམ་དུ་ཞུས་ཡོད། འོས་ཞུས་པའི་གཏམ་དེའང་གཞན་མགོ་སྐོར་བའི་ཁྲམ་རྫུན་ཞིག་ཡིན་ནོ།
    དོན་ངོ་མ་བློ་སེང་གིས་ལོ་བཅུའི་རིང་སྲིད་སྐྱོང་ཞུས་གནས་དེ་རེད། དོན་གྱི་མངའ་བདག་ཉིད་ནས་ལོ་བཅུའི་རིང་བློ་སེང་ནས་ཡག་པོ་བྱས་སོང་བས་ཐུགས་རྗེ་ཆེ་ཞུ་གནང་སོང་། ༸ཁོང་གི་གསུངས་དེ་ལ་ཁྱེད་ཀྱིས་ཡིད་མ་ཆེས་ན་། ཁྱེད་དུག་གསུམ་གཅོང་ནད་དྲག་པོས་མནར་ནས་ཚེ་ཕྱི་མ་ཕར་བཞོག་འཇིག་རྟེན་འདིའི་འགྲོ་ལམ་ཡང་རང་གིས་མ་ཤེས་པས་སྐྱོན་ལས་གཞན་ཅི་མཆིར། ཡང་ན་ཤེས་བཞིན་དུ་ཁྱེད་ལ་སྤྱི་ཚོགས་ནང་དགོས་མེད་དང་རྒྱ་དམར་པོར་དགོས་པའི་བོད་རིགས་ནང་འཁུལ་མི་བདེ་བས་དཀྲུག་ཤིང་ལ་བརྩོན་རྒྱུའི་ལས་འགན་ཤིག་བསྐུར་མེད་དམ་སྙམ། གཞན་ཁུང་མེད་ཀྱི་གཏམ་འཆལ་གང་ཕྱིར་སྨྲ།།

  4. པ་རྡོ་རེ། says:
    2021-06-06 at 1:42 am

    བློ་སེང་གི་ལོ་བཅུའི་ནང་གང་གནང་ཡོད་དམ། ལས་ཀ་གནང་རྒྱུའི་ཆེད་མི་མང་ནས་བདམས་པ་ཡིན་ནམ།
    ༡། ༸གོང་ས་མཆོག་དང་བོད་གཞུང་ལ་ཁ་གཏད་པ་རྣམས་དང་ཆོལ་ཁའི་རྙིང་ཞེན་པ་དག་གི་འགོ་འཁྲིད་དེ་བོད་མིའི་སྤྱི་ཚོགས་ཆུང་ཆུང་འདི་སྔར་བྱུང་མྱོང་མེད་པའི་ཟང་ངེ་ཟིང་ངེ་བཟོས།
    ༢། སྐལ་རྡོར་དང་ཆ་བསྒྲིགས་ནས་བཙན་བྱོལ་གཞུང་གི་མ་དངུལ་གྱི་འགྲོ་སྟངས་སྒེར་འཛིན་བྱས།
    ༣། བཙན་བྱོལ་གཞུང་གི་གཞུང་དངུལ་ནས་ཕྱི་རྒྱལ་སོགས་སུ་འགྲོ་ས་མེད་ན་མ་གཏོགས་འགྲོ་ནས་སྐྱིད་པོ་བཏང་།
    ༤། ལས་བྱེད་སྤྲལ་ལད་པ་རྣམས་དང་རང་གི་ཕྱོགས་གཏོགས་པ་རྣམས་ལ་ཉེ་དགའ་དང་སྐད་ཆ་དྲང་པོ་བཤད་མཁན་ལ་སྡང་ཟུག་བྱེད།
    ༥། བཙན་བྱོལ་བོད་མིའི་ཁེ་ཕན་ཡོད་དོ་ཅོག་གི་ནང་ཉེ་དགའ་ཕྱོགས་ལྷུག་གི་ལས་ཤ་སྟག་བྱེད།
    ༦། ཕྱི་རྒྱལ་ལ་སློབ་སྦྱོང་གི་སློབ་ཡོན་ལ་ཉེ་དགའ་ཕྱོགས་ལྷུག་གིས་རང་སྣང་གང་དྲན་བྱས་ཏེ་བོད་མིའི་སློབ་ཕྲུག་ཤེས་ཡོན་ཅན་རྣམས་ཀྱི་སློབ་ཡོན་གྱི་གོ་སྐབས་འཕྲོག རང་ཕྱོགས་ཀྱི་བཙན་བྱོལ་གཞུང་དང་དེ་འབྲེལ་གྱི་ལས་བྱེད་སྤྱི་དང་ཁྱད་པར་ཐ་ན་དེ་དག་གི་ཁྱིམ་ཚང་གཅིག་གི་བུ་ཕྲུག་གཉིས་རེ་ལའང་གོ་སྐབས་སྤྲད་དེ་མ་རབས་ཀྱི་བྱ་སྤྱོད་སྤེལ།
    ༧། ཆང་རག་གིས་མྱོས་པ་དང་ལས་བྱེད་ལོ་ཆུང་མ་འགའ་ལ་དམིགས་བསལ་གཏོང་གི་ཡོད་པ་ཚང་མས་ཤེས།
    ༨། བཙན་བྱོལ་བོད་མིའི་ཁྲིམས་དང་སྒྲིག་གཞི་ལ་གུས་བཀུར་རྩིས་མེད་བྱེད་དེ་རང་ཕྱོགས་པ་འགའ་དང་སྒེར་གྱི་འདོད་དོན་བསྒྲུབ་རྒྱུའི་ལས་ཀ་རྐྱང་བྱེད།
    ༩། བཀའ་ཤག་ཟེར་བ་ཞིག་ཡོད་ཀྱང་། མདོ་དོན་བློ་སེང་དང་བཀའ་བློན་རེ་གཉིས་སམ་རང་ཕྱོགས་པ་འགའ་ནས་དབང་ཆ་སྒེར་སྤྱོད་བྱེད།
    ༡༠། ༸གོང་ས་མཆོག་ཁ་ལ་འཁྱེར་ཏེ་གནམ་ལ་འཕྱར་རྐྱང་བྱེད་བཞིན། ༸ཁོང་གི་བཀའ་ལ་བརྩི་མེད་བྱས། སྐལ་རྡོར་དང་ཆ་བསྒྲིགས་ནས་འགྲོ་ས་མ་བརྙེས་པ་མ་གཏོགས། ༸གོང་ས་མཆོག་གི་སྐུ་པར་ཡོད་ས་ཆ་ཚང་ལ་བློ་སེང་གི་པར་རིས་བསྒྲིག་ངེས་ཡིན། བྱེད་སྟངས་དེ་ཡིས་མི་ཐེབས་ཆག་འདི་དག་གི་མངོན་འདོད་གང་ཡིན་གསལ་པོ་ཆགས་རྒྱུ་ཡིན་པས། གླེང་ལོང་མང་པོ་མ་གནང་ན་ལེགས་མོད།

  5. ཆབ་མདོ་ངག་ཕུན། says:
    2021-06-07 at 2:36 am

    བློ་ལ་འཐད་མིན་གྱིས་དགོངས་ཚུལ་མང་པོ་གསུང་འདུག་ན། ཚང་མར་བཀའ་དྲིན་ཆེ་ཞུ་འདོད་བྱུང་། བསམ་ཐོག་ནང་བཞིན་རྟ་རྒྱུག་ཁག་པོ་རེད།་སྙམ། ས་ཆ་ལག་མཐིལ་ཙམ་ཡང་མེད་མི་ཡུལ་ནས་དེ་ཙམ་ཞིག་ཡིན་རྒྱུ་རེད་སྙམ་པ་དགོངས་པ་བཞེས་དགོས་པ་རེད།

  6. བུ་ཆུང་ཚེ་རིང་། says:
    2021-06-17 at 7:09 am

    དཔལ་ལྡན་སྲིད་སྐྱོང་མཆོག་བཀའ་དྲིན་ཆེ། ཧ་ཧ་ཧ་ཧ་ཧ་ཧ་་ཧ་ཧ། རྩོམ་པ་ལ་གདོང་ལྤགས་མཐུག་པོ་ཞིག་ཡོད་འདུག ཡང་ན་ནར་མ་སོན་པའི་བྱིས་པ་ཞིག་ཡིན་ཚོད་འདུག ངས་འགོ་བྱང་ལས་བཀླགས་མེད།

  7. ཆབ་མདོ་ངག་ཕུན། says:
    2021-06-17 at 9:03 am

    ལྟ་བ་མཐུན་མིན་གྱིས་བསམ་ཚུལ་མང་པོ་གསུང་འདུག་པས་ཚང་མར་བཀའ་དྲིན་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme