Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

དཔའ་བོ་ཚོའི་བྱས་རྗེས་ལ་ནག་ཐིག་ཕབ་མི་རུང་།

Posted on 2011-06-22 By ཁ་བརྡ་ 3 Comments on དཔའ་བོ་ཚོའི་བྱས་རྗེས་ལ་ནག་ཐིག་ཕབ་མི་རུང་།

(མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་དབུ་བརྙེས་ནས་ལོ་ལྔ་བཅུ་ང་གསུམ་འཁོར་བར་ཕུལ་བ། )

སྤྲང་ཕྲུག་ཆོས་ཉིད་འོད་ཟེར།
རྒྱ་ནག་གིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་ས་དབང་བསྒྱུར་བྱེད་རྒྱུའི་འཐབ་ཇུས་མང་པོ་འཐེན་པ་དང་། ༡༩༤༠ ལོ་ཙམ་ནས་རྒྱ་བོད་ས་མཚམས་ནས་མཚམས་རེར་དྲག་གནོན་དང་མཚམས་རེར་འཆམ་མཐུན་གྱི་སྲིད་ཇུས་མང་པོ་ཞིག་གོ་སྒྲིག་གིས་བོད་དབང་བསྒྱུར་བྱེད་འགོ་བཙུགས། རིམ་པས་རྒྱ་ནག་གི་དམག་མི་བོད་དུ་འཛུལ་ནས་དམག་འཐབ་བྱས་པ་དང། བོད་མདོ་ཁམས་ཀྱི་དཔའ་བོ་དཔའ་མོ་གང་མང་ཞིག་གིས་ཚེ་སྲོག་ཤོར་བར་བརྟེན། རྒྱ་ནག་གི་དམག་དཔུང་འགོག་མ་ཐུབ་པར་རྒྱལ་ས་ལྷ་སར་བཙན་འཛུལ་བྱེད་འགོ་བཙུགས། དེ་ནས་བོད་སྤྱིའི་དམག་འཐབ་སྣ་ཚོགས་གོ་སྒྲིག་བྱས་ནའང་རྒྱ་ནག་གི་དམག་དཔུང་ལ་རྒོལ་ལན་སློག་མ་ཐུབ་པ་མ་ཟད། རྒྱ་ནག་གཞུང་གིས་བོད་གཞུང་གི་སྐུ་ཚབ་ཚོར་བཙན་གྱིས་གྲོས་མཐུན་དོན་ཚན་བཅུ་བདུན་ལ་མིང་རྟགས་འགོད་དུ་བཅུག དེ་ནས་བོད་ཕྱོགས་ནས་བོད་རྒྱ་གཉིས་མཉམ་གནས་ཡོང་ཐབས་བྱས་ཀྱང་། རྒྱ་ནག་གཞུང་གིས་གྲོས་མཐུན་དོན་ཚན་བཅུ་བདུན་ཡང་རྩིས་མེད་ཀྱིས་བོད་ས་ཡོངས་རྫོགས་ཧམ་ཟ་བྱེད་སྐབས། ༡༩༥༨ ལོའི་ཕྱི་ཟླ་༦ ནང་ལི་ཐང་བ་ཚོང་དཔོན་ཨ་འབྲུག་མགོན་པོ་བཀྲ་ཤིས་ཀྱིས་སྣེ་ཁྲིད་དེ་དང་བླངས་དམག་གི་སྒྲིག་འཛུགས་བཙུགས་པ་དང་། སྒྲིག་འཛུགས་དེར་ཁྲི་བྱང་རིན་པོ་ཆེས་མདོ་ཁམས་ཆུ་བཞི་སྒང་དྲུག་བསྟན་སྲུང་དང་བླངས་དམག་ཞེས་བཏགས་པའི་ལོ་རྒྱུས་ཡང་འདུག

དང་བླངས་ཀྱི་སྒྲིག་འཛུགས་དེའི་བཀོད་ཇུས་འོག་རྒྱ་དམག་ལ་འཐབ་རྒོལ་སྣ་ཚོགས་བྱས་པ་དང་། ༡༩༥༩ ལོར་༧གོང་ས་མཆོག་གི་དབུས་བོད་མི་ཚོ་སྐྱབས་བཅོལ་དུ་ཡོང་སྐབས། དམག་འཐབ་ཀྱི་ལམ་ཁ་གཙང་བཟོ་དང་༧གོང་ས་མཆོག་གི་སྐུའི་ཉེན་སྲུང་སོགས་གཞུང་ལ་རོགས་འདེགས་ཚད་ལྡན་ཞུས་ཏེ་རྒྱ་གར་དུ་སྐྱབས་བཅོལ་ལ་འབྱོར་ཐུབ་ཙམ་བྱུང་རྗེས། བསྐྱར་དུ་དམག་འཐབ་ཀྱི་སྲིད་ཇུས་སྣ་ཚོགས་འཐེན་ནའང་དགྲ་ལ་རྒོལ་ལན་སློག་མ་ཐུབ་པར་སྔ་ཕྱིར་དཔའ་བོ་གྲངས་མེད་ཀྱིས་ཚེ་སྲོག་ཤོར་བ་ནི་བོད་མི་ཚོས་སེམས་ནས་བརྗེད་མི་འོས་ལ། ཁོང་ཚོར་དོན་དམ་གྱིས་རྗེས་དྲན་བྱེད་འོས་པ་ལས་དཔའ་བོའི་བྱས་རྗེས་ལ་སྤྱི་དོན་ཁ་ཁྱེར་བ་འགས་ནག་ཐིག་ཕབ་ན་ལུགས་མཐུན་མིན།

༡༩༧༠ ལོ་ཙམ་ནས་བོད་གཞུང་གིས་བོད་དོན་འཐབ་རྩོད་ཀྱི་སྲིད་ཇུས་དེ་ཞི་བའི་ལས་འགུལ་ཁོ་ན་ཡོང་ཐབས་སུ་བསྒྱུར་བ་དང་། བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧སྐྱབས་མགོན་རིན་པོ་ཆེས་དམག་མཚམས་འཇོག་དགོས་པའི་བཀའ་སློབ་ལམ་སྟོན་གནང་བ་ལྟར་དམག་གི་སྒྲིག་འཛུགས་མེད་པ་བཟོས། སྐབས་དེར་དཔའ་བོ་མང་པོར་དམག་སར་ཤི་མ་ཐུབ་པའི་བློ་འགྱོད་ཡོད་མཁན་གང་མང་བྱུང་ཡོད་པ་ནི་སྨྲོས་མེད་རེད། གང་ལྟར་དང་བླངས་དམག་གི་སྒྲིག་འཛུགས་འདི་ཁམས་དང་ཨ་མདོ་གཉིས་ཀྱི་སྒྲིག་འཛུགས་ལྟ་བུ་ཞིག་ཡིན་པས། རྗེས་སུ་དཔའ་བོའི་དམག་གི་སྒྲིག་འཛུགས་འདི་བགོ་བཤའ་བརྒྱབ་སྟེ། མིང་དེ་ཁམས་ཕྱོགས་སུ་དབང་བ་ལྟ་བུར་བསྒྱུར་ནས་ཆོལ་ཁའི་སྒྲིག་འཛུགས་ཤིག་ཏུ་གྱུར་པ་རེད།

བར་ལམ་ཞིག་ལ་སྒྲིག་འཛུགས་འདིའི་གནད་ཡོད་མི་སྣ་ཁག་ཅིག་ལ་གཞུང་གི་བཀའ་ཉེས་ཕོག་ནས་སྒྲིག་འཛུགས་འདིར་དཀའ་ངལ་མང་པོ་འཕྲད་པ་དང་། བོད་གཞུང་གི་ཁྱབ་ཁོངས་སུ་གནས་མ་ཐུབ་པ་དང་། སྒྲིག་འཛུགས་འདིའི་ཚབ་ཏུ་མདོ་སྟོད་ཀྱི་སྒྲིག་འཛུགས་གསར་པ་ཞིག་བཙུགས་པ་སོགས་རྙོག་གྲ་མང་པོ་བྱུང་ཡོད་ལ། སྐབས་དེར་བོད་སྤྱི་དང་སྒོས་སུ་ཁམས་པ་ཚོའི་འཆམ་མཐུན་ལ་གནོད་སྐྱོན་ཚབས་ཆེན་བྱུང། ཡིན་ནའང་ནོར་འཁྲུལ་ག་རེ་ཤོར་མིན་དང་ཉེས་འཛུགས་ག་རེ་བྱས་མིན། མིང་ཆད་ག་རེ་བཟོས་མིན་ལ་མ་ལྟོས་པར། སྒྲིག་འཛུགས་འདི་བོད་གཞུང་དང་༧གོང་ས་མཆོག་གི་སྐྱབས་འོག་ནས་མི་འབོར་རྒྱུར་གནད་ཡོད་མི་སྣ་ཚོས་གསོལ་འདེབས་སྐྱབས་འཇུག་མུ་མཐུད་ཞུས་པ་དང་། ༢༠༠༠ ལོར་༧གོང་ས་མཆོག་གིས་ཐུགས་དགོངས་དྭངས་པ་དང་དེ་རིང་ནས་ཕན་ཚུན་བར་“ནམ་མཁའ་གཡའ་དག ས་གཞི་རྡུལ་དག་”ཡིན་པའི་ཞལ་བཞེས་བཟང་པོ་ཐོབ།

བར་སྐབས་དེ་ནས་སྒྲིག་འཛུགས་འདིས་ཧ་ཅང་དཀའ་ཁག་ཆེ་བའི་དམག་གི་འཐབ་ཇུས་འཐེན་མི་དགོས་ལ། གཞུང་མང་བར་གྱི་རྙོག་གྲའི་རིགས་ལ་སེམས་འཚབ་མི་དགོས་པ་ཆགས་ཡོད་པ་མ་ཟད། མི་རབས་རྒན་པ་ཚོས་དཀའ་ལས་བརྒྱབ་སྟེ། ཤི་བོ་གསོན་པོ་གཉིས་ཀྱི་རྣག་ཁྲག་ལས་བསག་པའི་དཔལ་འབྱོར་གྱི་གནས་བབ་ཀྱང་མི་དམན་པ་ཡོད་ཚོད་འདུག དེ་ལ་བརྟེན་ནས་སྤྱི་ཚོགས་ནང་ཕན་ནུས་ལྡན་པའི་འགྲོ་སོང་བཏང་བ་དང་སྒྲིག་འཛུགས་ཀྱི་མ་རྩ་སྲ་བརྟན་གནས་ཐབས་སུ་འབད་བརྩོན་ཡང་འགན་ཁུར་བ་རིམ་པས་བྱས་ཡོད་ཚོད་རེད།

ད་ལྟ་ཆུ་སྒང་དབུས་རྒྱུན་ཚོ་དང་མི་ཆེན་དང་ཚོང་པ་རེ་ཟུང་གི་བར་དུ་སྒྲིག་འཛུགས་ལ་མ་རྩ་ཅུང་ཡོད་པ་དེ་ཕར་གཡར་ཚུར་གཡར་དང་དེའི་དོན་དུ་རྙོག་གླེང་མི་ཆུང་བ་བཟོས་ཏེ། ཚོགས་ཆེན་རེ་འཚོགས་ནས་དངུལ་དངོས་མ་རྩ་ཅུང་ཡོད་པ་དེའི་དོན་དུ་རྩོད་གླེང་རྫོགས་མཐའ་མེད་པ་བྱས་ནས་སྡོད་པའི་དུས་ཚོད་མ་རེད། སྒྲིག་འཛུགས་འདིར་སྔོན་བྱོན་དཔའ་བོ་ཚོས་ཕངས་སེམས་མེད་པར་སྒེར་རྒྱུ་སྤྱི་དོན་དུ་སྤུངས་པའི་བློས་གཏོང་བྱས་ཡོད་ལ། བོད་བསྟན་པ་ཆབ་སྲིད་སྲུང་སྐྱོབ་བྱེད་ནུས་པའི་སྒྲིག་འཛུགས་ཤིག་ཡོང་ཆེད་རང་སྲོག་བློས་གཏོང་བྱས་པ་ཉུང་ཉུང་མིན།

དེས་ན་ད་ལྟ་ཚོགས་ཆེན་སྐབས་བཅུ་དགུ་པ་འཚོགས་པ་དང་དབུས་རྒྱུན་གསར་པ་ཚོས་ལས་ཁུར་ཞུས་པ་དང་མཉམ་དུ་སྤྱི་ཚོགས་ཞབས་ཞུའི་ལས་དོན་ཁག་སྔར་ཡོད་ཡར་རྒྱས་དང་། དེ་མིན་གསར་འཛུགས་ཀྱིས་ལམ་དུ་བསྐྱོད་དགོས་སྙམ། གཙོ་བོ་གཞོན་སྐྱེས་ཚོས་སློབ་སྦྱོང་གི་མདུན་ལམ་ཆེད་དུ་རོགས་སྐྱོར་དགོས་ལ། རབ་བྱུང་ན་བོད་ནང་དུ་ཐབས་ལམ་སྣ་ཚོགས་བརྒྱུད་དངུལ་དངོས་ཀྱིས་འགྲོ་སོང་བོད་དུ་གཏོང་སའི་བརྒྱུད་ལམ་ཞིག་བཙལ་ཏེ། སློབ་མ་སྐྱེད་སྲིང་གི་ཐབས་ལམ་འཚོལ་དགོས། དེ་མིན་ཡང་བཙན་བྱོལ་ནང་གི་གཞོན་སྐྱེས་ཚོ་སྐྱེད་སྲིང་ཡོང་ཐབས་དང་བོད་སྤྱིའི་ཆིག་སྒྲིལ་ཡོང་ཐབས་སུ་གཞུང་ལ་རོགས་རམ་བྱེད་དགོས་པ་ལས། ན་ཚ་རྙིང་པ་ཁ་ལ་ཁྱེར་ཏེ་དུས་ཚོད་སྐྱེལ་བའི་སྐབས་མིན་པ་ཀུན་གྱིས་མཁྱེན་གསལ་རེད། ལས་དོན་ཧ་ཅང་རྒྱ་ཆེན་པོ་ཞིག་མ་འགྲུབ་ཀྱང་ཁམས་རིགས་ནང་ཁུལ་དུ་འཆམ་མཐུན་དང་གླེང་རྙོག་མེད་པ་ཞིག་ཡོང་ཐབས་དང་། ཁམས་པ་མི་མང་དཀྲོག་གཏམ་དང་ཧོར་རྒྱུག་གི་རྗེས་སུ་མི་འབྲང་བར་སྒྲིག་འཛུགས་འདིའི་ཁོངས་སུ་ཚུད་པ་དང་ལས་དོན་བྱེད་ཐུབ་པ་ཞིག་བྱུང་ནའང་། བོད་སྤྱི་ལ་ཕན་པའི་ཞབས་ཕྱི་མི་དམན་ཙམ་ཡིན་པ་བཤད་མ་དགོས་པས་དབུས་རྒྱུན་གསར་པ་ཚོས་འགན་མཉམ་ཁུར་དང་བོད་མི་ཡོངས་ཀྱིས་རོགས་འདེགས་ཡོང་བའི་རེ་བ་ཡོད་ལ་ཡིད་ཆེས་ཀྱང་ཡོད། དེ་མིན་བོད་མི་ཡོངས་ཀྱིས་ནང་ཁུལ་དགའ་མིན་དགའ་མདོག་གིས་དཔའ་བོའི་སྒྲིག་འཛུགས་འདིར་ནག་ཐིག་ཕབ་པ་ནི་བྱས་པ་ཅན་གྱི་དཔའ་བོ་ཚོ་བློ་ཕམ་དང་། དགྲ་དགའ་གཉེན་སྡུག གཞན་མི་ཁྲེལ་དགོད་ཀྱི་གནས་ལས། བོད་སྤྱི་ལ་ཕན་པར་འགྱུར་བ་དཀའ་བས་ཚང་མས་དགོངས་བཞེས་གནང་དགོས་པར་མཐོང་།།

ཆོས་ཉིད་འོད་ཟེར། ཁ་པར་ཨང་གྲངས། 9805346162

སྣ་ཚོགས།

Post navigation

Previous Post: ཤར་རྩེ་ནོར་བུའི་གླིང་།།
Next Post: སྐུ་ཞབས་ཞོགས་དང་ཐེའུ་རང་གཉིས་ཀྱི་ལྕི་ཡང་།

Comments (3) on “དཔའ་བོ་ཚོའི་བྱས་རྗེས་ལ་ནག་ཐིག་ཕབ་མི་རུང་།”

  1. ཁ་བའི་སྒྲོན་མེ། says:
    2011-06-22 at 7:12 pm

    དངོས་གནས་དྲང་པོ་གསུངས་འདུག། མདོ་ཁམས་ཆུ་བཞི་སྒང་དྲུག་གི་དཔའ་རྟུལ་ཚོའི་རང་སྲོག་ལོང་སྤྱོད་དང་བཅས་པ་བློས་བཏང་ནས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་དོན་དུ་སྡུག་དཀའ་ལས་རྒྱབ་པ་དེར་དྲན་གསོ་བྱེད་འོས་པ་རེད། དྲག་པོའི་དམག་གི་སྒྲིག་འཛུགས་འདིའི་ནང་བོད་ཆོལ་ཁ་གསུམ་ཀྱི་མི་སྣ་ཡོད་རུང་གཙོ་བོ་ཁམས་དང་ཨ་མདོ་བའི་དཔའ་བོ་རྣམས་རེད། བར་སྐབས་ཞིག་ལ་བོད་གཞུང་གི་ལས་སྣེ་རྣམས་པས་སྲིད་གྱི་འགྱུར་མགྲོས་སུ་གནས་ལུགས་སྣ་ཚོགས་འོག་རྒྱལ་སྐྱེས་དཔའ་བོ་ཁོང་རྣམས་ལ་གཅིག་རྗེས་གཅིག་མཐུད་བྱས་ནས་མིང་ངན་འདོག་པ་དང་ལྐོག་གསོག་མི་ཉུང་བ་ཞིག་བྱས་པ་གྲགས། དེ་ཡང་ཆུ་སྒང་རྒྱ་དཔོན་དང་མདོ་སྨད་སྤྱི་འཐུས་ཟུར་པ་ཨ་མདོ་ཁྲ་མོ་ལྟར་བུ་མཚོན་ན་ལྐོག་གསོག་འོག་གྲོངས་པའི་ལོ་རྒྱུས་ཡོད་ལ་ཐ་ན་གསོག་མཁན་འདི་ཡིན་འདི་མིན་ཡང་བཤད་རྒྱུ་ཡོད་པ་རེད་། དེ་བཞིན་བོད་མི་མང་སྤྱི་འཐུས་ཟུར་པ་ཆུ་སྒང་ཚོགས་གཙོ་ལི་ཐང་ཨ་ཐར་ལ་མཚོན་ན་ཨ་རིའི་གསང་ལས་ཐོན་མཁན་བོད་རིགས་ཐོག་མའི་གྲས་ཡིན་ལ་༡༩༥༩ལོར་༧རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ནང་སྐྱབས་བཅོལ་དུ་བདེན་དྲངས་མཁན་གཙོ་བོ་གཅིག་ཆགས་ཡོད་། འདི་དག་དངོས་ཡོད་ཡིན་པར་རྒྱ་གར་གསང་བའི་ལས་ཁུང་དང་ཨ་རིའི་གཞུང་གི་ངོས་ལེན་ཡིག་ཆ་ཡོད་པ་རེད་། འོན་ཀྱང་༡༩༩༤ལོར་མཚོན་ན་བོད་གཞུང་གི་ལས་སྣས་འགས་བཙན་བཀའ་འོག་ཁོང་ལ་དགྲ་འཛིན་དགོས་པའི་སྲིད་ཇུས་ཞིག་འཛིན་ཡོད། དེ་ཡང་དམང་གི་ངོས་ལེན་ཡོད་མེད་ལ་མ་སྟོས་པར་ལོ་དྲུག་བདུན་ཙམ་ལ་ཁོང་ཐོག་འཛིན་པའི་སྲིད་ཇུས་ལ་འགྱུར་བ་འགྲོ་མེད་། དེ་ཡང་༢༠༠༠ལོར་༧རྒྱལ་བ་དོན་གྱི་བདག་པོའི་དཔའ་རྟུལ་ཁོང་དང་ཁོང་གི་ཕྱག་རོགས་རྣམས་གཟིམ་ཆུང་དུ་མཇལ་ཁ་སྐབས་ནམ་མཁའ་གཡའ་དག ས་གཞི་རྡུལ་དག་”ཡིན་པའི་བཀའ་སློབ་གནང་ནས་ད་བར་ཆབ་སྲིད་པས་བཤད་པའི་དོགས་གནས་མང་པོ་ཞིག་ནད་ལ་སྨན་བསྟན་པ་བཞིན་སལ་དྲག་དུ་སོང་ནས་དཔའ་བོའི་ཁོང་གི་འབྲེལ་ཡོད་ལོ་རྒྱུས་ལ་རྒྱ་བོད་མཁས་པ་ཀུན་གྱི་གཅིག་གྱུར་ཏུ་དོན་དམ་དཔའ་རྟུལ་ཞིག་ལ་ངོས་འཛིན་ཐོག་ཁོང་གི་རང་གཤིས་སོགས་ལ་བསྟོད་སྔགས་མི་ཉུང་བ་ཞིག་ཐོན་དང་ཐོན་བཞིན་པ་རེད་། འདས་པའི་ལོ་རྒྱུས་མ་ནང་མ་འགྲིག་པའི་གནས་ལུགས་བྱུང་བ་དེའི་མ་འོངས་ཆིལ་སྒྲིག་དགོས་པའི་བསམ་བློ་དང་དཔའ་རྟུལ་ཁོང་རྣམས་པའི་ལག་རྗེས་ལ་གཟིགས་གལ་ཆེ་པོ་རེད་སྙམ།

  2. འདྲེ་མགོ་རྡོ། says:
    2011-06-23 at 3:54 am

    སྐད་ཆ་བཤད་སྟངས་ལ་ལྟོས་ན་ཤེས་ཡོན་ཅན་ཞིག་གི་དྲི་མ་འདུག འོན་ཀྱང་ཉིད་རང་ཁམས་པ་ཞིག་ཡིན་ན་གླེན་རྒན་ཨུ་ཚུགས་ཅན་དེ་ཚོས་བསམ་བློ་རེ་གཏོང་སྲིད་པ་རེད། དེ་མིན་སུས་བཤད་ཀྱང་ཕྱོགས་སུ་བཅད་ནས་ཨུ་ཚུགས་གླེན་ཤེད་ཁོ་ནས་ད་ལྟ་བར་བསྐྱལ་བ་རེད། འདི་གཅིག་བྱས་ན་ཁམས་པ་བའི་གཤིས་ཀ་དང་ལོ་རྒྱུས་ལྟ་བུ་ཞིག་ཀྱང་ཡིན་ཚོད་རེད།

    གང་ལྟར་ཆུ་སྒང་ཞེས་པ་དེ་ཁམས་པས་ཁམས་པའི་མགོ་ལ་ཚུར་བསྐོན་ནས་བཟུང་བོད་སྤྱིའི་རྩ་དོན་དང་རིང་དུ་གྱེས་ཏེ་རུལ་སུངས་ཆགས་ཟིན་པ་རེད། དེ་ནས་ད་བར་གྱི་ལོ་རྒྱུས་རྣམས་མཁྱེན་མཁྱེན་པ་རེད། ཁམས་པའི་མི་རུ་སྐྱེས་པའི་དྲག་གྲས་ཚད་ཐུབ་ཟམ་གདོང་བླ་མ་ལྟ་བུ་ཡིན་ན་འདིའི་རིགས་ཀྱི་རྙོག་དྲའི་རྒྱབ་མདུན་ཚང་མ་མཁྱེན་ནས་གཙང་སེལ་ཆགས་རྒྱུར་ཤུགས་རྒྱབ་འདུག ཡིན་ནའང་། ཁེ་ཕན་གར་ཡོད་དང་གླེན་ཤེད་ག་བར་ཚད་ཚད་ཀྱི་ཁམས་གླུའུ་ཚོས་ཀླད་པ་རྒྱ་བསྐྱེད་ཐུབ་མེད་པ་གསལ་བོ་རེད། གླེན་ཤེད་འདི་འདྲའི་དབང་གིས་བཙན་བྱོལ་གྱི་ལོ་ངོ་ལྔ་བཅུའི་ནང་། གང་ན་ཁེ་ཕན་དང་ཨུ་ཚུགས་ཡོད་ན་དེ་རུ་ཁམས་པ་ཡོད་པ་ཐག་ཆོད་པས། བོད་སྤྱིའི་ཆོག་སྒྲིལ་ལ་སྤྱི་ཡོངས་ནས་ཤེས་རྟོགས་དམན་རྐྱེན་བར་ཆད་མང་པོ་བཟོས་ཡོད།

    སྲིད་དོན་ཉམས་ཞིབ་པ་དག་གིས། གལ་སྲིད་ཆོལ་ཁ་གསུམ་འཐོར་བ་ཡིན་ན། བོད་ཀྱི་ངོ་བོ་རྒྱུན་གནས་ཐུབ་མཁན་ཨང་རིམ་ཞིག་སྒྲིག་དགོས་ན་ཁམས་པ་མཐའ་མ་དེ་ཆགས་ཀྱི་རེད་ཅེས་གསུངས་ཡོད། དེ་ལ་རྒྱུ་མཚན་མེད་པ་མིན་སྟེ་བོད་ཕྱི་ནང་གཉིས་ནས་ཤེས་རིག་དང་གོ་རྟོགས་ཀྱི་ཆ་ནས་ཁམས་པ་རྗེས་ལུས་ཡིན་པ་གསལ་བོ་རེད། ད་དུང་ཁམས་ས་ཁ་ཤས་སུ་བོད་སྐད་མི་འཁྱོངས་པའི་མི་རབས་ཤིག་འཚར་ལོངས་བྱུང་ཡོད། བཙན་བྱོལ་ནང་གི་སློབ་གྲྭར་འབྱོར་དུས་ཀྱང་ཁམས་ཕྲུག་ཚོས་རྒྱ་སྐད་རྒྱག་སྟངས་དང་། བོད་སྐད་ལ་གཅེས་སྟངས་རྦད་དེ་གཞན་གྱི་དོ་ཟླར་ཡོང་གི་མེད་པ་གསལ་བོ་རེད། འདི་ནི་སྤྱི་ཡོངས་ནས་མ་གཏོགས། རེ་རེར་མཛུབ་མོ་བཙུགས་ན་ཟམ་གདོང་བླ་མ་ལྟ་བུའི་ཁམས་ནས་སྐྱེས་པའི་མཁས་པའང་ཡོད་པ་རེད།

    དེའི་ཕྱིར། ཉི་མ་དེ་རིང་། གོང་དུ་ཆོས་ཉིད་འོད་ཟེར་གྱིས་གསུངས་པ་ལྟར། གླེན་ཤེད་ཀྱི་མཁྲེགས་གཤིས་བསྒྱུར་ནས་མི་རབས་རྒན་པ་ཚོས་ཁམས་པའི་དཀྱེལ་ཡངས་པའི་བློ་རིག་ལ་ས་མཚམས་མི་འབྱེད་པ་དང་། གང་དུའང་ཁམས་པའི་ཨུ་ཚུགས་སྟོན་མི་ཉན་པའི་བསླབ་བྱ་རྒྱགས་རྒྱུ་ནི་གནད་ཀྱི་དོན་པོ་ཞིག་རེད་ལ། མི་རབས་གསར་བ་ཚོས་དཀྱེལ་ཡངས་མནོ་བསམ་ཐོངས་ནུས་པའི་ཁམས་པའི་དཔུང་སྡེ་ཞིག་འཛུགས་རྒྱུ་གལ་ཆེན་རེད་ལ། རྩ་དོན་དང་བདེན་དོན་གྱི་རྗེས་སུ་འབྲངས་རྒྱུ་ལས། ཁེ་ཕན་གར་ཡོད་ཀྱི་རྗེས་སུ་འབྲངས་པའི་ཁམས་པའི་ལས་སྣེ་སྐྱ་སེར་དེའི་རིགས་ཀྱི་བྱེད་སྟངས་ངེས་པར་དུ་བསྒྱུར་དགོས་པ་རེད། དེ་ལྟར་བྱས་ན་བྱུང་རབས་ལ་ངོ་ནོངས་དགོས་མ་རེད་ལ། ཁམས་པས་བོད་ལ་དོན་དམ་པས་ཕན་ཐོག་སྲིད་པ་རེད།

  3. ཚེ་རིང་ནས། says:
    2011-06-23 at 1:12 pm

    དངོས་གནས་ཆུ་བཞི་སྒང་དྲུག་ཚོགས་པ་འདི་ཉིད་གཟི་བརྗིད་ཆེ་ཤོས་ལ་བརྩི་བཞིན་ཡོད། དོན་ཚན་བཅུ་བདུན་ལ་མིང་བརྟགས་བཀོད་མཁན་ཀྱང་མ་རེད། དངུལ་བརྡ་ཡང་ཆར་པ་བབ་སྐབས་ལེན་མཁན་ཀྱང་མ་རེད། བཙོན་བྱོལ་གཞུང་དེ་སྒོ་རྒྱབ་མཁན་ཀྱང་མ་རེད། རྒྱུ་མཚན་དེས་ཆུ་བཞི་སྒང་དྲུག་ལ་མངོན་པར་བསྟོད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme